གྲིབ་གཟུགས།
གོམ་ཆུང་དེས་རྩ་མགོའི་ཟིལ་པ་གཏོར་ཚུལ་དེ་བསམས་ན།
འཛུམ་ཆུང་དེ་ཞོགས་ཀའི་ཉི་རྡུལ་དང་འདྲེས་ཚུལ་དྲན་ན།
མེས་པོའི་པང་ནང་གི་དྲོད་ཁོལ་དང་། རྫུན་ཚིག་མ་འདྲེས་པའི་བདག་གི་སྐད་ཆ་ལྡབ་མ་ལྡིབ་དེ་ཚོ་དྲན་ན།
བདག་ནི་ལྗང་མདོག་བོར་བའི་བྱེ་ཐང་ཁྲོད་ཀྱི་འཇག་རྩ་ཕོན་པོ་དེ་ཡིན་པའི་སྣང་བ་ཤར་ཡོང་།
བདག་ནི་བཅོས་ཚུལ་ཁོ་ནས་འཚོ་བཞིན་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་ཤར་ཡོང་།
སེམས་པ་འདིས་ན་ཟུག་མང་པོ་ལ་མྱོང་རོལ་བྱེད་དགོས་དུས།
དགའ་སླ་ལ་ངུ་ཡང་སྐྱེན་པའི་བྱིས་དུས་ཀྱི་སེམས་ཁམས་དེ་དྲན་འོང་།
ངོ་གདོང་འདིས་ལྷོད་ཤིག་ཤིག་གིས་མ་བཅོས་པའི་འཛུམ་པ་ངོམ་ས་མེད་དུས།
ཕྱེ་མ་ལེབ་ཀྱི་རྗེས་ནས་འདུར་མ་རྒྱུགས་ཀྱིས་དགོད་ཀྱིན་པའི་ལོ་ཟླ་དེ་དྲན་འོང་།
མེ་ཏོག་རྣ་རྒྱན་དུ་དཔྱངས་ཤིང་། བརྩེ་བའི་ཡབ་ལགས་ལ་གཅེས་ལང་འབོད་པའི་ཉིན་བཞག་དེ་དྲན་འོང་།
ད་ལྟ་་་་་་ ཉིན་ཞག་དང་ལོ་ཟླ་དེ་ཚོ་བདག་གི་རྨི་ལམ་ནང་དུའང་མཇལ་དུས་ཡོད་དམ།
དྲག་ཆར་གྱིས་ཀྱང་འཇོམས་ས་མེད་པའི་བདག་གི་སེམས་ཀྱི་ཚ་སྨུག
ན་ཐིང་ཐིང་གི་བདག་གི་ཀླད་པའི་ཟུག་རྔུ་།
བདག་གི་དོགས་ཟོན།
སེམས་ངལ།
བྱིས་དུས་ཀྱི་ཞིང་ན་མེད་པའི་ལན་ཆགས་ཀྱི་ཐ་སྙད་འདི་ཚོ།
ད་ལྟ་བདག་དང་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོད།
ད་ལྟ་བདག་གིས་རྔུབ་བཞིན་པའི་མཁའ་དབུགས་དང་འདྲེས་ནས་ཡོད།
རྫ་སྤང་ཁྲོད་ཀྱི་བདག་གི་གོམ་ཆུང་གི་རྐང་རྗེས་ལྟ་བུའི།
བདག་གི་བྱིས་དུས་ཀྱི་འཇིག་རྟེན་ནས།
རྫ་ཆུའི་ལྷུང་སྒྲ་དང་གཙང་ཆུའི་རྦ་རླབས།
ཨུག་ཆོས་མེ་ཏོག་གི་གསོན་མདངས་དང་ལུག་རོ་མེ་ཏོག་གི་དྲི་བསུང་།
ན་མཉམ་དག་གི་དགོད་སྒྲ་འཁྱིལ་བའི་ནམ་མཁའ།
ཨེ་མ་་་ མཇའ་མཚོན་ལྟ་བུའི་བདག་གི་བྱིས་དུས་ཀྱི་རྒྱན་བཀོད་དག་དྲན་ཚེ།
བདག་གི་འཚོ་བཞིན་པའི་དུ་ཚིགས་འདི་ལ་སོམ་ཉི་བཅངས་དགོས་ཐུག་སོང་།
བདག་གི་ངོ་གདོང་གཏད་དགོས་སའི་དངོས་ཡོད་ལ་སུན་སྣང་སྐྱེ་མགོ་ཚུགས་སོང་།
བདག་རང་ཉིད་ལའང་ཞེ་མེར་འགོ་ཚུགས་སོང་།
12/5/2013
ངོ་མ་སྙན་མོ་བྱུང་། ཡག་མོ་བཀྲག་མོ་འདུག
རྩོམ་འདིས་སེམས་པ་ཚོར་བའི་ཀློང་དུ་བྱིང་བཅུག་སོང་། གྲོགས་ལགས།
འཛུམ་ཤོར་ལགས། ཕེབས་པར་དགའ་བསུ་ཡོད།