བོན་རྒྱ་བསྟན་འཛིན་རབ་རྒྱས།
དྲི་བ། རིན་པོ་ཆེ་སྐུ་བདེ་མོ།
ལན། ང་བདེ་མོ་ཡིན་ལགས།
དྲི་བ། ཉེ་བའི་ཆར་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་ཞལ་མ་བཞུགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་དེའི་སྐོར་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
ལན། ལགས་སོ་དེ་ངོ་མ་རེད་ལགས། སྤྱིར་རྒྱལ་བསྟན་སྤྱི་དང་དགོས་སུ་སྔ་འགྱུར་རྙིང་མ་པ་ཡོངས་ལ་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང་ལགས། བོད་ཟླ་༡༡ པའི་ཚེས་༣ ལ་ཨ་རི་ནས་དགོངས་གཞན་དོན་དུ་གཤེགས་པའི་མཛད་པ་ཐ་མ་དེ་བསྟན་པ་རེད། ད་ལྟ་འཛམ་གླིང་གང་སར་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཆོས་བརྒྱུད་འཛིན་མཁན་ཡོངས་ཀྱིས་རང་ནུས་གང་ཡོད་ཀྱིས་འདས་མཆོད་ཀྱིས་མཆོད་འབུལ་ལ་བརྩོན་བཞིན་ཡོད་ལགས།
དྲི་བ། ད་ལྟའི་བར་གདུང་སྲས་རིན་པོ་ཆེ་མཆོག་གི་ཉམས་བཞེས་གཙོ་བོ་དེ་གང་གི་སྐོར་ལ་གནང་བ་རེད། དེས་སྐོར་ཅིག་ཅིག་གསུང་རོགས།
ལན། སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་ཉམས་བཞེས་གཙོ་བོ་འདི་རེད་ཅེས་གང་ཟག་བདག་འདྲ་བོ་ཞིག་གིས་ཐག་བཅོད་ཧ་ཅང་གི་དཀའ་མོ་རེད། ཡིན་ནའང་། གཙོ་བོ་ནི་ཡབ་རྗེ་རིག་འཛིན་ཆེན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་སྐུ་ཕྲེང་གོང་འོག་གི་ཟབ་གཏེར་ཡོངས་སུ་རྫོགས་པ་ཐུགས་ཉམས་སུ་བཞེས་གནང་གི་ཡོད་པ་རེད་ལགས། དེ་བཞིན་དུ་སྐྱབས་རྗེ་ཏིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་དང་། བླ་མ་ཨོ་རྒྱན་རིག་འཛིན། གྲུབ་བརྒྱའི་གཙུག་རྒྱན་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྒྱུད་ལུང་མན་ངག་རྒྱ་མཚོའི་མཛོད་འཛིན་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སོགས་སྔ་འགྱུར་རྙིང་མ་བའི་མཁས་གྲུབ་ཀྱི་སྐྱེས་ཆེད་དམ་པ་རྒྱ་མཚོ་ལྟ་བའི་དྲུང་ནས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྐོར་ཡོངས་རྫོགས་མ་ལུས་པ་ཐམས་ཅད་གསན་བསམ་མཐར་ཕྱིན་པ་གནང་ཡོད་པ་རེད་ལགས། དེ་བཞིན་ཡབ་རྗེ་བདུད་འཇོམས་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ཞལ་ནས། རིགས་ཀྱིས་བུ་འཇིགས་མེད་ཕྲིན་ལས་ནོར་བུ་འདི་ལ་བདུད་འཇོམས་གླིང་པའི་སྐུ་ཕྲེང་གོང་འོག་གཉིས་ཀྱི་ཟབ་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་བཀའ་རྫོགས་ལུང་རྫོགས་སུ་གདམས་ཡོད་པས་ཁྱོད་ཀྱིས་དོན་རྒྱུད་ཀྱིས་གཉེར་ཁ་ཐུབ་པར་གྱིས་ཤིག་ཅེས་གསུངས་ཡོད་པ་རེད་ལགས།
དྲི་བ། ད་ལྟའི་བར་ཁོང་གིས་མཛད་པའི་གསུང་འབུམ་སྐོར་མང་ཆེ་བ་དབྱིན་ཡིག་སྟེང་ཡོད་པ་འདྲ། བོད་ཡིག་སྟེང་ག་ཚོད་བཞུགས་ཀི་རེད། སྤྱི་ཡོངས་ཁོང་གི་གསུང་འབུམ་སྐོར་དེ་ངོ་སྤྲོད་ཅིག་གནང་རོགས།
ལན། སྐྱབས་རྗེ་རྡོ་རྗེ་འཆང་གི་རྟོགས་པ་ཆོས་སྐུའི་མཆོད་སྡོང་གི་ཆེད་དུ་ཕྱི་རབས་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་གྱིས་ལམ་ལ་འདྲེན་པའི་ཆེད་དུ་རྡོ་རྗེ་འཆང་རང་ཉིད་ཀྱི་འདྲ་འབག་སུ་བཞག་པའི་ཆོས་སྐོར་ཧ་ཅང་པོ་ཡོད་དེ། བོད་ཡིག་གི་ཐོག་ལ་པོད་ཆེན་གསུམ་དང་། དེ་བཞིན་དུ་དབྱིན་ཡིག་གི་ཐོག་ལ་ཡོད་པའི་པོ་ཏི་རྣམས་ཀྱི་ཞལ་བྱང་ནི། གསེར་གྱི་ལྡེ་མིག་ཆུང་ངུ་དང་། ཆོས་གཏམ་སྣ་ཚོགས་པའི་གཏམ་གྱི་བྲག་ཆ་དང་། སྔར་གྱི་ལོ་རྒྱུས་སྒྲུང་གཏམ་ཐོར་བུ་དང་། ཤར་ཕྱོགས་གངས་རིའི་རྒྱུད་ཀྱི་མི་རིགས་ཤིག་གི་གཏམ་རྒྱུད་དང་། ལྟ་བ་མི་འདྲ་བ་སྐོར་རགས་ཙམ་བརྗོད་པ་བ་དན་དཀར་པོ་ཅན་གྱི་གྲུ་གཟིངས་དང་། ཕྱི་ནང་འབྱུང་ལྔ། ཨི་རྟེན་འབྲེལ་གྱི་བཤད་པ་རྒ་བསྡུས་སྒྱུ་མའི་ཟློས་གར་དང་། ཕྱི་རྒྱལ་བའི་བླ་ཆེན་འགའ་ཞིག་གིས་ཞེན་ཁོག་གིས་ནང་བའི་ཆོས་དང་གང་ཟག་ལ་དམའ་འབེབ་སྨྱོན་བརྗོད་བྱས་པའི་དེབ་འགའ་ཞིག་གི་ལན་མཁའ་འགྲོ་མའི་ཕྲིན་ཡིག་དུས་ཀྱི་ཕོ་ཉ་སོགས་མང་པོ་ཡོད་པ་རེད་ལགས། སྤྱིར་སྐྱབས་རྗེ་རྡོ་རྗེ་འཆང་གི་གསུང་དེ་རྣམས་ཀྱིས་ནང་ནས་གཙོ་བོ་དབྱིན་ཡིག་གི་ཐོག་ལ་ཡོད་པ་དེ་རྣམས་ནི་དེང་དུས་ཀྱིས་དུས་རབས་ཀྱི་འགྲོ་བ་མིའི་སེམས་ཁམས་དང་མཐུན་པའི་ལྟ་སྒོམ་སྤྱོད་པའི་ངོ་སྤྲོད་དང་། ལྷག་པར་དུ་ཆོས་མིན་ཆོས་སུ་བརྫུས་ནས་མི་ཆོས་བླ་མའི་རྫུན་བྱེད་མཁན་གྱི་ཕྱི་གླིང་གི་མི་རིགས་ཀྱི་བླ་རྫུན་རྣམས་དང་། ནང་ཆོས་ལ་དུག་བཞིན་སྡང་བའི་ཕྱི་རོལ་བ་རྣམས་ལ་ལོག་སྨྲ་ཚར་གཅོད་ཀྱི་གསུང་ཤ་སྟག་ཡིན་པས་ཧ་ཅང་གི་ནང་པ་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཞིག་དང་། སྤྱིར་བཏང་གི་སྐྱབས་རྗེ་རྡོ་རྗེ་འཆང་ཁོང་ཉིད་འདོད་ཆུང་ཆོག་ཤེས་ཇོ་བོ་བཀའ་གདམས་པའི་སྤྱོད་པ་ཁོ་ན་ལ་བཞུགས་གནང་གི་ཡོད་པ་རེད་ལགས། གསུང་རབ་རིན་པོ་ཆེ་བོད་ཡིག་གི་ཐོག་ཏུ་བཞུགས་པ་ལ་པོད་ཆེན་གསུམ་ལས། པོད་དང་པོ་ལ །༡༽ བླ་མ་དཔལ་རྡོར་གྱིས་བསྐུལ་ངོར་མཛད་པའི་རང་རྣམ་ཤིན་ཏུ་བསྡུས་པ། ༢༽ བླ་མ་རྒྱང་འབོད། ༣༽ བླ་མ་རྒྱང་འབོད་ཀྱི་འགྲེལ་བ་དྲི་ཟའི་བུ་མོའི་ཏམྦུ་རའི་སྒྲ་དབྱངས། ༤༽ ཡབ་རྗེ་རིག་འཛིན་ཆེན་པོའི་སྐྱེས་རབས་གསོལ་འདེབས་མུཀྟི་ཀའི་དོ་ཤལ། ༥༽ འཁྲུངས་རབས་གསོལ་འདེབས་མུཀྟི་ཀའི་དོ་ཤལ་གྱི་འགྲེལ་བ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་ཕྲེང་བ་བཅས་ཆོས་ཚན་ལྔ་དང་། པོད་གཉིས་པ་ལ། ༡༽ གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ། ༢༽ ཁྲག་འཐུང་བདུད་འཇོམས་གླིང་པའི་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྡེའི་ཁོངས་སུ་བཞུགས་པའི་གཏེར་གསར་སྔོན་འགྲོ་བསྡུས་པའི་ཁྲིད་ཡིག་གོ་བདེ་ཆུ་འབེབས་ཀྱི་ཚུལ་དུ་བཀོད་པ། ༣༽ མཁའ་འགྲོའི་བསྐང་བསྡུས་པདྨའི་རྒྱུད་མང་། ༤༽ ཚོགས་བསྐང་པདྨའི་རྒྱུད་མང་གི་དོན་འགྲེལ་ཉི་མ་གཞོན་ནུའི་འོད་ཟེར། ༥༽ གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མ། ༦༽ གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མའི་འགྲེལ་བ་སྐལ་ལྡན་ གདུལ་བྱའི་དད་དམ་པདྨོའི་འདབ་བརྒྱ་ཅིག་ཅར་དུ་གྲོལ་བར་བྱེད་པའི་ཉི་གཞོན་བྱིན་རླབས་འོད་ཟེར་སྟོང་ལྡན་བཅས་ཆོས་ཚན་དྲུག་དང་། པོད་གསུམ་པ་ལ། ༡༽ གསོལ་འདེབས་ཀྱི་རིགས་ལ། རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་དང་། ཁང་གསར་བསྟན་པའི་དབང་ཕྱུག བླ་མ་བསོད་ནམས་ཚེ་རིང་། རྣལ་འབྱོར་མ་པདྨ་གསལ་སྒྲོན། སྤེན་པ་དགེ་སློང་ཀློང་གསལ་རྡོ་རྗེ། རྣལ་འབྱོར་བ་ངག་དབང་སངས་རྒྱས་སོགས་ཀྱིས་བསྐུལ་མ་ཞུས་པའི་གསོལ་འདེབས་ཁག་བཅུ་གཉིས་དང་། ༢༽ བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོའི་དཀར་ཆག་མདོར་བསྡུས་པའི་ཚུལ་གྱིས་བཀོད་པ་ནོར་བུ་བཻཌཱུརྱའི་དོ་ཤལ། ༣༽ གནས་མཆོག་སྤ་གྲོ་སྟག་ཚང་ལ་སྲི་ཞུ་བསྒྲུབ་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པ། ༤༽ མྱུར་བྱོན་གསོལ་འདེབས་ཀྱི་རིགས་ལ། ཡབ་རྗེ་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། ཏིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ། གྲུབ་དབང་པདྨ་ནོར་བུ། རྫོང་ནང་མཆོག་སྤྲུལ་འཇམ་དཔལ་བློ་གྲོས་སོགས་ཀྱི་མྱུར་བྱོན་གསོལ་འདེབས་ཁག་བཅུ་གཉིས་དང་། ༥༽ ཞབས་བརྟན་གསོལ་འདེབས་ཀྱི་རིགས་ལ། ཡབ་རྗེ་གྲུབ་བརྒྱའི་གཙུག་རྒྱན་ཆེན་པོ་དང་། ཏིལ་མཁྱེན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་མཛད་པའི་གདུང་སྲས་རིན་པོ་ཉིད་ཀྱི་ཞབས་བརྟན་དང་། སྤྲུལ་སྐུ་ཞི་བའི་བློ་གྲོས་ཀྱིས་བསྐུལ་ངོར་ཁོང་ཉིད་ཀྱིས་ཉིད་ལ་མཛད་པའི་ཞབས་བརྟན། ཡབ་རྗེའི་སྐྱེ་སྤྲུལ་གྱི་ཞབས་བརྟན། ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཞབས་བརྟན། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་ཞབས་བརྟན། མཁོ་ཁྱིམ་རིན་པོ་ཆེའི་ཞབས་བརྟན། གཟན་དཀར་རིན་པོ་ཆེའི་ཞབས་བརྟན། དགའ་རབ་རྡོ་རྗེའི་ཞབས་བརྟན་སོགས་ཞབས་བརྟན་གྲངས་ཞེ་གཉིས་དང་། ༦༽ རྒྱུན་ཁྱེར་ཆོག་ཁྲིགས་ཁག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། རྒྱུན་གྱི་ཁ་ཏོན། མར་མེའི་སྨོན་ལམ། མི་ཕམ་རིན་པོ་ཆེས་མཛད་པའི་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ལ་རྒྱུན་གྱི་ཆོས་སྤྱོད་ཁྱེར་བདེས་བརྒྱན་པ། མི་ ཕམ་རིན་པོ་ཆེས་མཛད་པའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ བྱིན་རླབས་ཆར་འབེབས་ལ་རྒྱུན་གྱི་ཆོས་སྤྱོད་ཁྱེར་བདེས་བརྒྱན་པ། ཁྲག་འཐུང་བདུད་འཇོམས་གླིང་པའི་ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་ སྡེའི་ཁོངས་སུ་བཞུགས་པའི་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི་སྒྲུབ་ཐབས་ཤིན་ཏུ་ བསྡུས་པ། ཁྲག་འཐུང་བདུད་འཇོམས་ གླིང་པའི་ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྡེའི་ཁོངས་སུ་བཞུགས་པའི་ཁྲོ་ཆེན་ རྣམ་པར་རྒྱལ་བའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དཔལ་ཆེན་དགྱེས་པའི་བཞད་སྒྲ། སྐལ་ ལྡན་རྣམས་དུས་ཀུན་ཁྲོས་མ་ནག་མོའི་ཉམས་ལེན་ལ་འཇུག་པ་མཆོག་ཏུ་བདེ་བའི་ཆེད་དུ་ ཡང་གསང་གི་སྒྲུབ་པ་རྡོ་རྗེའི་སྙིང་པོ་རིགས་མཐུན་ཁ་སྐོང་ལྷན་ཐབས་བཅས་དཀྱུས་ གཅིག་ཏུ་བཀོད་པ། སྤྲོས་པ་མ་ལྕོགས་པའི་ཉམས་ལེན་གསར་བུ་པ་རྣམས་རྒྱུན་དུ་འཇུག་པ་བདེ་ བའི་ཚོགས་བསགས་སྒྲིབ་སྦྱོང་གི་ཉམས་ལེན་གནད་འདུས་དངོས་གྲུབ་ཆར་འབེབས་རྣམས་ དང་། ༧ ༽ གསུང་ཐོར་བུ་སྣ་ཚོགས་ཀྱི་སྐོར་ལ། སྨིན་གླིང་གཏེར་ཆེན་གྱི་གསོལ་འདེབས་གདོད་ནས་རྣམ་དག་མའི་འགྲེལ་བ། ཞལ་གདམས་སྨོན་ལམ་གསུང་གི་དབང་ཕྱུག་མ། གྲུབ་དབང་པདྨ་ནོར་བུའི་གསོལ་འདེབས་ལྔ་བརྒྱའི་གཙུག་རྒྱན་མའི་འགྲེལ་བ། བླ་མ་ཀུན་བཟང་དབང་འདུས་དང་། སློབ་དཔོན་ཡེ་ཤེས་དོན་གྲུབ་སོགས་ཀྱི་དྲིས་ལན་ཞལ་གདམས། ཕུར་བའི་དཀྱིལ་འཁོར་དང་སྲས་མཆོག་སོགས་ཀྱི་རྣམ་བཤད། མ་དག་པའི་དུག་གསུམ་ལམ་དུས་སུ་བདེ་གསལ་མི་རྟོག་པ་གསུམ་དང་འབྲས་དུས་སུ་སྐུ་གསུམ་དུ་འཆར་ཚུལ་སོགས་ཀྱི་བཤད་པ། ཐ་མལ་ཤེས་པ་ཟངས་ཀ་རྒྱ་ཡན་ལ་སོགས་ཀྱི་རིན་ཐང་གཞལ་མེད་ཀྱི་དྲིས་ལན་ཁག་བཞི། ན་མོ་གུ་རུ་སོགས་བསམ་ཡས་རྗེས་དྲན་གླིང་ལ་གནང་བའི་སྨོན་ལམ། ན་མོ་གུ་རུ་སོགས་སློབ་དཔོན་རིན་པོ་ཆེའི་གསོལ་འདེབས། གླིང་བཞིར་འཁོར་ལོས་སོགས་སངས་རྒྱས་སྐུ་སྟོང་རྩའི་སྐུ་བརྙན་བཞེངས་པའི་ཡོན་སྦྱོར་གྱི་ངོར་མཛད་པའི་སྨོན་ལམ། པར་བྱང་སྨོན་ཚིག་ཁག་གསུམ་སྟེ་ཆོས་ཚན་གོ་གཉིས་བཅས་ཁྱོན་པོད་ཆེན་གསུམ་ལ་རགས་པའི་ཆོས་ཚན་བརྒྱ་དང་གསུམ་ཙམ་བཞུགས་པ་རེད་ལགས།
དྲི་བ། ཁོང་གི་ཞལ་སློབ་གཙོ་བོ་དག་སུ་སུ་ཡིན་དང་དེ་དག་གི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། སྐྱབས་རྗེ་རིན་པོ་ཆེ་ཞལ་སློབ་ནི་སྤྱིར་བོད་ཕྱི་ནང་གཉིས་ལ་ཡོད་པས་ད་ལྟའི་སྐབས་སུ་ཞལ་བཞུགས་པའི་སྐྱེས་ཆེན་དམ་པ་ཐམས་ཅད་ཁོང་གི་ཞབས་ལ་མ་གཏུགས་པ་ཧ་ལམ་མེད་པ་རེད་ལགས། རྒྱ་བལ་འབྲུག་གསུམ་ལ་སྐྱབས་རྗེ་མཆོག་གི་ཞལ་སློབ་ནི་ནམ་མཁའི་སྐར་མ་དང་སའི་རྩི་ཤིང་ནང་བཞིན་རེད་ལ། ལྷག་པར་དུ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་དགའ་རབ་རིན་པོ་ཆེ་རྣམ་པ་གཉིས་ནི་དམ་པ་གང་གི་གདུང་སྲས་ཡིན་པ་དང་། དེ་བཞིན་དུ་ཨ་མི་རི་ཀ་དང་ཡོ་རབ་ཕྱོགས་གང་སར་སྐྱབས་རྗེ་མཆོག་གི་ཞལ་སློབ་མང་པོ་ཡོད་པ་རེད་ལགས། ཐེ་ཝན་དམག་ཧོན་ཀོང་སོགས་ཁོང་གི་སློབ་ཚོགས་ཧ་ཅང་གི་མང་པོ་ཡོད་རེད། ལྷག་པར་ད་ལྟ་ཞལ་བཞུགས་པའི་འབྲུག་རྒྱལ་ཡབ་སྲས་གཉིས་ཡང་སྐྱབས་རྗེ་མཆོག་གི་ཞལ་སློབ་ཡིན་པ་རེད། དེ་མིན་སྐྱབས་རྗེ་མཆོག་གི་ཞལ་སློབ་སོ་སོའི་མཚན་ཡོངས་རྫོགས་བརྗོད་ཡུལ་ལས་འདས་པ་ཡིན།
དྲི་བ། དེ་ནས་དེང་སང་སློབ་རྒྱུན་ཁག་དང་རིས་སུ་མ་ཆད་པའི་དགོན་སྡེ་དང་ཆོས་ཚོགས་ཁག་གི་ནང་ཁོང་གི་གདུང་མཆོད་རྒྱ་ཆེན་གནང་གི་ཡོད་པ་འདྲ། དེས་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། སྐྱབས་རྗེ་རིན་པོ་ཆེ་དགོང་པ་ཆོས་དབྱིངས་སུ་ཕེབས་ནས་དེ་རིང་བར་ཉིན་གྲངས་དྲུག་ཙམ་སོང་བའི་རིང་ལ་བོད་ཕྱི་ནང་གཉིས་ལ་ཡོད་པའི་དགོན་སྡེ་ཁག་དང་སློབ་བརྒྱུད་ཡོངས་ཀྱིས་མ་སྐུལ་དང་བླང་གི་ཐོག་ནས་དགོངས་རྫོགས་ཧ་ཅང་གི་རྒྱ་ཆེན་གནང་གི་ཡོད་པ་གོ་ཐོས་འདུག་ལགས།
ལྷག་པར་དུ་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་སློབས་ཚོགས་ཡོངས་ཀྱིས་རང་ནུས་གང་ལྕོག་གིས་བླ་མའི་དགོངས་རྫོགས་ལ་འབད་བཞིན་ཡོད་པ་རེད་ལགས།
དྲི་བ། དེ་ནས་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ཡོངས་རྫོགས་ནང་ན་གདུང་མཆོད་རྒྱས་པ་གནང་གི་ཡོད་པ་འདྲ། དེའི་སྐོར་དང་རིན་པོ་ཆེ་མཆོག་དང་ཁྱེད་རྣམ་པ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་དབང་ལུང་མན་ངག་གི་འབྲེལ་བའི་སྐོར་དེ་གསུང་རོགས།
ལན། སྐྱབས་རྗེ་རྡོ་རྗེ་འཆང་ཁོང་ནི་ངོས་ཀྱིས་རིག་བདག་དོན་ཀྱི་བདག་པོ་ཡིན་པས་ཁོང་གི་བཀའ་དྲིན་ཆེ་ཞིག་ས་སྟེང་འདི་ན་མེད་པ་ཡིན་པས་བརྗོད་ཡུལ་ལ་འདས་པ་རེད་ལགས། ཁོང་གི་མདུན་ནས་དབང་ལུང་གང་ཐོབ་ཐམས་ཅད་འདིར་བརྗོད་འདོད་མེད་ཀྱང་གང་ལྟར་སྐྱབས་རྗེ་རྡོ་རྗེ་འཆང་གི་བཀའ་དྲིན་ཆེ་ཞིག་ང་ལ་མེད་པ་ཡིན་ལགས། ད་ལྟའི་སྐབས་སུ་གུས་པའི་ཆོས་ཚོགས་ཡོངས་ཀྱིས་ཉིན་དང་པོ་ནས་ཉིན་བརྒྱད་ཀྱི་རིང་ལ་ཞི་ཁྲོ་ན་རག་དུང་སྤྲུག་གི་སྒོ་ནས་གང་ཐུབ་མཆོད་འབུལ་བྱེད་བཞིན་ཡོད་།
དྲི་བ་དྲི་ལན་ཡག་པོ་གནང་འདུག། ནམ་མཁའ་རིན་པོ་ཆེ་ཞུ་བ་དེ་མཁས་དབང་ནམ་མཁའ་ནོར་བུ་ཡིན་ནམ། ཁམས་རྫ་ཆུ་ཁ་པ་ནམ་མཁའ་རིན་པོ་ཆེ་རེད།
སྐྱེས་བུ་དམ་པ་གདུང་སྲས་འཕྲིན་ལས་ནོར་བུ་འདི་ཉིད་དགོངས་པ་རྫོགས་པ་ཐོས་པ་དང་། རྒྱལ་བ་༧ གོང་ས་མཆོག་དང་ཀརྨ་པ དང་ས་སྐྱ་བདག་ཁྲི རིན པོ་ཆེ་སོགས་ལ་ཐུགས་སྨོན་ཞུ་རྟེན་ཕུལ་བ་ཡིན། ང་ཚོ་སློབ་མ་་འགས་གནས་མཆོག་འདིར་ན་རག་དོང་སྤྲུག་སོགས་མཉམ་ཚོགས་ཞུས།
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་།།
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།
བདག་གཞན་མ་ལུས་ཚོགས་བསགས་འགྲུབ་གྱུར་ནས་།།
མྱུར་དུ་སངས་རྒྱས་ས་རུ་འགོད་པར་ཤོག།
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་།།
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།
བདག་གཞན་མ་ལུས་ཚོགས་བསགས་འགྲུབ་གྱུར་ནས་།།
མྱུར་དུ་སངས་རྒྱས་ས་རུ་འགོད་པར་ཤོག།
ནམ་མཁའ་རིན་པོ་ཆེ་ཞེས་པ་ཁོང་ནི་ཕལ་ཆེ་སྤྲུལ་སྐུ་ནམ་མཁའི་སྙིང་པོ་ཡིན་མིན་གྲོ་ཁོང་ནི་འབྲུག་པ་རེད།།
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་།།
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།།
བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས།།
མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག།
ཅེས་སེམས་གཏིང་ནས་སྨོན་ནོ།།
མི་སུ་ཞིག་ཡིན་མིན་གྱི་གནས་ཚུལ་ཅུང་ཙམ་མེད་པ་ངོ་བསྟོད་ཁོ་ནས་བྲིས་གནས་ཚུལ་འདི་ལ་ཡིད་རྟོན་བྱེད་པ་དཀའ། དེ་ནི་གནས་ཚུལ་ངོ་སྤྲོད་བྱེད་སྟངས་ཡང་དག་ཅིག་མ་རེད།
ནམ་མཁའ་རིན་པོ་ཆེ་དང་། སྤྲུལ་སྐུ་ནམ་མཁའི་སྙིང་པོ་གཉིས་ཁ་ཁ་རེད། ནམ་མཁའ་རིན་པོ་ཆེ་ངས་མཇལ་མ་མྱོང་ཡང་ཁོང་ནི་རྒྱ་གར་ཨུ་རི་ས་གཞི་ཆགས་སམ། བལ་ཡུལ་དུའང་བཞུགས་མཁན་ཡིན་པ་འདྲ། ཕ་ཡུལ་ཁམས་བས་ཡིན་ས་རེད། ཆོས་ལུགས་བཀའ་རྙིང་ཟུང་འབྲེལ་གནང་མཁན་མིན་འགྲོ་སྤྲུལ་སྐུ་ནམ་སྙིང་འཁྲུངས་ཡུལ་འབྲུག་ནས་ཡིན། འདུལ་བ་འཛིན་པ་དང་སྔ་འགྱུར་རྙུང་མའི་རྡོ་བྲག་གཏེར་ཆོས་ཉམས་བཞེས་གནང་མཁན་ཞིག་རེད་། ས་དགེ་བཀའ་གསུམ་ལ་ཉམས་བཞེས་གནང་༧སྐྱབས་མགོན་རིན་པོ་ཆེད་ཐུགས་མཉེས་སའི་སྤྲུལ་སྐུ་སྡ་གཙང་རེད། དེང་སང་འབྲུག་ཕུན་ཚོགས་གླིང་ལ་བཀའ་མའི་དབང་ལུང་གནང་གི་ཡིད་རེད།
ནམ་མཁའ་རིན་པོ་ཆེས་གཅར་འདྲི་གནང་བའི་ཐོག་ནས་གལ་ཆེའི་གནས་ཚུལ་འདི་བཞིན་ཧ་ཅང་ཞལ་གསལ་པོའི་ཐོག་ནས་དྲ་ཐོག་ཏུ་འགོད་གནང་བར་ཐུགས་རྗེ་ཆེ་ཞུ།
ཡིག་ནོར་ཤོར་བཞག ནམ་མཁའ་རིན་པོ་ཆེས་གཅར་འདྲི་དང་ལེན་གནང་བའི་ཐོག་ནས་ཞེས་པར་བཅོས་རོགས།
གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་ལོ་ངོ་སུམ་ཅུ་སོ་གྲངས་སྔོན་དུ་མཇལ་བའིསྐལ་བཟང་བྱུང་། ཉམ་ཆུང་ཚུལ་ལྡན་གྱིས་བཞུགས་པ་དྲན་ཅིང་། བདག་རང་དང་དགུང་ལོ་འདྲ་བ་ཞིག་ཀྱང་དྲན། ཨི་ཤུའི་བླ་ཆེན་སྔོན་མ་སྐུ་གཤེགས་པ་དེས། སངས་རྒྱས་པའི་ལྟ་སྒྲུབ་ལ་དགག་པ་བརྒྱབས་པ་དེ་ལ། འཐད་ལྡན་གྱི་དགག་ལན་ཨིན་སྐད་དུ་བྲིས་པ་དེ་བཀླགས་མྱོང་བས། ཨིན་སྐད་ལེགས་པར་མཁྱེན་པའི་རྟོགས་པ་མཐོན་པོ་བཞུགས་སྙམ་པ་བྱུང་ངོ་། །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།
སྐད་གཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
སྐུ་མྱ་ངན་ལས་འདས་པ་དང་། ད་ལྟ་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་དེ་ལྟར་སེམས་པ་ལ་འབད་གརྩོན་ཞུའོ། །
ལ་དགས་བླ་ོ་བཟང་ལགས། ཁྱེད་དགུང་ལོ་ག་ཚོད་ཟིན་ཡོད་དམ།
ངས་བསམ་པར་ཁྱེད་ཀྱི་ང་རང་དང་དགུང་ལོ་འདྲ་བར་གསུངས་འདུག་པས། དགོངས་འགལ་མེད་པ་ཁྱེད་དགུང་ལོ་བརྒྱད་ཅུ་གྱ་གྲངས་ནང་ཕེབས་ཡིན་ས་རེད་། ཁོང་དགུང་༨༢ འམ་༨༤ གང་རུང་རེད།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།
སྐད་གཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
ཅི་མཛད་ལེགས་མཐོང་གི་དུས་རབས་ཡོལ་ཟིན་ཡང་ད་དུང་དྲ་ཐོག་ཏུ་དེ་འདྲའི་་གཏམ་སྨྲ་མཁན་མང་དུ་མཐོང་པས་ཡ་མཚན་སྐྱེས།
དྲང་སྲོང་ལེགས། གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་ཞབས་དགུང་གྲངས་གྱ་གཉིས་ལས་ལྷག་པ་ཡིན་ཚེ། ངས་ནོར་འདུག དགོངས་དག ད་ང་མགྱོགས་པོར་བརྒྱད་ཅུ་ལོན་གྲབས་ཡོད། བོད་ལྟར་ན་དོན་དགུ་དང་། སྤྱི་ལོ་ལྟར་ན་དོན་བརྒྱད་ལགས། རྒྱ་གར་ཧིནད་སྐད་དུ། ལུས་འཕྲོད་བསྟེན་སྐོར། རྗེ་བཙུན་བླ་མ་དམ་པ་ཁུ་ནུ་རིན་པོ་ཆེས་བཀླགས་ཟིན་པ་རྣམས་བདག་ཅག་སྐུ་མདུན་དུ་མཇལ་མཁན་ཀུན་ལ་སྩལ། དེ་དག་ན། ཟན་དཀྱུས་མ་ཟ། གོས་དཀྱུས་མ་གྱོན། ལུས་ལ་ཉི་འོད་ཕོག་དགོས། རླུང་གཙང་མ་ཡོད་སར་རྐང་འགྲུལ་རྒྱབ་དགོས། ཆུ་གྲང་མོས་ལུས་འཁྲུད་དགོས། བྱ་བ་དེལ་སོགས་པ་གང་ཐུབ་བྱེད་པས་ལུས་ཁམས་བདེ་ཐང་ཡིན་ཀྱང་། ནམ་འཆི་ངེས་མེད་ལགས་པར་སེམས་སོ།།
བསགས་པ་ཀུན་གྱི་མཐའ་ཟད་ཅིང༌།
བསླང་བའི་མཐའ་ནི་འགྱེལ་བར་འགྱུར།
ཕྲད་པའི་མཐའ་ནི་འབྲལ་བ་སྟེ།
གསོན་པའི་མཐའ་ནི་འཆི་བ་ཡིན།། ༢༢ །། ཆེད་ཚོམས། ལེའུ་ ༡
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་ནམ་རྒྱུན་རིན་ཐང་ཅན་གྱི་ཟིན་བྲིས་སྤེལ་ཀྱིན་ཡོད་པ་མཇལ་བས་དགའ་ཡོད། ཁྱེད་ལ་གུས་འདུད་ཞུ།
དྲྭ་གྲོགས་ཚོར་གཅར་འདྲི་ཞུས་ཡུལ་ནམ་མཁའ་རིན་པོ་ཆེ་འདིའི་སྐོར་ངོ་སྤྲོད་ཅིག་གནང་རོགས་ཞུས་ཡང་ལན་གསལ་གང་ཡང་མི་འདུག། ངར་གཞན་དག་དམིགས་ཡུལ་གང་ཡང་མེད། ནམ་མཁའ་རིན་པོ་ཆེ་ཞུ་བ་བོད་ཀྱི་བླ་སྤྲུལ་ཁ་ཤས་ཡོད་པས་དེ་དག་ནང་ནས་སུ་ཡིན་ཤེས་འདོད་ཙམ་ཡིན། དཔེ་ན། དེང་སྐབས་སུའི་སི་སོགས་ཡོ་རབ་ཁུལ་དུ་ཆོས་ཚོགས་མང་པོའི་བདག་པོ་ཁམས་རྫ་ཆུ་ཁ་ནས་ཡིན་པའི་ནམ་མཁའ་རིན་པོ་དང་། རྒྱ་གར་ཨུ་རི་སར་བཞུགས་པའི་ཁམས་རི་བོ་ཆེ་ནས་ཡིན་པའི་སྤྲུལ་སྐུ་ནམ་མཁའ་རིན་པོ་ཆེ། ཡོ་རབ་ཨི་ཏྲ་ལིར་བཞུགས་པའི་ཁམས་སྡེ་དགེ་ནས་ཡིན་པའི་གཟི་བའི་འཕྲེང་བ་སོགས་ལོ་རྒྱུས་རྩོམ་པ་པོ་མཁས་དབང་ནམ་མཁའ་སྙིང་པོ་རིན་པོ་ཆེ་སོགས་རྙིང་མའི་ཆོས་རྒྱུད་འཛིན་པའི་ནམ་མཁའ་རིན་པོ་ཆེ་དེ་རྣམས་ཀྱི་ནང་ནས་གཅིག་ཡིན་ངེས། ད་དུང་ཡང་འབྲུག་ནས་ཡིན་པའི་སྤྲུལ་སྐུ་ནམ་མཁའ་རིན་པོ་ཆེ་ཞུ་བ་ཞིག་ཀྱང་ཡོད་ཚུལ་གོང་དུ་དྲྭ་གྲོགས་གཅིག་གིས་གསུངས་འདུག།
༡༽ད་ལྟ་འདི་ནི་གདུང་སྲས་འཕྲིན་ལས་ནོར་བུའ་སློབ་མ་དེ་ཨོ་རི་ས་བཞུགས་མཁན་ནམ་རིན་པོ་ཆེ་ཞུས་མཁན་རེད། ཁོང་རང་ཉིད་ཀྱང་དགུང་ཆེ་ཙམ་ཡིན། ཞིང་གཤེགས་ཨ་འཛིན་རིན་པོ་ཆེའི་གཉེན་ཚན་རེད། བཀའ་རྙིང་ཟུང་འབྲེལ་གནང་མཁན་ཞིག་རེད།
༢༽སི་སུ་ཡོད་མཁན་ནམ་མཁའ་དེ་ང་ཚོ་འདྲ་བོ་ཀ་ཅ་གསར་འབྱོར་ཞིག་རེད་འདུག་བུ་ལ་བསོད་ནམས་དང་འཇོན་ཐང་ཡོད་ན་ངར་མ་ཡོང་ནི་རེད། ཁོ་རང་དགེ་ལྡན་དང་རྙིང་གཉིས་མའི་དགོན་ལ་ཽ་ཡུལ་ལ་རོག་ཡག་སེ་གནང་གུ་འདུག་དགུང་ལོ་༥༠ ནང་སྐོར་རེད།
༣༽ཨི་ཊ་ལི་ནམ་སྙིང་དེ་ནི་དགུང་ལོ་ཆེ་ཙམ་ཡིན་འདུག་བོན་ཆོས་ཟུང་འབྲེལ་རེད།
༤༽ འབྲུག་ལ་བཞུགས་མཁན་དེ་སྤྲུ་སྐུ་ནམ་སྙིང་ཞུས་མཁན་དེ་རེད། དགུང་ལོ་གཞོན་ཙམ ཞིག ཡིན་པ་འདྲ། ཁོང་རབ་བྱུང་སྡོམ་གཙངམ་་ཞིག་ཡི་ནི་རེད། ཡབ་ཡུམ་འབྲུག་ནས་རེད། ངོས་འཛིན་ཀརྨ་པས་གནང་ཡོད་འདུག་ཁོང་ས་སྐྱ་དང་རྙིང་ཟུང་འབྲེལ་རེད། འབྲུག་རྒྱལ་སྲས་མོ་རྣམས་ནས་ཁོང་ལ་རེ་བ་རྒྱབ་ཀྱང་ཁོང་རང་ཚུགས་མ་ཤོར། གཞན་སེམས་ཀྱང་མ་འཁྲུགས་སྐུ་འཁོར་དད་འདུན་ཡག་དེ་ཡོད་འདུག མ་ཟད་ད་ལྟ་ཁོང་སྐུ་མཇེ་རིན་པོ་ཆེ་སྨུག་ཆ་དང་ནོར་བུ་འོད་མདང་ངང་ལ་བཞུགས་ཡོད་སྐད་འདུག།
༄། ངས་གོང་ལ་ཀམ་ཚང་གང་དགའ་སྤྲུལ་སྐུ་ཟེར་བ་དེ་ཡིན་ས་མ་རེད། མིང་ངོ་མ་དེ་གངས་དཀར་སྤྲུལ་སྐུ་རེད་ཟེར།་འབྲུག་གི་མོ་ཌ་གཉིས་ཤོར་ཡོད་དེ་རེད་ཟེར། བླ་མ་རྣམས་པ་མ་འོངས་པ་མས་དེ་འདྲ་རིགས་མ་གནང་རོག རྒྱ་གར་ལ་མོ་ཌ་ཉོ་རྒྱུ་ཡོད་རེད།
རྒན་ལ་དྭགས་པ་མཆོག་དགུང་ལོ་དེ་ཙམ་སྟེང་ད་དུང་དྲྭ་རྒྱ་སོགས་ནས་རང་ནུས་ཅི་ཡོད་ཀྱིས་བོད་ཡིག་སྲུང་སྐྱོབས་དང་ལེགས་སྤེལ་ཉེས་འགོག་གི་བྱ་བ་ལ་བརྩོན་བཞིན་ཡོད་པར་དགའ་སྤྲོ་བརྟས། འཕྲོད་རྟེན་ནི་ལུས་སེམས་བདེ་ཐང་གི་འགན་འཛིན་གཙོ་བོ་ཡིན་པས། ཉིད་ནས་ད་དུང་རྒྱུད་བཞིའི་ནང་ཚན་བཤད་རྒྱུད་ནང་ཟས་ཀྱི་ལེའུ་དང་སྤྱོད་ལམ་གྱི་ལེའུ་དག་གཟིགས་ཐུབ་ན་དགེ་མཚན་ཆེ་བར་མཐོང་། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་ཡོད།
འཕྲོད་བསྟེན། ཞེས་བཅོས་རོགས།
ཁུ་ནུ་བླ་མས་གསུང་གི་བྱིན་རླབས་དང་། །
ཞལ་ཟས་ཟན་སོགས་དཀྱུས་མས་འཚོ་་བརྩོན། །
གོས་ཀྱང་དཀྱུས་མ་གྱོན་ཅིང་ཉི་འོད་འོག །
རླུང་གཙང་ཆུ་གྲང་ལུས་ངག་འཁྲུད་བྱས་པས། །
དགུང་གྲངས་བཅུ་ཕྲག་བརྒྱད་ལ་ཚེས་ཉེ་བའི། །
ལ་དྭགས་མཁས་དབང་བློ་བཟང་འཇམ་དཔལ་ཁྱེད། །
ད་དུང་དགུང་གྲངས་བཅུ་ཕྲག་འགའ་བཞུགས་ནས། །
ལ་དྭགས་ལ་སོགས་བོད་རིགས་གཞོན་སྐྱེས་ཚོར། །
བཀའ་དང་བསྟན་བཅོས་གཞུང་ཡིག་སྤེལ་བར་མཛོད། །
ཞལ་ཟས་ཟན་སོགས་དཀྱུས་མས་འཚོ་་བརྩོན། །
ཞལ་ཟས་ཟན་སོགས་དཀྱུས་མས་འཚོ་༼ལ་༽བརྩོན། །ཆད་པ་འདྲ་དགོངས་དག
ལ་དྭགས་བློ་བཟང་འཇམ་དཔལ་ལགས། དམིགས་བསལ་ཁྱེད་ལ་མཚམས་འདྲི་ཞུ།
ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང༌། གཞན་གྱི་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།
རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང༌། །སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། །
དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། །ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། །བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ། །མང་འབྱུང་འགགས་དང་གཞན་འགྲོ་འཁྲུག་པར་བྱེད། །གནོད་མེད་བུ་ག་དག་པས་བདེ་བར་འགྱུར། །
རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མི་འབྱུང༌། །ནད་ཀུན་མི་སྐྱེ་སྐྱེས་པའང་ཞི་བྱའི་ཕྱིར། །གནས་སྐབས་སྤྱོད་པའི་ཆོ་ག་འདི་ཉིད་བསྔགས། །
ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །འདི་ལ་སྤྱི་སྡོམས་ཟས་ཚུལ་ཤེས་པ་དང༌། །ཟས་བསྡམ་ཟས་ཚོད་རན་པར་བཟའ་བ་གསུམ། །
བྱ་བ་སྤྱོད་ལམ་གནས་ལ་བསླབ་བྱ་ན། །རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་གསུམ། །དེ་ལ་ཉིན་རེ་རྒྱུན་དུ་སྤྱོད་པའི་ལས། །ཚེ་བརྐྱང་འཇིག་རྟེན་པ་དང་དམ་པའོ། །དང་པོ་ཚེ་བརྐྱང་པ་ཡི་སྤྱོད་ལམ་ནི། །རྟག་ཏུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། །སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང༌། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང༌། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །