སྙན་བཟང་གཡུང་དྲུང་ཚེ་རིང་།
ལྔ་།
ཁོང་གིས་མུ་མཐུད་དུ་གསུང་རྒྱུར། ཆོས་ཕྱོགས་ཀྱི་སྐོར་ནས་ཞུས་ནའང་། ཆོ་ག་ཕྱག་ལེན་བྱེད་པའི་སྐབས་སུ་རོལ་དབྱངས་ཀྱི་ནུས་པ་འཕར་མ་ཞིག་སྤྲོད་ཀྱིན་ཡོད་སྟབས། དེ་ཉིད་བེད་སྤྱོད་བྱེད་པའི་གོམས་སྲོལ་ཞིག་ཡོད་ལ། རོལ་དབྱངས་དེ་དག་ཧ་ཅང་ཚད་མཐོ་པོ་ཡོད།
དེ་བཞིན་ནུབ་ཕྱོགས་ཡུ་རོབ་ལྟ་བུ་ཞིག་ལ་ཆ་མཚོན་ནས་བཤད་ནའང་། ཁོང་ཚོའང་སྲོལ་རྒྱུན་གྱི་གླུ་གཞས་མི་འདྲ་བ་ཁག་གྲངས་ལས་འདས་ཤིང་། དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་སྒྲ་རྒྱན་དང་བྱ་དཀའ་བ་ལྟ་བུའི་ལམ་ནས་བརྩམས་པའི་གཞས་ཚིག་མང་པོ་ཡོད། སྐབས་དེར་བྱོན་པའི་སྐྱེས་བུ་དཔེར་ན་ལོ་བུ བན བྷིས་ཏྲོ་བན(Ludwig Van Beethoven)དང་། ཡོ་ཧྲན ཟུ་བྷ་སི་ཏྲན བྷ་ཧུ (Johann Sebastien Bach ) བོ་རྒན ཨ་མ་ངྷུ་སི མོ་ཛར(Wolfgang Amadeus Mosart)སོགས་ཀྱིས་མཛད་པའི་གཞས་ཚིག་དེ་ཚོ་ནི་འཛམ་གླིང་གི་མི་ཕལ་མོ་ཆེས་ཁས་ལེན་བྱེད་ཅིང་། ཚད་འཛིན་ས་ཞིག་ཏུ་ངོས་འཛིན་བྱེད། རོལ་དབྱངས་སོགས་ཀྱང་རྩེ་ཕུད་ལྟ་བུར་ཡོད་པས། ཉི་ཧོང་དང་ལྷོ་ཁོ་རེ་ཡ་སོགས་ཀྱིས་མཚོན་པའི་ཤར་ཕྱོགས་ཨེ་ཤེ་ཡའི་ཡུལ་དུ་གདེང་འཇོག་ཆེན་པོ་ཐོབ། དེས་ག་ལ་ཚད་དེ། ཉི་ཧོང་དང་ཁོ་རེ་ཡའི་གཞས་པ་དང་གཞས་མ་ཚོས་བྷིས་ཏྲོ་བན་གྱིས་བླངས་པའི་གཞས་དེ་ཚོ་བསྐྱར་ལེན་བྱེད་སྐབས། ནུབ་ཕྱོགས་ཀྱི་གཞས་པ་དང་གཞས་མ་ཚོས་ཁོང་ཚོར་འགྲན་ཟླ་བྱེད་མི་ནུས། གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ལ་འགྱུར་བ་ཞིག་འགྲོ་བཞིན་ཡོད་ལ། མིའི་མཐོང་རྒྱ་དང་བསམ་བློའང་དེ་བཞིན་དུ་རྒྱ་ཆེ་རུ་འགྲོ་བཞིན་ཡོད།
བྷིས་ཏྲོ་བན་གྱིས་བརྩམས་པའི‘‘རོལ་དབྱངས་མཉམ་གཏོང་ཨང་དགུ་པ’’(The Symphony No. 9)ཞེས་པ་ནི་སྲོལ་རྒྱུན(Classical)གླུ་གཞས་ཁག་ལས་རྒྱུག་ཆེ་ཤོས་དེ་མིན་ནམ་སྙམ། གཞས་དེ་ཕྱོགས་སྣ་སྒོ་མོ་ནས་ཚད་མཐོ་པོ་དང་སྙན་མོ་ཞིག་ཡོད་པས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་དགའ་མོས་ཆེན་པོ་བྱེད། དེང་སང་ཡུ་རོབ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་མི་ལོ་བཅུ་ཕྲག་འགའ་ཕྱིན་ཡོད། རྒྱལ་ཚོགས་དེ་ནི་རྒྱལ་ཁབ་ཅིག་གི་ངོ་བོ་ལྟ་བུར་གྲུབ་ཡོད་སྟབས་འདི་ལ་རྒྱལ་གླུ་ཞིག་དགོས་ཀྱི་ཡོད་ནའང་། ཁོང་ཚོས་རྒྱལ་གླུ་གསར་དུ་མ་བརྩམས་པར་གོང་གི་བྷིས་ཏྲོ་བན་གྱི་བརྩམས་ཆོས་དེ་རྒྱལ་གླུར་ངོས་འཛིན་བྱས་ཏེ་བེད་སྤྱོད་གཏོང་བཞིན་ཡོད།
འདི་དག་ཞུ་དགོས་པའི་རྒྱབ་ལྗོངས་ནི། རང་རེ་བོད་ལ་མཚོན་ནས་བཤད་ནའང་སྲོལ་རྒྱུན་གྱི་རོལ་དབྱངས་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་པས། དེང་རབས་ཀྱི་གླུ་གཞས་པོབ་ལྟ་བུ་གཅིག་པུར་མགོ་འཁོར་ནས་སྡོད་མི་རུང་། དཔེར་ན། གོང་གི་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་གླུ་གཞས་གྲགས་ཅན‘‘རོལ་དབྱངས་མཉམ་གཏོང་ཨང་དགུ་པ’’ལྟ་བུར་རང་རེའི་སྲོལ་རྒྱུན་གྱི་རོལ་ཆ་བེད་སྤྱོད་བཏང་ནས་གཞས་ཤིག་ལེན་ཐུབ་ན་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་སྲིད། འདིར་དཔེར་མཚོན་ཞིག་བཞག་ན། བརྒྱད་ཅུ་གྱ་གྲངས་ནང་ཡིན་སྙམ་པ་ཡོད། སྐབས་དེར་དངོས་གྲུབ་རྡོ་རྗེ་ལགས་ཞུ་བ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་གྱི་རོལ་ཆས་ཏེ་རྔ་སྦུག་དང་། རྒྱ་གླིང་། དུང་། དུང་ཆེན། རྐང་གླིང་སོགས་བེད་སྤྱོད་ཀྱིས་དེང་རབས་ཀྱི་གླུ་གཞས་ཤིག་བརྩམས་ཡོད། གླུ་གཞས་དེར་ཉན་ནས་ནུབ་ཕྱོགས་ཀྱི་སྒྱུ་རྩལ་པ་སྐོར་ཞིག་ལ་ངོ་སྤྲོད་བྱས་པར། ཁོང་ཚོས་ཀྱང་གདེང་འཇོག་ཆེན་པོ་གནང་། ཡིན་ན་ཡང་ང་ཚོར་གསར་བཏོད་ཀྱི་ལམ་ཁ་མེད་པ་ག་ལ་ཡིན་ཏེ། ཕྱིས་སུ་བོད་ཀྱི་སྤྱི་ཚོགས་ནང་གཞས་འདི་རིགས་ཐོས་རྒྱུ་མེད་པའི་སྐལ་ངན་ཞིག་ཤར་བར་གྱུར།
དེས་ན། བོད་ཀྱི་གཞས་པ་གཞས་མ་ཚོའི་འགན་འཁྲི་ནི། ཁོང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་དེ་ཚོ་ཉར་ཚགས་བྱེད་དགོས་ཤིང་། དེ་རྨང་གཞིར་བྱས་ཏེ་གླུ་གཞས་གསར་པའི་རིགས་གསར་བཏོད་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་རེད། གོང་དུ་ཞུས་ཟིན་པ་ལྟར། སྲོལ་རྒྱུན་གྱི་གཞས་དེ་ཚོའང་ཚད་མཐོ་རུ་བཏང་ནས་གནས་རིམ་གཉིས་པ་དང་གསུམ་པ་ལྟ་བུ་ཞིག་གི་ཕྱོགས་ན་འཁྲིད་ཐུབ་དགོས། དེའི་ལས་འགན་ཏན་ཏན་ཡོད། སྤྱིར་བཏང་སྒྱུ་རྩལ་པ་ཟེར་བ་ནི་བསམ་བློའི་སྣེ་འཁྲིད་མཁན་དང་། མདུན་ལ་བསྐྱོད་མཁན་ཞིག་ཏུ་ངོས་འཛིན་བྱེད། སྤྱི་ཚོགས་གང་དང་གང་ཞིག་ཡིན་རུང་། སྒྱུ་རྩལ་པ་དེ་ཚོས་དེ་ལྟར་ལས་འགུལ་སྤེལ་བའི་ཕྱིར་ན། ང་ཚོའི་སྒྱུ་རྩལ་པ་ཚོས་ཀྱང་དེ་ལྟར་ཕྱག་ལས་གནང་དགོས་པར་སེམས། དེ་ནས་སྒྱུ་རྩལ་པ་ཟེར་བ་འདི་བསམ་བློ་རྒྱ་ཆེན་པོ་གཏོང་མཁན་དང་། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མཁན་ཞིག་ཡིན་པ་འཛམ་གླིང་གིས་ངོས་འཛིན་བྱེད་ཅིང་། ང་ཚོས་ཀྱང་དེ་ལྟར་ངེས་པར་དུ་གནང་དགོས་པ་རེད་དྲན།
སྟབས་ལེགས་པ་ཞིག་ལ། ཉེ་ཆར་བོད་ཀྱི་སྤྱི་ཚོགས་ནང་གཞས་པ་དང་གཞས་མ་ཚོར་མཐོང་སྣང་ཡག་པོ་ཞིག་བྱུང་ཡོད་པ་མ་གཏོགས། སྔར་སྲོལ་རྒྱུན་གྱི་གླུ་གཞས་ལེན་མཁན་དེ་ཚོར་གདེང་འཇོག་ཚད་མཐོ་པོ་གནང་མེད། དེང་སང་འགྱུར་བ་ཞིག་འགྲོ་བཞིན་པའི་མུར་ཡོད། སྤྱིར་བཏང་འཛམ་གླིང་གིས་གླུ་གཞས་ལ་གདེང་འཇོག་ཅི་ཙམ་བྱེད་པ་ཉིས་སྟོང་བཅུ་དྲུག་ལོར་བྱུང་བའི་གནས་ཚུལ་ལས་ཤེས་ཐུབ། དེ་ཡང་ཨ་རིར་བཞུགས་པའི་སྒྱུ་རྩལ་པ་བྷོབ ཌེལིན(Bob Dylan)གྱིས་ཕུན་སུམ་ཚོགས་པའི་ཨ་རིའི་སྲོལ་རྒྱུན་གྱི་གླུའི་ཁྲོད་དུ་སྙན་ངག་གིས་བཅིངས་པའི་བརྗོད་ཚུལ་གསར་པ་བསྐྲུན་པ་དེ་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཕུལ་ཡོད་ཅེས་གསུངས།
མཚམས་འདིར་སླེབས་སྐབས། ཁོང་གིས་དུས་ཚོད་བརྒལ་བ་མིན་ནམ་སྙམ་པའི་ཐུགས་དྲན་གསོས་ཤིང་། དེ་ནས་བྲེལ་བའི་དབང་གིས་མུ་མཐུད་དུ་གསུང་བཤད་གནང་མ་ཐུབ་པར་གྱུར།
ཡིན་ནའང་། ཁོང་ཡུ་རོབ་ཏུ་ཐོག་མར་འབྱོར་སྐབས་དགུང་ལོ་བཅུ་གཅིག་ཡིན་ཅིང་། མར་དྲི་དང་རྩམ་དྲི་མི་བྲོ་བའི་སྤྱི་ཚོགས་ཤིག་གི་ནང་དུ་ཧ་ལམ་མི་ཚེ་གཅིག་ཕྱིན་ནའང་། ཁོང་གིས་བོད་སྐད་སྐྱོན་སྟངས་དེ་གཞན་དང་མ་འདྲ་བ་ཞིག་ཡོད་པ་སོགས་ལ་བསམས་ཏེ། སྐབས་དེར་ངས་ཁོང་གི་བོད་སྐད་ལ་ཡི་རངས་བྱས་པ་ཡིན་ལ། ཕོ་རོག་དཀར་པོའི་ཚོགས་མི་ཞིག་གིས་ཀྱང་བརྗོད་གཞིའི་དེའི་སྐོར་ལ་དྲི་བ་ཞིག་དྲིས་པར། ཁོང་གིས་བོད་སྐད་རང་རྐྱ་འཕེར་བ་ཞིག་བཤད་ཐུབ་པ་འདི་ལ་རྒྱུ་རྐྱེན་ཁ་ཤས་ཤིག་ཡོད་ནའང་། རྒྱུ་རྐྱེན་དང་པོ་ནི། ཁོང་བོད་དུ་སྐྱེས་པ་དེས་སེམས་དེ་བོད་དང་ཁ་ཐག་ཉེ་ཞིང་། ནམ་ཡང་འབྲལ་ཐབས་མེད་པའི་ཚོར་བ་གཏིང་ཟབ་མོ་ཞིག་ཡོད། ལྷག་པར་དུ་བོད་ཟེར་དུས་སྒྲུང་དུ་འབྱུང་བ་ལྟ་བུ་མིན་པར་རང་ཉིད་དེ་རུ་སྐྱེས་པས་སེམས་ཀྱི་མངར་ཆ་ལྟ་བུ་ཞིག་ཡོད་པ་དེ་མི་འདྲ་བ་ཞིག་རེད། རང་ཉིད་བོད་མི་ཞིག་ཡིན་སྙམ་པ་དང་། རང་གིས་བོད་ཡིག་བདག་པོ་བྱེད་དགོས་པའི་ཚོར་བ་དེ་ཆུང་དུས་ནས་ཡོད།
དེ་ནས་རྗར་མན་དུ་སླེབས་སྐབས། ཁོང་ཚོ་བུ་དྲུག་དང་བུ་མོ་དྲུག་ཡོད་ཅིང་། ཁོང་ཚོའི་མཉམ་དུ་ཕ་ཚབ་མ་ཚབ་དང་། ཆོས་དགེ་ཞིག་ཀྱང་བཏང་ཡོད་པ་རྗར་མན་གྱི་གྲོབ་གསེབ་ཅིག་གི་བོད་ཕྲུག་ཁྱིམ་སྡེ་ཞིག་ཏུ་བསྡད་པ་ཡིན། དེ་ན་ང་ཚོར་ཁྲི་བརྟན་ནོར་བུ་ཞེས་པའི་ཁང་པ་ཞིག་ཡོད། སློབ་གྲྭ་གྲོལ་རྗེས་ཁྲི་བརྟན་ནོར་བུར་ལྡོག་ན་ཆོས་དགེ་དང་། ཕ་ཚབ་མ་ཚབ་ཀྱིས་དུས་ཚོད་ནམ་བྱུང་ལ་བོད་ཀྱི་ལོ་རྒྱུས་ཀྱིས་མཚོན་པའི་བོད་སྐད་སློབ་ཀྱི་ཡོད། ཕྱིས་སུ་སློབ་གྲྭ་གཞན་ཞིག་ཏུ་འགྲོ་དགོས་བྱུང་ནའང་། སྔར་བོད་ཡིག་བསླབས་པའི་རྨང་གཞི་དང་། རིག་པ་ཡག་པོ་ཡོད་པས་སྐད་རིགས་སྐོར་ཞིག་མ་བརྗེད། སྤྱིར་བཏང་ལོ་ཆུང་ཆུང་ཡིན་སྐབས་ཀླད་པ་དེ་མཉེན་མོ་ཡོད་སྟབས་གང་དང་གང་ཞིག་སྦྱངས་ནའང་མགྱོགས་པོར་ཤེས་པར་ནུས་སྟོབས་ཤིག་ཡོད་མོད། འོན་ཀྱང་། རྗར་མན་དུ་སླེབས་རྗེས། རྙོག་དྲ་ཅན་གྱི་རྟ་བོའི་ལོགས་སྐད་དང་། ཀ་བློན་སྦུག་ཏུ་ཡོད་སྐབས་སྦྱངས་པའི་བལ་སྐད། དེ་ནས་སིམ་ལར་གནས་སྐབས་ཤེས་པའི་རྒྱ་གར་སྐད་བཅས་ནི་སེམས་ནས་འཇའ་བཞིན་ཡལ་བར་གྱུར།
ཡང་། བོད་སྐད་མ་བརྗེད་པའི་རྒྱུ་མཚན་གཞན་པ་ཞིག་ནི་ལོ་གཅིག་རིང་སུད་སིར་ཐེངས་རེ་ཕྱིན་པ་དེའི་དྲིན་ཡིན་སྙམ། སྤྱི་ལོ་༡༩༧༠ཡས་མས་ཤིག་ལ་སུད་སི་ནས་བོད་རིགས་གཞོན་ནུ་ཚོགས་པ་ཟེར་བ་ཞིག་བཙུགས་ཤིང་། ཚོགས་པ་དེ་འཛུགས་དགོས་པའི་རྒྱུ་མཚན་ནི་ཡུ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་དུ་གནས་པའི་བོད་རིགས་གཞོན་སྐྱེས་ཚོ་དུས་གཅིག་ལ་ཞག་མ་ཁ་ཤས་རིང་མཉམ་འཛོམས་ཀྱིས་བརྗོད་གཞི་སྣ་ཚོགས་ཀྱི་སྐོར་ལ་བགྲོ་གླེང་བྱ་ཆེད་ཡིན། བགྲོ་གླེང་གི་སྐབས་སུ་བོད་སྐད་ཁོ་ན་ཤོད་ཀྱི་ཡོད་ལ། སྐབས་དེར་བོད་ཀྱི་ཐ་སྙད་ཀྱིས་མ་ལྡང་བའི་དཀའ་ངལ་བྱུང་སྐབས། ད་དུང་བོད་སྐད་ལ་འབད་བརྩོན་བྱེད་དགོས་འདུག་སྙམ་པའི་ཚོར་བ་དྲག་ཏུ་སྐྱེས་མྱོང་།
ད་དུང་ཡིད་ལ་གསལ་པོ་དྲན་པ་ཞིག་ལ། བདུན་ཅུ་དོན་གྲངས་ནང་། ཨིན་ཇིའི་རྒྱལ་ཁབ་ཏུ་གནས་པའི་བོད་མི་ཞིག་སུད་སུའི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་འདུ་ཞིག་ཏུ་ཕེབས་ནས་གཏམ་བཤད་གནང་སྐབས། ཁོང་གིས་བོད་སྐད་ནང་ཡིད་དབང་འཕྲོག་པའི་གཏམ་བཤད་ཅིག་གནང་བྱུང་། ཉིན་དེར་སེམས་ཀྱི་གཏིང་ཞིག་ལ་བོད་སྐད་ཀྱི་ལམ་ནས་ཀྱང་འདི་འདྲའི་གཏམ་བཤད་ཤོད་ཐུབ་ཀྱི་འདུག་ཨང་སྙམ་པ་ཞིག་བྱུང་བས། དེ་ནས་བོད་སྐད་ལ་དབྱིངས་འཕར་མ་ཞིག་ཞུགས་ཤིང་། དེང་སང་བོད་སྐད་རང་རྐྱ་འཕེར་བ་ཞིག་ཞུ་ཐུབ་པ་འདི་ཁོང་གི་ཐུགས་རྗེའི་བཀའ་དྲིན་ཡིན། ཡང་གཅིག་བཤད་ན། ལོ་རབས་དྲུག་ཅུ་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཨིན་ཇིའི་རྒྱལ་ཁབ་དང་། ཧྥ་རན་སི། སུད་སི། རྗར་མན་དུ་བཏང་བའི་བོད་རིགས་གཞོན་སྐྱེས་དེ་དག་གིས་བོད་སྐད་ཡག་པོ་དང་ལྡང་ངེས་ཤིག་ཤེས་པ་དང་། དེའི་དཔེར་མཚོན་ལྟ་བུར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཟུར་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དྲངས་ཤིང་། སྤྱིར་བཏང་བོད་སྐད་ཤེས་མི་ཤེས་ཀྱི་གནད་འགག་དེ་བསམ་བློའི་འཁྱེར་སོ་དང་། སེམས་ཀྱི་ཀུན་སློང་། ད་དུང་འབད་བརྩོན་བཅས་ལ་རག་ལས་འདུག་ཅེས་དང་། ང་ཚོས་ག་ལེར་གླེང་མོལ་བྱས་ཆོག་ཚུལ་གསུངས་བྱུང་།
ཡིན་ན་ཡང་། ཕོ་རོག་དཀར་པོ་སྐད་ཚོམས་དེ་འཛུགས་སྐབས། ངས་ཉིན་ཤས་ལས་ཚོགས་གཙོའི་འགན་འཁུར་མི་ཐུབ་ཅེས་ཞུས་ཡོད་ནའང་། གྲོགས་བློ་བསྟན་རྣམ་གླིང་ལགས་ཀྱིས་སྐད་ཚོམས་དང་སྒེར་ལམ་བརྒྱུད་ནས་ཨུ་ཚུགས་ཐེངས་མང་བྱས་སྟབས། རེ་ཞིག་ཁོང་གི་ངོ་བཟློག་མ་ནུས་པས་ཟླ་ངོ་གཉིས་ཙམ་རིང་འབད་པ་བྱས། འོན་ཀྱང་ང་ལ་འཛད་དུ་མེད་པའི་དུས་ཚོད་དང་གླུ་གཞས་སྒྱུ་རྩལ་གྱི་སྐོར་ལ་ཤེས་བྱ་མེད་པ་སོགས་ལ་རྐྱེན་བྱས་ཏེ་སྐད་ཚོམས་དེ་སྟངས་འཛིན་བྱེད་འདོད་མེད་པར་གྱུར། ཕྱོགས་གཞན་ཞིག་ནས་ཞུས་ན། སྐད་ཚོམས་འདི་བརྒྱུད་ནས་གྲོགས་བློ་བསྟན་རྣམ་གླིང་ལགས་ཀྱིས་བླངས་པའི་གཞས་དེ་ཚོ་བོད་དུའང་བརྒྱུད་སྤེལ་བྱ་ཐུབ་པ་བྱུང་བས། ད་ནི་སྐད་འཕྲིན་འདི་ཐོག་མར་འཛུགས་དགོས་པའི་དམིགས་ཡུལ་འགྲུབ་སོང་སྙམ་སྟེ། དེ་དོན་གྲོགས་བློ་བསྟན་རྣམ་གླིང་ལ་ཞུས་པར། ཁོང་གིས་ང་ལ་སྐད་ཚོམས་འདི་ཡུན་རིང་དུ་གནས་ན་འོས་ཚུལ་གསུངས་རྗེས། ཁུ་སིམ་མེར་བཞུགས། ཉིན་ཤས་རིང་གྲག་འགུལ་མེད་པར་གྱུར།
སྐབས་དེར། སྐད་ཚོམས་འདི་གློ་བུར་དུ་མེད་པར་བྱས་ཚེ། ཚོམས་འདིའི་ནང་ན་བཀུར་འོས་ཤེས་ལྡན་མི་སྣ་དང་། གཞས་པ་གཞས་མ་མང་པོ་ཞིག་བཞུགས་ཡོད་པས། དེ་ནི་མ་གུས་པ་ཞིག་རེད་སྙམ། དེ་བས་གྲོགས་པོ་སྐོར་ཞིག་ལ་ལམ་སྟོན་ཞུས་པར། མཐར་ཚོགས་མི་ལྔ་བརྒྱ་ལོངས་པ་རྣམས་ཀྱིས་ཚོགས་གཙོ་དང་ཚོགས་གཞོན་གཉིས་མང་མོས་འོས་ཤོག་གི་ལམ་ནས་གདམ་རྒྱུ་དང་། དེ་ཡང་ཟླ་གཉིས་རེའི་མཚམས་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཡང་བསྐྱར་མང་མོས་ལམ་ནས་འདེམས་བསྐོ་བྱ་རྒྱུ་བྱས། བློ་ཕམ་པ་ཞིག་ལ། ཚོགས་མི་ཕལ་མོ་ཆེས་བྱེད་སྟངས་འདི་གལ་ཆེན་དུ་མ་བརྩིས་སྟབས། ངས་སྡིག་པར་མིག་བཙུམས་ཀྱིས་སྐད་ཚོམས་གཏོར་དགོས་བྱུང་།
ཉིན་ཤས་ཀྱི་རྗེས་སུ། རྟའུ་བློ་བཟང་དཔལ་ལྡན་ལགས་དང་ངེད་གཉིས་ཀྱི་བར་ལ་གླེང་མོལ་ཞིག་བྱུང་སྐབས། ཁོང་ལ་ཐུགས་ཕམ་ཞེ་དྲག་བྱུང་ཡོད་པ་ཤེས། ཁོང་གིས་ཚོགས་པ་བཙུགས་ནས་དུས་ཚོད་རིང་པོ་མ་རེད། ད་དུང་ཟླ་ཤས་འགོར་ན་ཚོགས་མི་ཚང་མ་ཕན་ཚུན་ལ་རྒྱུས་ཡོད་དུ་འགྱུར་ཞིང་། ང་ཚོ་སྤུན་ཟླ་ནང་བཞིན་བསྡད་ན་ཆོག་གི་རེད་བསམས་བྱུང་། ཚོགས་མི་ལྔ་བརྒྱ་ལོངས་པ་ཙམ་ཞིག་ཡོད་པས། ཚོགས་གཙོ་དང་ཚོགས་གཞོན་ཏན་ཏན་ཡོད་ངེས་རེད་དྲན་བྱུང་། དེ་ནས་བློ་བསྟན་གྱིས་ཅི་ཡང་མ་གསུངས་པ་དེར་བློ་ཕམ་བྱུང་། གལ་སྲིད་ཁོང་གིས་དགོངས་ཚུལ་ཞིག་གསུངས་ན། ངས་ཀྱང་སྐད་ཆ་ཁ་ཤས་ཤིག་ཞུ་འདོད་ཡོད། སྐད་ཚོམས་དེ་ཁོང་གི་ཆེད་དུ་བཙུགས་པས། ཐོག་མར་ཁོང་གི་དགོངས་ཚུལ་ལ་ཉན་ནས་སྐད་ཆ་ཞུས་ན་འོས་འཚམས་ཡོད་པ་རེད། ད་ཚར་བ་རེད། སྐད་ཚོམས་དེ་ཡུན་རིང་དུ་གནས་ན་ཅི་མ་རུང་། མ་འོངས་པ་ན་ཤེས་ལྡན་པ་དང་གཞས་པ་གཞས་མ་མང་པོ་འཛོམས་སའི་ཚོམས་དེ་འདྲ་ཞིག་གི་ནང་དུ་ཞུགས་ཐུབ་མིན་མི་ཤེས། མིན། ཚོམས་ནང་ཞུགས་རྒྱུར་དགའ་མོས་མེད། དེང་སང་འཕྲོད་བསྟེན་དང་འབྲེལ་བའི་སྐད་ཚོམས་ཤིག་གི་ནང་ན་ཡོད། སྐབས་རེར་འཕྲོད་བསྟེན་དང་འབྲེལ་བའི་སྐོར་ལ་སྐད་ཆ་ཁ་ཤས་ཞུ་ཡི་ཡོད་གསུངས།
དེའི་རྗེས་སུ་ཟླ་ཤས་རིང་འབྲེལ་བ་མེད་པར་གྱུར། ན་ནིང་དབྱར་ཁར་ཡར་བསྐྱར་འབྲེལ་བ་ཞིག་བྱུང་སྟེ། ངེད་གཉིས་ཀྱིས་གླུ་གཞས་དང་གཞས་ཚིག་གསར་རྩོམ་སྐོར་ལ་གླེང་མོལ་ཐུང་ཐུང་ཞིག་བྱས། ཁོང་གིས་དེང་སང་གླུ་གཞས་གསར་རྩོམ་གྱི་ལས་ཀ་དེ་སྔར་བཞིན་བྱེད་ཐུབ་ཀྱི་མེད་པ་དང་། ད་ནི་མི་རབས་གཞོན་པ་ཚོར་རེ་བ་བཅངས་ནས་བསྡད་ཡོད་ཅེས་དང་། ཁོང་གིས་བོད་ཡིག་ཡག་པོ་མི་ཤེས་ནའང་། གང་ཤེས་པ་དེ་རྩལ་དུ་བཏོན་ནས་གཞས་ཚིག་མང་པོ་ཞིག་གསར་རྩོམ་བྱས་པའི་སྐོར་གྱི་གནས་ཚུལ་གསུངས་བྱུང་། སྐབས་དེར་ངས་ཀྱང་རང་གི་མི་ཚེའི་ནང་གཞས་ཚིག་གསུམ་བྲིས་ཡོད་པ་ལས‘‘ཨ་ཇོ་དྲན་གླུ’’ཞེས་པ་དང‘‘མི་རབས་གསར་པ’’གཉིས་བསྐུར་བར། ཁོང་གིས་གཟབ་གནན་གྱིས་གཟིགས་ནས་བསྟོད་བསྔགས་གནང་བྱུང་།
དེ་ནས་བཟུང་ངེད་གཉིས་ཀྱི་བར་ལ་གླེང་མོལ་མ་བྱུང་། ཉེ་ཆར་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞིག་ཞུ་ན་སྙམ་པ་ཞིག་སེམས་ཀྱི་སྦུགས་ན་ཡོད། ཡིན་ན་ཡང་། ལས་འབྲས་དང་རྟེན་འབྲེལ་གྱི་རྣམ་གཞག་ནི་སྒུལ་དུ་མེད་པ་ཡིན་པ་དང་། ལར་ནས་ཚེ་ནི་ཡུན་ཐུང་བ། དེ་ཡང་ནམ་འཆིར་ངེས་པ་མེད་པ་མེད་པའི་རྐྱེན་གྱིས་༢༠༡༩ལོའི་ཟླ་༢པའི་ཚེས་༤ཉིན་སྐུ་གཤེགས་པ་རེད། གཤེགས་རྐྱེན་ནི་སྙིང་ལ་ན་ཚ་རྙིང་པ་ཞིག་ཡོད་པ་དེ་གཤག་བཅོས་བྱས་པ་ལམ་ལྷོངས་མ་བྱུང་བས་རེད་ཟེར། དེས་ན་མཐར་ཞུ་རྒྱུ་གཅིག་ཡོད་པ་ནི། ཁོང་གི་ཚེ་ཚེ་རབས་རབས་སུ་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་པ་དང་། ཁྱད་པར་དུ་བར་དོའི་འཇིགས་སྐྲག་ཡ་ང་བ་ལས་རྣམ་པར་གྲོལ་ཏེ། མངོན་མཐོ་ངེས་ལེགས་ལྷ་མིའི་དད་རྟེན་རིམ་བརྒྱུད། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་སར་བགྲོད་པའི་ལས་ཅན་ཞེ་གཅིག་ཏུ་སྐྱེ་བ་བཞེས་པའི་སྨོན་ལམ་དྲག་ཏུ་འདེབས་སོ། །
ཁོང་གི་མཚན་དེ་སྔར་རྒྱ་གར་ན་ཡོད་དུས་ཤིག་ནས་གོ་ནའང་ལོ་རྒྱུས་ཞིབ་ཚགས་གང་ཡང་མི་ཤེས། རྩོམ་ཡིག་འདི་ལས་ཁོང་གི་ལོ་རྒྱུས་རགས་ཙམ་ཞིག་ཤེས་པས་ཐུགས་རྗེ་ཆེ། ང་རྒྱ་གར་ན་ཡོད་དུས་ཤིག་ལ་སུད་སུ་ནས་བཏང་བ་ཡིན་སྙམ་པའི་གཞས་ཤིག་ལ་ཉན་པ་དྲན། སྐབས་དེར་གཞས་གདངས་དེ་དེ་འདྲའི་སྙན་པོ་ཞིག་ཏུ་མ་ཚོར་ཡང་། གཞས་ཚིག་དེ་ཧ་ཅང་སྙན་པོ་ཞིག་ཏུ་ཚོར། གཞས་ཚིག་འདི་རྩོམ་མཁན་དང་གཞས་འདི་གཏོང་མཁན་སུ་ཡིན་ང་ལ་གསལ་བོ་མེད་ནའང་། རྒྱུ་མཚན་དེ་ཡིན་དང་འདི་ཡིན་གང་ཡང་མེད་པར་སེམས་ཀྱི་ཟུར་ཞིག་ལ་གཞས་ཚིག་འདི་ཁོང་གིས་བྲིས་པ་ཡིན་སྙམ་པ་ཞིག་ད་དུང་འང་སེམས་སུ་ཟུག་འདུག གཞས་ཚིག་ཆ་ཚང་ངས་དྲན་ངོགས་ནས་ཡལ་ཚར་འདུག་མོད། ཟུར་ཞིག་ད་དུང་སེམས་ན་ཡོད་པ་ནི། “སྙིང་ཐུབ་མཛེས་མ་ལགས། བྱུང་ན་དགོངས་པ་བཞེས་ནས། མཉམ་གཤིབས་ཡག་པོ་འདུག མ་བྱུང་སོ་སོའི་ལམ་དེ། སོ་སོ་བྱེད་རྒྱུ་རེད། ད་ནས་ག་ལེར་ཕེབས་ཨ། རྗེས་སུ་མ་འགྱོད་ཨ།” ཟེར་བ་ཕལ་སྐད་ཀྱི་ལམ་ནས་སེམས་པ་དམར་རྗེན་དུ་བསྟན་པ་ཞིག་རེད། གཞས་ཚིག་འདི་ཁོང་གིས་བྲིས་ཡོད་མེད་ལ་མ་ལྟོས་པར་སུད་སི་ནས་ཐོན་པའི་ཊེབ་ཐག་དག་ནི་སྐབས་དེའི་བཙན་བྱོལ་སྤྱི་ཚོགས་ནང་གི་དེང་རབས་ཀྱི་གཞས་ཉན་སྤྲོ་བ་གཅིག་བུ་དེ་རེད། དེ་ནི་ཁོང་དང་ཁོང་གི་ལས་རོགས་དག་གིས་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། འདིར་སྙན་བཟང་ལགས་ཀྱིས། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག” ཟེར་བ་ནི་དོན་གནས་པ་ཞིག་རེད། གང་ལྟར་སྐར་ཆེན་ཁོང་ང་ཚོ་བྲལ་ནས་གཏན་དུ་བཞུད་སོང་ནི་ཧ་ཅང་ཕངས་དགོས་པ་ཞིག་ཡིན་ནའང་། སུས་ཀྱང་ཚོད་འཛིན་བྱེད་མི་ཐུབ་པ་ནི་འཆི་བ་ཟེར་བ་འདི་ཡིན་པས། ངས་ཀྱང་ཁོང་ལ་མྱ་ངན་དང་རྗེས་དྲན་ཞུ་རྒྱུ་ཡིན་པ་མ་ཟད་ལྷ་གཅིག་ཕྱག་ན་པདྨོས་ཚེ་རབས་ནས་ཚེ་རབས་སུ་རྗེས་སུ་འཛིན་པའི་སྨོན་ལམ་ཡང་ལྷན་ཅིག་འདེབས་སོ།། དེ་དང་ཆབས་ཅིག་སྙན་བཟང་ལགས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།