རིག་འབྱུང་དོན་གྲུབ་བཀྲ་ཤིས།
དེ་རིང་སང་ཉིན། ཨ་རིའི་ནང་དུ་ནམ་མཁའི་མེ་འཁོར་(Sky Train)ཞེས་བའི་དེབ་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག དེབ་འདིའི་རྩོམ་པ་པོའི་མིང་ལ་ཁན་ཡོན་སམ་(Canyon Sam)ཟེར་ཞིང་། ཁོ་མོ་ནི་རྒྱ་མི་ཨ་རིར་གནས་སྡོད་མི་རབས་གསུམ་པའི་བུད་མེད་ཅིག་ཡིན་ཞིང་། ཁོ་མོས་ཨི་རིའི་སན་ཕུ་རན་སིས་སི་ཁོའི་མངའ་སྡེའི་གཙུག་ཁག་སློབ་ཁང་(San Francisoco State University )དུ་གསར་རྩོམ་སྒྱུ་རྩལ་མཁས་པའི་ལག་འཁྱེར( M.F.A)་བླངས་འདུག ཁོ་མོ་ལོ་རབས་བརྒྱད་ཅུའི་ནང་དུ་ཕྱིར་རང་གི་ཕ་ཡུལ་རྒྱ་ནག་ལ་བསྐྱོད་ཅིང་། ཞོར་ལ་བོད་ཡུལ་ལ་ཕྱིན་འདུག དེ་དུས།
བོད་ཁམས་ཀྱི་ཡུལ་ལྗོངས་དང་བོད་མིའི་འཚོ་བ་སྐྱེལ་སྟངས། བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ཀྱིས་། ཁོ་མོའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཡུལ་ཁམས་དེ་དང་དེའི་མི་རིགས་ལ་་བརྩེ་དུང་དམིགས་བསལ་ཆགས་འདུག སྐབས་དེ་ནས་བཟུང་། བོད་དོན་ལ་དམིགས་བསལ་གྱིས་དོ་སྣང་དང་ཉམས་ཞིབ་ཀྱི་འགོ་བཙུགས་ཞིང་། བོད་རིགས་བུད་མེད་སྒེར་བ་ཁག་ཅིག་གི་མི་ཚེའི་མྱོང་ཚོར་གྱི་ལོ་རྒྱུས་འཁོད་པའི་དེབ་འདི་འབྲི་རྒྱུའི་འགོ་བཙུགས་འདུག་ ད་དུང་། ཁོ་མོ་བོད་རང་བཙན་ལས་འགུལ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སོགས་ཀྱི་ནང་ལ་ཉམས་ཞུགས་བྱས་འདུག ནམ་མཁའི་མེ་འཁོར་ཞེས་བའི་དེབ་འདི་ནི། ཉེ་རབས་བོད་རིགས་བུད་མེད་ཁག་ཅིག་གི་དཀའ་སྡུག་གི་མྱོང་ཚོར་བཀོད་པའི་དེབ་ཅིག་ཡིན་ཞིང་། དེབ་འདིའི་ནང་དུ། བོད་རིགས་བུད་མེད་དེ་དག་གིས་། བོད་ཤོར་མཚམས་ཀྱི་སྐབས་སུ། སྤྱི་ཚོགས་ཀྱི་གནས་སྟངས་ཡ་ང་བའི་འོག་འཚོ་བར་གདོང་ལེན་ཇི་ལྟར་བྱས་ཡོད་མེད། ཆབ་སྲིད་དང་རང་དབང་འཐབ་རྩོད་ཀྱི་ཁོངས་སུ། འགན་ལེན་ཇི་ལྟར་བྱེད་ཡོད་མེད། རང་གི་མི་རིགས་དང་ལུང་བར་ཞབས་འདེགས་ཇི་ལྟར་བྱས་ཡོད་མེད་། བུད་མེད་ཅིག་གི་གནས་བབ་ལས་བརྒལ་ཏེ། བོད་མིའི་སྤྱི་ཚོགས་ལ་འགན་འཁྲི་ཇི་ལྟར་འཁུར་ཡོད་མེད་སོགས་བུད་མེད་སྒེར་བའི་མྱོང་ཚོར་འཁོད་ཡོད་འདུག་ཅིང་། ད་དུང་། བུད་མེད་དེ་དག་གི་ཞུམ་པ་མེད་པའི་བློ་སྤོབས་དང་སྙིང་སྟོབས། ཡ་རབས་དང་བཟང་སྤྱོད་ཀྱི་གཤིས་རྒྱུད་སོགས་ཀྱང་བཀོད་ཡོད་འདུག རྩོམ་པ་པོ་ཁན་ཡོན་སམ་(Canyon Sam)གྱིས་ཁྱོན་བསྡོམས་བོད་རིགས་བུད་མེད་༣༦ལ་བཅར་འདྲི་བྱས་ཤིང་། དེབ་འདིའི་ཁོངས་སུ་གཙོ་ཆེ་བ་བོད་རིགས་བུད་མེད་བཞིའི་མི་ཚེའི་མྱོང་ཚོར་གྱི་སྐོར་ལ་དམིགས་བསལ་བྲིས་ཡོད་འདུག བོད་རིགས་བུད་མེད་བཞི་པོ་དེ་ནི། ཕྲེང་རིང་རིན་ཆེན་སྒྲོལ་མ།(Rinchen Dolma Taring ) ཆོས་སྐྱིད་རྣམ་སྲས་གླིང་། (Choekyi Namseling )དཔལ་འབྱོར་ཁྱིམ་གསར།(Paljor Kyimsar) བསོད་ནམས་ཆོས་སྒྲོན(Sonam Choedron)་བཅས་ཡིན་འདུག དེབ་འདིའི་མིང་ལ་། ནམ་མཁའི་མེ་འཁོར་( Sky Train)ཞེས་འདོགས་དོན་ནི། ཕྱི་ལོ་༢༠༠༧ལོར་དེབ་འདིའི་རྩོམ་པ་པོ་ཡང་བསྐྱར་བོད་ལ་ཕྱིན་འདུག་ཅིང་། ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་སྔོན་ནས་བཟུང་། རྒྱ་ནག་གིས་མདོ་དབུས་མཐོ་སྒང་དུ་ལྕགས་ལམ་འཐེན་ཏེ་བོད་ཀྱི་གཏེར་དངོས་ཕོན་ཆེ་རྒྱ་ནང་ལ་དབོར་འདྲེན་བྱེད་འགོ་ཚུགས་པ་དང་དེ་ནི་བོད་ཡུལ་ལ་བཙན་འཛུལ་གཉིས་པ་ཞིག་འགོ་བཙུགས་པའི་རྣམ་པ་མངོན་ཅིང་། རྣམ་པ་དེ་གཙོར་བཟུང་གིས་དེབ་ཀྱི་མིང་ལ་ཡང་ནམ་མཁའི་མེ་འཁོར་(Sky Train)ཞེས་བཏགས་འདུག་ཟེར།
དེབ་འདིའི་སྒྲོམ་གཞི་ནི།
སྔོན་གླེང་།
གླེང་བརྗོད།
ངོ་སྤྲོད།
དང་པོ། ནམ་མཁའི་མེ་འཁོར།
གཉིས་པ། བྱང་ཐང་གི་ཞོགས་པ།
གསུམ་པ། ལྷ་ས།
བཞི་བ། ཧི་མ་ལ་ཡ་འཕྲེད་ཀྱིས་བཅད་པ།
ལྔ་བ། རྡ་ལམ་ས་ལ།
མཇུག་བྱང་།
མཆན་འགྲེལ།
ཚིག་ཚོགས།
ཆེད་བརྗོད།
རྩོམ་པ་པོའི་སྐོར། བཅས་ཡིན་འདུག
དེབ་འདིར་ཨ་རིའི་ནང་དུ་དོ་སྣང་ཇེ་ཆེར་འགྲོ་གིན་ཡོད་པ་ནང་བཞིན། བརྙན་འཕྲིན་ལས་ཁུངས་དང་རླུང་འཕྲིན་ཁང་། ད་དུང་ཚོགས་པ་སྒེར་བ་དང་མི་མང་འདུས་འཛོམས་སོགས་ཀྱིས་རྩོམ་པ་པོ་གདན་ཞུས་ཀྱིས་དེབ་ཀྱི་སྐོར་ལ་གླེང་མོལ་བྱེད་ཀྱི་ཡོད་འདུག
ཡོང་རྒྱུར་བསྡད་པའི་གླེང་མོལ་གྱི་དུས་ཚོད་རེའུ་མིག་གཤམ་གསལ།
02/28/10 in New York, NY at Rubin Museum of Art,4pm
03/03/10 in New York, NY at Tibet House,7pm
03/04/10 in Amherst, Mass at Hampshire College,7pm
03/05/10 in Cambridge, MA at 7pm
03/08/10 in Cape Cod, 7pm at Cape Cod Community College
03/22/10 in San Francisco at 7pm at CCSF Mission campus
03/25/10 in Mountain View at Books, Inc,7:30pm
03/29/10 in San Francisco at U.S.F Center for the Pacific Rim, 5:30pm
04/14/10 in Palo Alto, CA, 6:30pm at Stanfor University, Old Union Common Rm.
04/17/10 In Grass Valley, 7pm at No. Columbia Schools Cultural Central
04/18/10 in Grass Valley, 1pm at Book Seller Strore
འདི་རུ་བསྣུན་ནས་རྩོམ་པ་པོ་སྒེར་གྱི་ཟིན་བྲིས(http://www.canyonsam.com/index.html)
བོད་ཀྱི་བུད་མེད་སྐོར་ལ་དེབ་འགའ་ཡོད་པར་སྣང་། སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཀྱང་བརྩམས་པའི་དེབ་ཅིག་འདུག དེབ་དེ་ཡང་དབྱིན་ཡིག་ཏུ་ཡོད་པ་ལས་བོད་ཡིག་ཏུ་བསྒྱུར་ཡོད་མེད་ཆ་མ་འཚལ།
རྒྱལ་ཡུམ་ཆེན་མོའི་མཛད་རྣམ། “ངའི་བུ། ཏཱ་ལའི་བླ་མ།”( Dalai Lama. My Son) ཟེར་བ་དེ་ཡང་བོད་ཡིག་ནང་སླེབས་མེད།
༡༩༢༦ དབྱིན་ལན་ཏུ་ཐེངས་དང་པོར་དཔར་བསྐྲུན་གནང་བའི་རིན་ཆེན་ལྷ་མོའི་དེབ་”ང་ཚོ་བོད་མི་རྣམས་”( We Tibetans)ཟེར་བ་དེ་ཡང་བོད་ཡིག་ནང་སླེབས་མེད།
ད་དུང་གཞན་པ་ཁ་ཤས་ཀྱང་འདུག ད་ལྟ་དྲན་གྱི་མི་འདུག དེབ་འདི་ཚོའི་རིགས། ག་ལེར་ག་ལེར་བོད་ཡིག་ཏུ་བསྒྱུར་དགོས་རེད་འདོད།
རིག་འབྱུང་ལགས་
ངོ་སྤྲོད་བྱས་ནི་ཐུགས་རྗེ། གསར་འགྱུར་བརྒྱུད་ལམ་ནས་དེའི་སྐོར་ཅུང་ཟད་ཐོས་ཀྱང་རྒྱས་པ་ཤེས་མ་སོང།
དེབ་དེ་འབྲི་སྟངས་ཐད་ནས་ཇི་འདྲ་རེད།
རྩོམ་དེབ་དེ་མི་མང་བོས་དོ་སྣང་བྱེད་དོན་བརྗོད་གཞིའི་མི་སྣ་དེ་དག་གི་རླབས་ཆེ་བའི་རེད་དམ།
ཡང་ན་རྩོམ་ལུས་ཕུན་སུམ་ཚོགས་པ་ཡོད་པས་རེད། ཡང་ན་སྔར་དར་ཁྱབ་མེད་པ་ཞིག་གསར་དུ་ཐོན་པས་རེད།
གང་ལྟར་མི་མང་གིས་དོ་སྣང་བྱེད་ཕྱོགས་སོགས་ངོ་སྤྲོད་རེ་བྱེད་རོགས།
རིག་འབྱུང་བས་དོ་སྣང་ཆེན་པོས་བོད་སྐོར་ཀྱི་དཔེ་དེབ་ཁ་གསལ་གཏིང་གསལ་གྱིས་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ཁྱོད་བཟང་ཐལ། ཁ་དྲོ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ནམ་མཁའི་མེ་འཁོར་ཞེས་པའི་དཔེ་དེབ་དེ་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རིག་འབྱུང་ལགས།
ཨ་རི་བདེ་བ་ཅན་གྱི་ཞིང་ཁམས་ནས་མི་ཚང་མ་སྒྲོ་ལར་གྱི་ལྕག་ཚན་འོག་ཡར་རྒྱུག་མར་རྒྱུག་དང་།
ས་མཆོངས་གནམ་མཆོངས་བྱེད་པའི་དུས་སྐབས་དེར། སྐུ་ཉིད་ཀྱིས་བོད་ཡིག་ལ་ཤི་འཐམ་རོ་འཐམ་ངང་དུས་ནམ་བྱུང་ལ། ཀློག་པ་པོ་ཚོར་སེམས་ཀྱི་ཟས་སམ་རིག་པའི་ཟས་མཆོག་རེ་བསྣམས་ཕེབས་སྐབས། སྐུ་ཉིད་ལ་ཐུགས་རྗེ་ཆེ་མ་ཞུ་ཀ་མེད་རེད། ཐུགས་རྗེ་ཆེ། བོད་ཡིག་ནི་ང་ཚོའི་བླ་སྲོག་རེད། ང་བོད་ཡིག་ཡིན། བོད་ཡིག་ང་ཡིན།
རིག་འབྱུང་བ་ལགས། མི་འདིས་བརྩམས་པ་ཡིན་མིན་མ་ཤེས་མོད། ངས་ཀྱང་《མཁའ་དབྱིངས་ཀྱི་ལྕགས་ལམ》ཞེས་པའི་རྩོམ་ཡིག་ཅིག་མཐོང་བྱུང་། ཡིན་ནའང་ཉིད་ཀྱིས་མཚམས་སྦྱོར་བྱས་པའི་དེབ་འདིའི་ནང་དོན་ཡོངས་ལ་བལྟ་སྐབས། ཕལ་ཆེར་མིན་པ་འདྲ། ངས་མཐོང་བ་དེའི་ནང་དུ་བོད་ལ་ལྕགས་ལམ་བསྐྲུན་པའི་གནས་ཚུལ་རེད། ད་དུང་དེའི་ནང་དུ་མཚོ་སྔོན་པའི་འགྲམ་གྱི་ལྕགས་ལམ་དང་། དེ་ནས་གོར་རྒྱ་རྒྱུད་ཀྱི་ལུང་ཤུར་གྲོག་ཤུར་གྱི་དབྱིངས་ན་འཕྲེད་ཀྱིས་འཕངས་པའི་ལྕགས་ལམ་གྱི་པར་རིས་འགའ་རེ་ཡང་འདུག གལ་སྲིད་རྩོམ་ཡིག་དེ་ཡིན་ན་ཡག་པོ་ཞིག་ཏུ་མཐོང་མ་སོང་སྟེ། རྩོམ་པ་པོ་འདི་མིན་པ་འདྲ། སྐུ་ཉིད་ཀྱིས་འདིའི་རིགས་ཀྱི་དེབ་རེ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ཤིན་ཏུ་ལེགས།
ཁ་ཕྱོགས་མེད་ལགས།
དེབ་འདི་ལ་དོ་སྣང་ཆེ་རུ་འགྲོ་དོན་ནི། བརྗོད་བྱའི་མི་སྣ་དང་མི་སྣ་རེ་རེའི་མི་ཚེའི་མྱོང་བ་འབྲི་སྟངས།
བརྗོད་བྱ་བསྒྲིགས་སྟངས་བཅས་གསུམ་ཀ་ནས་རེད།
གནམ་ལྕགས་ལགས།
དེབ་འདི་མཁའ་དབྱིངས་ཀྱི་ལྕགས་ལམ་ཟེར་བ་དེ་མ་རེད།
དེབ་འདིའི་སྐོར་མདོར་བསྡུས་ཤིག། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་མཚོ་གཉིས་ནས་སྙན་སྒྲོན་བྱས་འདུག ཁོང་གཉིས་ཀ། རྩོམ་པ་པོའི་གླེང་མོལ་ལ་དངོས་སུ་བཅར་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་བ་རེད་འདུག དེ་ལ་ཉན་རོགས།
ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད
དཔེ་དེབ་དེ་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ།
བོད་ཡིག་ཏུ་བསྒྱུར་ཐུབ་ན་ཤིན་ཏུ་ལེགས།
དཔེ་དེབ་དེའི་ནང་མི་སྣ་ཁག་ལ་བཅར་དྲི་བྱས་པ་རྣམས་མང་ཆེ་བ་མཛུན་བཟོ་བྱས་པ་ལས་ཁོང་ཚོར་བྱུང་བ་དང་ཁོང་ཚོས་བཤད་པའི་གནས་ཚུལ་དངོས་རྣམས་བྲིས་མིན་འདུག་ཞེས་བཅར་དྲི་ཞུ་སའི་མི་རྣམས་ཀྱི་གསུང་གི་འདུག་པས་ཀློག་པ་པོ་རྣམས་ཀྱི་ཞིབ་སྤྱད་ཡོང་བ་ཞུ། རྒྱ་མོ་དེ་སྡོད་སའི་ས་གནས་ཀྱི་བོད་མི་རྣམས་ཀྱི་ཀྱང་ རྒྱ་མོ་དེ་གོ་སྐབས་ཟུང་ནས་རང་དོན་གྲུབ་མཁན་དང་སེམས་སྟིང་ནས་བོད་པ་རྣམས་ལ་ཐུང་ཆུང་བྱེད་མཁན་ཞིག་རེད་ ཞེས་ཟེར་གྱི་འདུག་