འདིར་སྔོན་མ་ཞིག་ནས་ད་བར་ངའི་ཕ་ཡུལ་དུ་བླངས་དང་ལེན་བཞིན་པའི་གླུ་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་འགའ་ཞུ་འདོད་བྱུང་། གླུ་འདི་ང་རང་ཆུང་བའི་སྐབས་སུའང་ཡང་ཡང་ལེན་མྱོང་། ལོ་འགའ་ཤས་ཀྱི་སྔོན་དུ་ཕ་ཡུལ་ལ་ལྟ་སྐོར་ཕྱིན་པ་ཡིན། དེ་སྐབས་བཟའ་གོ་ར་གང་བོ་ངོ་འཛོམས་པས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་རྩེད་ལ་རོལ་བ་ཡིན། གླུ་ལེན་གར་རྩེད་ཀྱི་མཇུག་ཏུ། ཡུལ་གྱི་གོམས་སྲོལ་ལྟར་ངའི་ཚ་མོ་ཆུང་ཆུང་ཞིག་གིས་ལག་པར་ཁ་བཏགས་ཤིག་བཟུང་ཞིང་། ལག་གཡས་པས་འགྲམ་པ་གཡས་པ་སྐྱོར་ཙམ་བྱས་ནས་། རྟ་ལྷས་གོར་མོ་རྟ་གིས་གང་།། རྟ་སྔོན་མ་གཤར་ནས་རྐྱང་ལ་འདྲེས།། རྟ་རྗེས་མ་ད་རུང་ཤུལ་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ཟོག་ལྷས་གོར་མོ་ཟོག་གིས་གང་།། ཟོག་སྔོན་མ་གཤར་ནས་འབྲོང་ལ་འདྲེས།། ཟོག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ལུག་ལྷས་གོར་མོ་ལུག་གིས་གང་།། ལུག་སྔོན་མ་གཤར་ནས་དགོ་ལ་འདྲེས།། ལུག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོགཅེས་བཀྲ་ཤིས་འཇོག་པའི་གླུ་འདི་ངག་གི་དབྱངས་རྟ་ལ་གྱེར་བྱུང་བས། ངའི་མིག་ཀོང་གཉིས་ནས་རང་བཞིན་གྱིས་མཆི་མ་རྡོག་པོ་འགའ་འགྲམ་པའི་མཁུར་མགོ་བརྒྱུད་ནས་མར་ས་ལ་འགྲིལ་བཅུག་པ་མ་ཟད་ངླུ་འདིས་ང་དར་ཅིག་ལ་བསམ་གཞིགས་ཤིག་ནང་གཡུགས།
གླུ་འདི་ཐོག་མ་ཞིག་ནས་དར་ཡོང་བ་ཡིན་པ་གདོན་མི་ཟ། དེ་ཡང་དངོས་ཡོད་འཚོ་བ་ཞིག་གི་འདྲ་བཤུས་ཡིན་ངེས། དེ་ཡང་སྒོ་ཕྱུགས་དང་རི་དྭགས་འདྲེས་བསྡད་ཡོད་པའི་གནའ་སྔ་མོའི་རང་བྱུང་གི་མཛེས་སྡུག་ཅིག་ནས་བརྒྱུད་ཡོང་བ་འདྲ། དེ་ཡང་མི་དང་རང་བྱུང་ལ་དབྱེ་བ་མེད་པར་འདྲེས་བསྡད་ཡོད་པའི་སྐབས་ཤིག་ནས་བྱུང་བར་སེམས། ཡིན་ན་ཡང་། ད་ལྟ་འདི་ཅི་འདྲའི་དངོས་ཡོད་དང་མི་འཚམས་པ་ཞིག
ང་ལ་དུངས་སྣང་ལྷང་ལྷང་བ་ཞིག་གིས་བསྐུལ་ནས་་ལམ་སང་སྒོ་ལ་བུད་པ་ཡིན། ཡར་བཙན་མགོན་ནོར་བུ་དགྲ་འདུལ་གྱི་་རི་ངོས་་སུ་ཅུང་ཟད་ཕྱིན་ནས་ཕྱོགས་བཞིར་རྒྱང་ལྟ་ཞིག་བྱས་པས་གང་སར་་ལྕགས་ཀྱི་དྲ་བས་སྦྲེལ་འདུག གླུ་ཚིག་ནང་གི་རྐྱང་དང་འབྲོང་དགོ་བ་ཟེར་བ་དེ་ཚོ་མཐོང་ཡུལ་ན་མེད་པ་དེ་ཕལ་ཆེར་བཤད་མ་དགོས་པ་རེད། ངའི་སེམས་ལ་་རི་དྭགས་དེ་དག་ལྷ་སྒྲུང་གང་ཞིག་གི་ནང་གི་ཡིན་པ་ལྟ་བུའི་ཚོར་སྣང་་ཞིག་བྱུང་ལ་སེམས་པ་ཡང་སྟོང་སངས་སེ་ཕྱིན། གཤམ་འོག་ཏུ་ཁུང་བུ་ཁ་ཤས་ཡོད་པ་དེ་ལས་འཕྱི་བ་ཁ་ཤས་ཁུང་སྒོ་ནས་ཀེག་གིས་ལངས་ཏེ་ ཀུ་ལོག ཀུ་ལོག་ཅེས་སྐད་རྒྱག་བཞིན་པ་དེས། ངེད་ཚོ་འཕྱི་བ་ཚོ་ད་རུང་ཤུལ་ཆད་མེད། ངེད་ཚོ་བསོས་ནམས་ཆེན་པོ་རེད་ཟེར་ནས་་ངོམ་སོ་བྱེད་པ་དང་གཉིས་སུ་མ་མཆིས།
ངས་གཡས་གཡོན་མདུན་རྒྱབ་ཀྱི་ཡུལ་ལྗོངས་ལ་མུ་མཐུད་ཞིབ་ལྟ་བྱས། ཕར་ཕྱོགས་སྤང་ངོས་སུ་གཡང་དཀར་གྱི་ལུག་ཁྱུ་རྩྭ་ལ་རོལ་བཞིན་པ་ནི་རྡེའུ་དཀར་ས་ལ་བཀྲམ་པ་འདྲ་ཞིང་། ཚུར་ཕྱོགས་རྫ་ངོགས་སུ་ཅི་བདེར་གནས་པའི་ནོར་ནག་གི་ཁྱུ་ཡང་ཕལ་ཆེར་རི་ངོས་སུ་འབྱར་ཡོད་པ་དང་ཀུན་ནས་མཚུངས་པ་དེའི་མཛེས་ཉམས་ཀྱིས་ང་ལ་དགའ་སྣང་ཞིག་རང་བཞིན་གྱིས་སླེབས་ཤིང་ཆུང་བྱིས་པའི་དུས་ལ་དྲན་གསོ་ཐེངས་ཤིག་བཏང་། དེ་ནས་ངའི་དོ་སྣང་གློ་བུར་དུ་མར་དྲངས། མར་ལུང་མདོ་ནས་ཡར་ལམ་ཀ་མཐོང་ལ་མ་མཐོང་བ་ཞིག་སྐྱ་ཤར་རེ་བྱེད་པ་དེའི་སྣེ་ནས་ཡར་མའོ་ཊོར་སྦག་སྦག་ཞོན་པ་འགའ་གཅིག་འཕྲོ་གཅིག་གིས་དེད་ནས་ས་རྡུལ་རྗེས་སུ་བསླངས་ཤིང་དུད་ནག་གནམ་ལ་གཏོར་བཞིན་ཡར་ངེད་ཚང་གཟས་ནས་རྒྱུག་ཡོང་གི་ཡོད་པ་མཐོང་བ་དང་ངའི་ཉེ་འཁྲིས་སུ་རྟ་རྒོད་མ་མ་བུ་གསུམ་ད་ཅི་ནས་གྲོད་ཁོག་བརྒྱགས་པ་ཡིན་ནམ་ཡང་ན་སུན་སྣང་གིས་མནར་བ་གང་ཡིན་མི་ཤེས་པར་གཟར་བསྡད་ཡོད་པ་དེ་ཚོའི་གྲངས་འབོར་དང་མ་གི་སྦག་སྦག་བར་འབྲེལ་བ་ཞིག་ཡོད་པ་གཞི་ནས་ཤེས།
ཡང་མཐོང་བར། ཕར་ཕྱོགས་ཀྱི་ནོར་འཛིན་བུ་མོའི་ཕང་བར་ས་གཤགས་རྡོ་གཤགས་བྱས་འདུག་པ་དེས་ཉིན་འདི་འགའི་རིང་གི་ངའི་འདོད་པའི་རྩེད་མོ་རྩེད་རོགས་ཀྱི་ཨ་ཅེ་རྒྱ་མོ་དེ་ཚོའི་བུ་གུ་གཤགས་ལེན་བྱས་པའི་གྲོད་ཁོག་གི་རྨ་ཤུལ་དག་མིག་ལ་ཤར་བཅུག ཡུལ་ལྗོངས་ཧྲལ་ཧྲིལ་འདིར་ངས་མུ་མཐུད་ལྟ་འདོད་མ་བྱུང་ལ། མཁའ་དབུགས་ལྗན་ལྗིན་དག་ངས་མུ་མཐུད་རྔུབ་འདོད་མ་སྐྱེས། དེ་ནས་ང་ནང་དུ་ཕྱིན།
ནང་དུ་སླེབས་རྗེས་ངེད་ཚོས་རི་དྭགས་ཀྱི་སྐོར་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་བརྗོད་ན། ད་གང་ས་གང་ལ་ལྕགས་ར་བརྒྱབས་ནས་རི་དྭགས་གཅིག་ཀྱང་ཡོད་མ་རེད་ཟེར། སྤྱང་ཀི་མང་པོ་ཡོད་རེད། དེ་ཚོ་ལྕགས་རས་ཀྱང་མི་ཁོག་གི་ཟེར། དེ་ནས་ད་ཅི་གླུ་ལེན་མཁན་གྱི་ངའི་ཚ་མོ་ཆུང་ཆུང་དེར་ཁ་བརྡ་བྱས་པ་ཡིན། མོས་་རྐྱང་དང་འབྲོང་། དགོ་བ་གཞན་པའི་རི་དྭགས་མང་པོ་ཞིག་རྩ་ནས་མཐོང་མྱོང་མི་འདུག ཡིན་ན་ཡང་དངོས་ཡོད་དང་རྒྱང་ཐག་རིང་བོར་ཕྱིན་པའི་གླུ་འདི་་ད་རུང་འབྲོག་ཁུལ་དུ་ལེན་བཞིན་འདུག གླུ་འདི་ང་ཕ་ཡུལ་དང་བྲལ་ཁར་ཡང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག ང་ཚུར་སླེབས་ནས་ཀྱང་ད་རུང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག
ང་ཡི་རྣ་བ་དང་དགོ་བ། རྐྱང་ཆུ་དང་འབྲོང་ཆུ་རྣམས་གང་ཞིག་ལ་ཞོག་སོང་། ང་ཡི་རི་བོ་དང་ཆུ་བོ་ས་གཞི་རྣམས་ལ་ཅི་ཞིག་བྱས་སོང་བ་རེད། ངའི་མགོ་ཐོག་གི་གནམ་འདི་འདི་འདྲ་འཐིབས་དོན་དང་། ངའི་མགོ་ཐོག་གི་སྤྲིན་འདི་འདི་འདྲ་ལྗིད་དོན་ཅི།
ས་མཐར་འཁྱམས་ཡུན་རིང་སོང་། ཁྱེད་ཀྱི་སྒྲུང་འདིས་ང་ལ་མིག་ཆུ་འཐོར་བཅུག་སོང་། ང་ལ་གྲོགས་པོ་ཞིག་ཡོད། ཁོང་བོད་ལ་ཕྱིན་སྐབས་ཀྱང་གླུ་ཞིག་གི་རྐྱེན་བྱས་ནས་མིག་ཆུ་དབང་མེད་དུ་ཤོར་རབས་འདུག་
དྲན་སྣང་འདིར་གཅེས་སྐྱོང་གནང་རོགས།
རང་ཉིད་ལོ་ན་ཆུང་བའི་སྐབས་སུ་གླུ་འདི་འདྲ་ཐོས་མྱོང༌། འོན་ཀྱང༌། དེ་དུས་སོ་སོའི་སྣང་བར་མ་བཞག
ས་མཐར་འཁྱམས་ནས་བཟུང་གླུ་འདི་འདྲ་ཐོས་རྒྱུའི་སྐལ་བ་ཇེ་ཉུང་རེད། ལྷག་པར་དུ་ཕྱི་སྡོད་ཀྱི་ངའི་མི་རབས་རྣམས་ནི་གླུ་འདི་ལ་ཐག་ཇེ་རིང་ནས་ཇེ་རིང་རེད། ངའི་མི་རབས་ཀྱིས་གླུ་གཞན་ཞིག་ལེན་གྱི་ཡོད། དེ་ནི་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་མི་གོ་བའི་གླུ་ཞིག་རེད། ཞིབ་དུ་བསམ་ན། གླུ་འདིའི་དར་རྒུད་ཡང་ངའི་ཕ་ཡུལ་གྱི་འགྱུར་ལྡོག་དང་འབྲེལ་བ་འདུག
གླུ་ལེན་གི་ལེན་གི་གངས་ལ་འགྲོ །སེང་དཀར་མོ་གཉིད་ལས་དཀྲོག་གི་འགྲོ།
གླུ་ལེན་ལེན་གི་རྫ་ལ་འགྲོ །རྫ་འབྲོང་མོ་ངར་ཤུགས་སློང་གི་འགྲོ
གླུ་ལེན་གི་ལེན་གི་དགུང་ལ་འགྲོ །དགུང་འབྲུག་ཆུང་མགོ་ལྤགས་མཉེད་གི་འགྲོ
གླུ་ལེན་གི་ལེན་གི་བོད་ལ་འགྲོ ། བསང་གསོལ་གྱི་མེ་ལྕེ་སྦར་གི་འགྲོ །
གླུ་ལེན་གི་ལེན་གི་རྒྱ་ལ་འགྲོ ། རྒྱ་མཁས་པ་ཤགས་ཀྱིས་འཕམ་གི་འགྲོ །
གླུ་ལེན་གི་ལེན་གི་ཕྱི་གླིང་འགྲོ ། སེམས་སྐྱོ་མོ་སྐྱིད་ལ་བསྐུར་གི་འགྲོ།
ཨོ་ཡེ།
གླུ་ལེན་ན་འཇིག་རྟེན་འདི་ནས་ལོངས།
ཚེ་ཕྱི་མའི་ཡུལ་ན་གླུ་ལེན་མེད།
མི་མཐེ་བོང་ཙམ་ཞིག་མེད་ས་ན།
གླུ་བླངས་ནས་འགྲོ་ས་གང་ན་ཡོད།
ཨོ་ཡེ།
ཆང་འཐུང་ན་འཇིག་རྟེན་འདི་ནས་འཐུངས།
ཚེ་ཕྱི་མའི་ཡུལ་ན་ཆང་འཐུང་མེད།
ཆུ་མིག་ཆུ་ཙམ་ཞིག་མེད་ས་ན།
ཆང་འཐུང་ནས་འགྲོ་ས་གང་ན་ཡོད།
ད་གྲྭ་རྒོད་བླ་རྒོད་འདི་ཚོས་རྒྱུ་མཚན་གྱིས་ཕོངས་པའི་སྐད་ཅ་ཤོད་ཀྱི་འདུག སྐྱེ་བ་འདི་ཡོད་ན་སྐྱེ་བ་སྔ་མ་ཡོད་ལ་སྐྱེ་བ་ཕྱི་མའང་ཡོད། དེ་ཡོད་ན་སྐྱེ་བ་ཕྱི་མར་གླུ་ལེན་ས་ཡོད་ལ་སྐྱེ་བ་སྔ་མར་ཡང་གླུ་ལེན་ས་ཡོད། དམྱལ་བ་་ན་དམྱལ་བའི་གླུ་དང་ལྷ་ཡུལ་ན་ལྷ་ཡུལ་གྱི་གླུ་ཡོད་དགོས། རི་དྭགས་ལ་རི་དྭགས་ཀྱི་གླུ་དང་བྱེའུ་ལ་བྱེའུ་ཡི་གླུ་ཡོད་འོས།
འདི་ནི་ངའི་ཕ་ཡུལ་གྱི་འབྲོག་པ་ཚོས་ནམ་རྒྱུན་ལེན་པའི་གླུ་ཞིག་རེད། ང་རང་ཆུང་བྱིས་པའི་དུས་ནས་གླུ་འདི་ལ་དགའ་བོ་ཡོད། སྐུ་ཞབས་མགོན་པོ་ལགས་ནས་བོད་ཀྱི་དམངས་གླུ་འདི་ཚོར་གུ་ཡངས་རེ་གནང་རོགས། འདི་ཚོ་ནི་རང་རེའི་ཕ་མེས་ཀྱི་བརྒྱུད་པའི་ནོར་བུ་དེང་སང་གི་མི་བུ་རྐྱལ་སྟོང་ཚོའི་མིག་ལམ་ན་རིན་ཐང་ཅི་ཡང་མི་ལྡན་པའི་བོད་ཀྱི་རིག་གནས་རྙིང་བའི་གྲས་རེད་ལགས། སྤྱིར་སྐུ་ཞབས་མགོན་པོ་ལ་ཀླུ་སྨྱོན་གྱི་ཡོད་ཚད་དགྲ་རུ་སྣང་བ་འདི་གཅིག་པོས་སྐྱེ་བ་སྔོན་མ་ཡོད་པས་མི་ཚད་སྐྱེ་བ་སྔོན་མར་ཀླུ་སྨྱོན་དང་ཁྱེད་གཉིས་ཕན་ཚུན་གྱི་དགྲ་གཤེད་དུ་གྱུར་མྱོང་བ་དེ་ཡང་སྟོན་བཞིན་འདུག་ལགས།
ཁྱེད་རང་ངའི་དགྲ་ཡིན་པ་དེ་འདྲ་རྩ་བ་ནས་སེམས་ལ་ཤར་མ་མྱོང་། བཤད་ཀྱང་མ་མྱོང་། ཁྱེད་རང་ངའི་དྲ་གྲོགས་རེད། ཡིན་ན་ཡང་། ཁྱེད་རང་གི་སེམས་ལ་དགྲ་ཟེར་བའི་ཡིག་འབྲུ་འདི་དེ་འདྲ་ཤར་རྐྱེན་པའི་རྒྱབ་ལོགས་ཀྱི་རྒྱུ་རྐྱེན་དེ་ངས་མགོ་ཚོས་ཀྱི་མི་འདུག རྣམ་རྟོག་མང་སོང་བ་རེད་དམ་ཡང་ན་དོགས་པ་མང་སོང་བ་རེད།
ཡང་ན་ཁྱེད་ཚོས་མར་གྱུར་སེམས་ཅན་ཐམས་ཅད་ཅེས་རྟག་ཏུ་བརྗོད་བཞིན་པ་དེར་གྲུབ་འབྲས་ཟློག་ཕྱོགས་ནས་ཐོན་པ་རེད།