ཨ་འདུས་སྐལ་བཟང་རྒྱ་མཚོ།
བོད་ཀྱི་རིག་པའི་འོད་སྣང་བཀྱེ་ཐེངས་རེས།།
ལོག་བཤད་མུན་པའི་མགྲིན་པ་གཏིང་ནས་རྨས།།
སྙན་པ་ཤར་ནུབ་མཁའ་ལ་འཕུར་བ་ཡི།།
ནམ་མཁའི་ནོར་ནུ་དེང་འདིར་དྲན་པར་རིགས།།
རལ་བ་རིང་ཡང་རིག་རྩལ་དེ་བས་རིང་།།
ཁྱིམ་པ་ཡིན་རུང་ཆོས་ཀྱི་འཚོ་བ་ཅན།།
བན་ནས་སྐྱེས་ཀྱང་བོན་ལ་སྨོད་རབས་མེད།།
ཁྱོད་ཀྱི་ཡོན་ཏན་བརྗོད་པས་ག་ལ་ལང་།།
བོད་ནས་སྐྱེས་ཀྱང་མཛད་པ་ནུབ་ནས་རྒྱས།།
ནུབ་ཏུ་བཞུགས་ཀྱང་རང་རིགས་རིགས་པས་བསྐྱངས།།
ཚེ་གང་རིག་པ་དོན་དུ་གཉེར་ལ་བརྩོན་པས།།
ཁྱོད་ནི་རིག་པའི་རྒྱལ་བོར་གྱུར་བ་ལགས།།
ཁ་བ་ཅན་གྱི་ཁམས་ནས་འཁྲུངས་ན་ཡང་།།
ཁ་ཕོ་ཆེ་བའི་ཁམས་གཤིས་ཁྱོད་ལ་མེད།།
ཁ་ཕོ་རུས་གསུམ་བོད་ལ་ཕུལ་བ་དེ།།
ཁ་བ་ཅན་པ་དག་གིས་བརྗེད་མི་སྲིད།།
མགོ་སྐྲ་དམར་སེར་ཅན་གྱི་ཡུ་རོབ་པ།།
མིག་འབྲས་ལྗང་ཁུ་ཡིན་པའི་ཨ་རི་བ།།
ཡོད་ཚད་ཁྱོད་ཀྱི་རིག་པའི་མདའ་མོ་ལ།།
ཟུར་མིག་མ་ཤོར་བ་ནི་དཀོན་པར་སྣང་།།
རྫོགས་ཆེན་བཤད་ཀྱིན་ཇོ་མོ་རྫོག་པ་དང་།།
ཕྱག་ཆེན་གསུང་གིན་ཕྱག་རྒྱ་མར་གཡེམ་སོགས།།
ཆོས་དང་འཇིག་རྟེན་གང་ཡང་མི་མཐུན་པའི།།
དེང་གི་སྤྲུལ་གཟུགས་དག་དང་ཁྱོད་མི་མཚུངས།།
མདོར་ན་<< གཟི་ཡི་ཕྲེང་བ་>> བཀླགས་པ་ནས།།
བདག་ནི་ཁྱོད་ལ་དུང་བའི་མི་ཞིག་ཡིན།།
<< བྱང་འབྲོག་ལམ་ཡིག་>> ལ་སོགས་མ་མཇལ་མོད།།
ཁྱོད་ཀྱི་རིགས་ཞེན་དེ་ཡིས་བདག་ཡིད་དྲངས།།
ད་ནི་ཁྱོད་རང་གློ་བུར་ཕེབས་སོང་སྐད།།
ཕྱིར་ཡོང་མེད་པའི་གནས་དེར་བཞུད་སོང་ཞེས།།
ཚིག་གི་ཚེར་མས་རྣ་བ་ཕུག་པ་ན།།
བཅོས་མིན་ཚོར་བ་ཡི་གེའི་ལམ་ནས་ཤོར།།
ཅེས་པའང་བོད་རིག་པར་བཀའ་དྲིན་ཅན་དྲན་དབང་ནམ་མཁའི་ནོར་བུ་དགོངས་པ་རྫོགས་པ་ཐོས་མ་ཐག་ཨ་འདུས་སྐལ་བཟང་རྒྱ་མཚོས་ར་ཛ་པུར་གྱི་རང་ཤག་རུ་བྲིས་སོ།།
བོད་ཀྱི་མཁས་པ་ཆེན་པོ་ཞིང་གཞན་དུ་ཕེབས་པ་ བློ་ཕམ་བྱུང་།
རྫོགས་ཆེན་བཤད་ཀྱིན་ཇོ་མོ་རྫོག་པ་དང་།།
ཕྱག་ཆེན་གསུང་གིན་ཕྱག་རྒྱ་མར་གཡེམ་སོགས།།
ཆོས་དང་འཇིག་རྟེན་གང་ཡང་མི་མཐུན་པའི།།
དེང་གི་སྤྲུལ་གཟུགས་དག་དང་ཁྱོད་མི་མཚུངས།།
འདི་ལ་གོ་རྒྱུ་མི་འདུག།