བན་ལོག ༼འབྲུག་ཡུལ༽
ནུབ་ཀྱི་རྒྱ་མཚོའི་འགྲམ་ནས།
ངས་ཉི་ནུབ་ཀྱི་བར་ཐག་མཇལ།
རྒོད་པོའི་གཤོག་རླབས་ནི་ཇི་འདྲའི་ཡིད་དུ་འོང་།
གཡས་གཡོན་གྱི་གཅེར་གཟུགས་ནི་ཇི་འདྲའི་སྙིང་རེ་རྗེ།
ཕྱི་གླིང་བ་མགོ་སེར་ཚོས།
པར་ཆས་ཀྱི་མཆུ་ཏོ་གང་དུ་བསྲིངས།
མདོག་ཤོར་བའི་ནུ་ཁེབས་གང་དུ་གཡུགས།
ཚོད་ཚོད་ལ། ཤུགས་རིང་ཁ་ཤས་ཤོར།
རུས་རྐང་ས་ལ་འཐོར་དུས།
སྙན་ངག་གི་རླབས་རྒྱུན་འདི་རུ་ལྷག་ཡོད་དམ།
ཡུལ་གྱར་བ་གཞན་ཞིག་གི་རྐང་རྗེས་ཡང་འདི་རུ་ལྷག་ཡོད་དམ།
ནུབ་ཀྱི་རྒྱ་མཚོའི་འགྲམ་ནས།
ངའི་སྐྲ་ལོ་རླུང་གིས་ཁུར་སོང་།
ངའི་གྲིབ་གཟུགས་བྱེ་མར་འཐིམས་སོང་།
ངའི་སྙན་ངག་རླབས་ཀྱིས་དེད་སོང་།
སྤྲིན་པ་ཞིག་མཁའ་དབྱིངས་ན་དལ་གྱིས་བགྲོད།
གྲུ་གཟིངས་ཞིག་མཚོ་དཀྱིལ་ན་ཡོམ་ཡོམ་འདར།
ང་རང་ནམ་མཁའི་ཉི་འོད་དང་ལྷན།
ཐག་རིང་ཐག་རིང་ཞིག་ལ་དྲན་པ་ཤོར།
༢༠༡༣ ༣ ༢༧ ཉིན།
སྙན་པོ་འདྲ་ཞིག་ཚོར་སོང་།
བདག་གིས་ཁ་བརྡའི་དྲ་རྒྱ་ཉུལ་ཉུལ་བའི་ཐ་མར། རོལ་མྱོང་བྱ་འོས་པའི་སྙན་ངག་ཅིག་མཐོང་སོང་བ་ནི་ཁྱེད་ཀྱི་སྙན་ངག་འདི་ཁོ་ན་ཡིན།
ལྷོད་ཀྱི་རྒྱ་མཚོའི་འགྲམ་ན་ལྷག་རླུང་ངང་གིས་ལྡང་སོང་
སེམས་ཀྱི་རེ་སྙག་ཕྲ་མོ་གཞོན་བའི་དཀྱིལ་ལ་ཤོར་སོང་
མཛེས་བའི་ཕྱི་གླིང་བུ་མོའི་མྱོས་བུམ་ཉ་རྒྱས་ཟླ་གཟུགས་
དམར་རྗེན་གཡོ་བའི་ཉམས་འགྱུར་དགའ་མ་སྟོང་གི་ལྷག་ཡིན་
སྐུ་མགྲོན་གསུམ་འདིར་ཕེབས་པར་དགའ་བསུ་ཞུ།