རྔ་བ་ཀུན་བཟང་སྒྲོལ་མ།
ཀ་ཁའི་དབྱངས་རྟ་མ་ཐོས་གོང་
ས་མཐའ་སྐྱིད་སྡུག་མ་མྱོང་གོང་
མུན་ནག་གིས་འཇིག་རྟེན་མ་སྒྲིབ་གོང་
ཅི་འདྲའི་ཡིད་དུ་འོང་པ་ཞིག
བདག་གི་བྲང་གཞུང་ནས་ལྡེམ་པའི་སྙིང་གསོན་པོ་ཞིག
མེ་ཏོག་གི་སྒང་བུ་བཞིན་
ཁད་ཀྱིས་ ངའི་འཇིག་རྟེན་ནས་ལྷོད་ཀྱིས་འཛུམ་བྱུང་
དུས་དེར་ངའི་འཇིག་རྟེན་ན་
ཁྱེད་ནི་རྩ་ཐང་ནས་ཆད་པའི་མེ་ཏོག་སེར་ཆེན་ཞིག་དང་
དུས་དེར་ངའི་སེམས་པའི་ངོགས་སུ་
ཁྱེད་ནི་རྟ་ནོར་ལུག་གསུམ་ལ་དུངས་བའི་རྫི་བོ་ཆུང་ཆུང་ཞིག
ད་དུང་ངའི་དྲན་འཛིན་ཀློང་ན་
ཁྱེད་ནི་རང་ཡུལ་དང་བྲལ་བའི་ཡུལ་གྱར་བ་ཞིག་དང་
སེམས་པ་ཁ་ཐག་མ་རིང་བའི་མ་ཡུམ་ཚོར་
རྟག་ཏུ་དྲན་ཡོད་ལ་
རྟག་ཏུ་ སྒོམ་བཞིན་ཡོད་པས་
ངས་ཁྱེད་རང་དྲན་པའི་སྙན་ངག་གི་སྨྱུག་རྩེར་དལ་གྱིས་འགུལ
སྐད་ཅིག་མ་ཡིན་པའི་མི་ལོ་བརྒྱད་
རྨི་ལམ་མ་ཡིན་པའི་སེམས་གཏམ་བརྒྱད་
ངའི་འཇིག་རྟེན་ན་ ད་དུང་རྡོ་ལ་རི་མོ་བརྐོས་པ་བཞིན
བདག་གི་རྣ་བའི་བུ་ག་རེ་ནས་
ད་དུང་གསལ་འདུག་ལ
ཀ་ངོ་ང་ངོ་མ་ཤེས་པའི་བུ་མོ་གླེན་མ་ཞིག་
ཁྱེད་ཀྱི་འཇིག་རྟེན་ན་འཛུལ་པ་ནས་བཟུང་
འཇིག་རྟེན་ལ་ལ་ཞིག་
བརྩེ་དུངས་ཀྱིས་མི་ཡུལ་བཞེངས་པ་ཚོར་ལ་
འཇིག་རྟེན་ལ་ལ་ཞིག་གིས་
ཁྱེད་ཀྱི་འཇིག་རྟེན་ན་འོད་སྣང་གིས་རེ་སྒུག་བྱེད་ཞོར་
ཁ་སང་གི་གཏམ་རྒྱུད་
སྐྱོ་སྣང་གིས་ཟད་སོང་ན་
དེ་རིང་གི་ལས་དབང་
དྲན་གདུང་གི་མིག་ཆུས་བརླན་པས་
གང་ལྟར་ ངས་སང་ཉིན་གྱི་བདེ་སྐྱིད་ལ་
དེ་རིང་གི་ཁྱེད་ གནས་འདི་ནས་སྒུག་ངེས་ལ
འདིར་ལྟར་ང་ཁྱེད་དང་འཕྲད་པ་ནས་བཟུང་
ངའི་འཇིག་རྟེན་ན་
སྔར་མེད་ཀྱི་སེམས་པ་དམར་བོ་ཞིག་དང་
འགྱུར་བ་མེད་པའི་ཞི་བདེ་ཞིག་ཡོད་པས་
ངས་སྤྲོ་སྐྱིད་ལྡན་པའི་ཁྱོད་ཀྱི་དགོད་སྒྲར་ཉན་ན་འདོད་
ད་དུང་ ངས་ཁྱོད་ཀྱི་དྭངས་གཙང་གི་སེམས་པ་རུམ་ཞོར་
ངའི་ཤ་རུས་ཁྲག་གི་རྩ་བ་དང་
སྙིང་ཆུང་དམར་པོའི་བདག་དབང་
སྡུག་ན་མིག་ཆུ་གཏོང་ས་དང་
སྐྱིད་ན་སྙིང་གཏམ་གླེང་ཡུལ
ད་དུང་ཉལ་ན་མགོ་བོ་འཇོག་ས་
འགྲོ་ན་གོམ་གསུམ་སྤོ་རོགས་
ཁྱེད་ཡིན་པས་ངས་ཁྱེད་གཏད་ནས་བརྫེད་མི་ཐུབ
དེ་ཕྱིར་ ངས་ཁྱེད་ནམ་ཡང་འབོར་མ་མྱོང་ལ་
དེ་ཕྱིར་ ངས་ཁྱེད་གང་ནས་ཀྱང་དྲན་མྱོང་པས
ཁྱེད་ཀྱིས་ཚོར་ཡོད་དམ་
ལོ་ཟླ་འདི་ཚོར་
ཁྱེད་ངས་ཆེད་དུ
ཁེར་རྐྱང་གི་ན་ཟུག་ཚད་མེད་མྱངས་ཡོད་ལ་
དྲན་གདུང་གི་མིག་ཆུ་རྗོགས་མེད་བཏང་ཡོད་བདེན་མོད་
གང་ལྟར་ ཁྱེད་ཀྱིས་མིག་ཆུ་མ་འདོན་རོགས་
མིག་ཆུ་དེ་ཁྱོད་ཀྱི་བརྩེ་དུངས་ཀྱི་རིན་ཐང་ཡིན་ངེས་ལ་
སྐྱོ་གླུ་དེ་ཁྱོད་ཀྱིས་ དྲན་གདུང་ཡིན་པས་
ངས་ནམ་ཡང་ཁྱེད་ཁོ་ན་བསམ་ཞོར་
ཁྱེད་ཁོ་ན་དྲན་ཞིང་
ཁྱེད་ཁོ་ན་གླེང་པའི་ངའི་བྲང་གཞུང་ན་
ནམ་ཡང་ བརྗེད་མི་ཐུབ་པའི་སྙིང་གསོན་པོ་ཞིག
༢༠༡༣ ༣ ༢༩ ཉིན་བྲིས།
རྔ་འབུད་བཞིན་ཡོད་ལ། རོལ་མོ་གདན་སུ་བཏང་ནས་ཡོད། ད་ཕེབས་ཤིག་ངའི་སྙིང་གི་མཛེས་མ། ཨ་ཧོ་ཉེར་དགུའི་ཉིན་གུང་གི་ཟླ་བ་་་་་་་ཁྱོད་ནི་ངའི་ཡོད་ཚད་དེ། ཁྱོད་མེད་ན་ང་འཇིག་རྟེན་འདི་ནས་འཆི་མི་ཐུབ། ཚེས་གཅིག་མཚན་དཀྱིལ་གྱི་ཉི་མ་་་་་་ཁྱོད་ཀྱི་བདེ་དྲོད་ལས་ང་འཇིག་རྟེན་འདིར་སྐྱེས་བྱུང་། འོན་ཀྱང་ཁྱོད་ནི་ང་སྐྱེས་ཟིན་པའི་རྗེས་སུ་འཁྲུངས་པ་རེད་ཡ་་་་་ཅི་འདྲའི་ཡ་མཚན་པ་ལ། ཡོད་ཚད་ནི་ལས་དབང་གིས་བསྐྲུན་འདུག
ཧཧཧཧ་་་་་་་་རང་མོས་སྙན་ངག་འདི་ལྟར་བྲིས་ནས་ངའི་སེམས་ཁོང་ན་ཡོད་པའི་གནད་དོན་ཞིག་མཚོན་ཐུབ་པར་བཤད་ན་ལོས་འགྲིག