ལུང་རྟོགས་རྒྱལ་མཚན།
དེང་སྐབས་ཚན་འཕྲུལ་དང་དཔལ་འབྱོར་གྱི་རྩེ་མོར་སོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། དེ་དག་གི་རྗེས་སུ་རྐང་པ་འཇོག་བཞིན་པའི་ཤར་ཕྱོགས་རྒྱལ་ཁབ་ཁག་གི་ཡུལ་མི། དེང་རབས་ཀྱི་ཤེས་ཡོན་དང་འབྱོར་པས་ཕྱུག་པ་མང་དག་ཞིག་གིས། སེམས་ཀྱི་ཞི་བདེ་འཚོལ་ཆེད་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། ནང་པའི་རྗེས་འཇུག་པ་ཉིན་རེ་བཞིན་ཇེ་མང་ལ་འགྲོ་བཞིན་ཡོད། འོན་ཀྱང་ནང་ཆོས་དར་ནས་ལོ་ཉིང་སྟོང་ཙམ་ལོན་པའི་བོད་གངས་ཅན་པའི་མི་ཕལ་མོ་ཆེ། ཕྱི་དངོས་པོ་ཁོ་ནའི་རྗེས་སུ་རྒྱུག་སྟེ་བདེ་སྐྱིད་འཚོལ་ཐབ་བྱེད་ཀྱི་ཡོད།
འདིའི་རྒྱབ་ལྗོངས་ལ་བརྟགས་ན། དུས་རབས་རིམ་རྒྱུད་ཀྱིས་ནུབ་ཕྱོགས་པའི་མིའི་ཤེས་རིག་དང་། ལྷག་པར་ཚན་རིག་གོང་འཕེལ་ཤུགས་ཆེར་ཕྱིན་ཏེ་ཆོས་ཀྱི་བསམ་བློ་ཇེ་ཞན་ལ་སོང་བ་དང་། དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དར་ཏེ་དཔལ་འབྱོར་ཡོད་ན་བདེ་སྐྱིད་མཐའ་དག་སྒྲུབ་ཐུབ་པར་བསམ་ནས། ནུས་པ་ཡོད་ཚད་དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་སུ་སྤུངས་ཡོད། དུས་རབས་ཉི་ཤུ་པའི་སྨད་ཙམ་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་དང་། ཤར་ཕྱོགས་ཀྱི་རྒྱལ་ཁབ་རེ་གཉིས་དཔལ་འབྱོར་ཡར་རྒྱས་ཤུགས་ཆེར་ཕྱིན་ཏེ། མི་མང་ཁྲོད་སྒྲོ་ལོར་ས་ཡ་དང་དུང་ཕྱུར་གྱི་བདག་པོ་མང་པོ་བྱུང་ཡོད། འོན་ཀྱང་ཁོང་ཚོས་ཡིད་ཆེས་བྱས་པ་ལྟར་དཔལ་འབྱོར་གྱིས་མི་ལ་བདེ་སྐྱིད་བསྒྲུབས་མ་ཐུབ་པ་མ་ཟད། སྒྲོ་ལོར་ས་ཡའི་བདག་པོ་མང་པོ་མཚན་མོ་གཉིད་ཁུག་མ་ཐུབ་པར་གཉིད་སྨན་བསྟེན་དགོས་པའི་གནས་སུ་ལྷུང་ཡོད།
དེའི་རྐྱེན་གྱིས་ཁོང་ཚོས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ནི། དཔལ་འབྱོར་གཅིག་པུས་ཡོང་མི་ཐུབ་པ་ཤེས་ཏེ་ཆོས་ལ་སླར་ཡང་བློ་ཁ་ཕྱོགས་ཡོད་ཅིང་། བོད་ཀྱི་ནང་ཆོས་ནི་ལྟ་གྲུབ་གཏིང་ཟབ་ཅིང་གནས་ལུགས་རྒྱུ་མཚན་དང་འབྲེལ་བ་ཞིག་ཡིན་པས། དུས་རབས་འདིའི་མིའི་སེམས་ཁམས་དང་མཐུན་པའི་དབང་གིས། བོོད་ཀྱི་ནང་ཆོས་ལ་དོ་སྣང་སླེབས་ཏེ་དུས་ཡུན་ཐུང་ཐུང་ནང་ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་ཕྱིན་ཡོད།
བོད་པ་ཚོར་མཚོན་ན་གོང་གསལ་ལྟར་རང་གི་ལུང་པར་ཆོས་དར་ནས་དུས་ཡུན་རིང་པོ་སོང་ཡོད་ཀྱང་། ཆོས་ལ་སློབ་སྦྱོང་བྱེད་མཁན་ནི་གྲྭ་བཙུན་ཙམ་ལས་མི་སྐྱས་ཆོས་ལ་སློབ་སྦྱོང་བྱེད་པའི་ལམ་སྲོལ་མེད་ཅིང་། སྔ་མོ་ཡིན་ན་གྲྭ་བཙུན་ཁྲོད་ན་ཡང་ཆོས་ལ་སློབ་སྦྱོང་བྱེད་མཁན་ཉུང་ཤས་ལས་བྱུང་མེད། དེའི་རྐྱེན་གྱིས་མི་ཕལ་ཆེ་བར་ཆོས་ཀྱི་གོ་རྟོགས་ཅི་ཡང་མེད་ཅིང་། ལྔ་བཅུ་ང་དགུ་ལོར་བོད་ས་མ་ཤོར་བར་དུ་བོད་དེ་ཕྱི་ཕྱོགས་ལ་སྒོ་རྒྱབ་ནས་བཞག་པའི་དབང་གིས། ནུབ་ཕྱོགས་པ་ལྟར་འཇིག་རྟེན་གྱི་ཉམས་མྱོང་ཡང་དེ་ཙམ་མེད།
ལྔ་བཅུ་ང་དགུ་ལོར་རྒྱ་དམར་གྱི་བཙན་འཛུལ་བྱས་པའི་དབང་གིས་བོད་མི་མང་པོ་ཞིག་ཡུལ་གྱར་ལ་འགྲོ་དགོས་བྱུང་ཡོད། ཁོང་ཚོ་ཕྱི་ཕྱོགས་ལ་སླེབས་ཏེ་ནུབ་ཕྱོགས་པའི་ཚན་འཕྲུལ་དང་དཔལ་འབྱོར་ཡར་རྒྱས་དེ་ཚོ་མཐོང་དུས། རང་གི་ལུང་པར་སྔར་འདི་ལྟ་བུ་ཡོད་མ་མྱོང་བའི་དབང་གིས་འགྲམ་ཆུ་དབང་མེད་དུ་ལྡང་ཡོད་ལ། དེ་དང་མཉམ་དུ་དེང་རབས་ཀྱི་ཤེས་ཡོན་ཡོད་པ་དང་། དཔལ་འབྱོར་ཆེན་པོ་ཆགས་ཐུབ་ན་བདེ་སྐྱིད་མཐའ་དག་འབྱུང་བར་འདོད་པའི། དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་འགོ་སྟོད་ཀྱི་ནུབ་ཕྱོགས་པའི་བསམ་བློའི་ནད་རྙིང་དེ་བོད་པ་ཚོར་འགོས་ཡོད།
དེའི་རྐྱེན་གྱིས་བོད་པའི་སྤྱོད་པ་ཇེ་སྡུག་ལ་སོང་སྟེ་སྟག་གཟིག་སོགས་ཀྱི་པགས་རིགས་དང་། གསེ་རུའི་རྭ། ཙན་དན་སོགས་ནག་ཚོང་རྒྱག་མཁན་མང་པོ་བྱུང་ཡོད་པ་དང་། དངུལ་སྤྲད་སྟེ་ཁྲིམས་འགལ་གྱི་ཐོག་ནས་ནུབ་ཕྱོགས་སུ་འགྲོ་བ་སོགས་སྤྱོད་ངན་མང་དག་བྱས་པའི་དབང་གིས། སྔར་བོད་པར་དགའ་པོ་བྱེད་མཁན་མང་དག་ཅིག་ཡི་ཐང་ཆད་ཡོད་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རི་སོགས་ཕྱི་རྒྱལ་གྱི་གཞུང་ཚབ་དེ་དག་ནས་ཀྱང་། བོད་པ་ལ་སྔར་གཞན་དང་མི་འདྲ་བའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་ཡང་མེད་པར་གྱུར་ཏེ། དེང་སྐབས་བོད་པ་ལ་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྔར་སློབ་ཕྲུག་ཁག་ཅིག་ཕྱིར་མ་ལོག་པའི་དབང་གིས་བོད་གཞུང་ནས་རྒྱབ་གཉེར་དང་། ངོས་སྦྱོར་གནང་བ་དེ་དག་ལ་ཡང་ཐོངས་མཆན་མ་རག་པའི་གནས་ཚུལ་བྱུང་ཡོད།
སྤྱིར་ཕྱི་དངོས་པོའི་ཡར་རྒྱས་དང་ཚན་རིག་འཕྲུལ་ལས་སོགས་དེང་དུས་རིག་གནས་ཐད་ནས་ང་ཚོ་རྗེས་སུ་ལུས་ཡོད་ཀྱང་། ནང་ཆོས་ཀྱི་བཀའ་དྲིན་ལས་ནང་སེམས་ཀྱི་ཞི་བདེ་དང་བཟང་སྤྱོད་ནི་གཞན་ལས་ལྷག་པ་ཞིག་ཡོད། ཡིན་ན་ཡང་གོང་གསལ་ལྟར་བཟང་པོའི་བསམ་སྤྱོད་འདི་དག་མུ་མཐུད་ཉམས་རྒུད་ཕྱིན་པ་ཡིན་ན། ཕྱི་ནང་གཉིས་ཀ་ནས་ང་ཚོ་རྗེས་སུ་ལུས་རྒྱུ་རེད་ལ་ང་ཚོར་བལྟ་ས་ཅི་ཡང་མེད་པར་འགྱུར་ངེས་རེད། འདིར་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤད་འོ་མའི་མར་ལོ་ནི། ང་ཚོས་ངེས་པར་དུ་རང་གིས་རང་ལ་ཞུ་དག་བྱེད་པའི་དུས་ལ་སླེབས་འདུག་ལ། ཕྱིའི་དཔལ་འབྱོར་གཅིག་པུའི་བདེ་སྐྱིད་མཐར་ཐུག་དེ་སྒྲུབ་མི་ཐུབ་པའི་ངེས་ཤེས་བརྙེད་དགོས་ཀྱི་འདུག་ཅིང་། དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་བློས་བཏང་བའི་སྤྱོད་ངན་འདི་འདོར་དགོས་ཀྱི་འདུག་ཞེས་པ་འདི་འོ།།
རྩོམ་ཡིག་འདི་ཐེངས་དང་པོར་ངོ་དེབ་སྟེང་ནས་བཀླགས་པ་ཡིན། མཆན་བུ་གང་ཡང་བཏབ་མེད། སྤྱིར་ན་བདེ་སྐྱིད་ཀྱི་ངོ་བོ་འཛིན་སྟངས་ཐད་མི་འདྲ་བ་སྣ་ཚོགས་ཡོད་དེ། ཕྱི་དངོས་པོ་དཔལ་འབྱོར་དང་ནང་སེམས་ཀྱི་བདེ་བ་དེ་ཉིད་གཙོ་ཆེ། གང་ཟག་ཕལ་ཆེ་བའི་ངོས་ནས་བཤད་ན། དཔལ་འབྱོར་ཅི་ཡང་མེད་ན། སེམས་ཀྱི་བདེ་སྐྱིད་ཅིག་ཡོང་ཐབས་མེད། རྒྱུ་མཚན་ནི། མི་ཞིག་ཡིན་ཚེ། ཁ་ལྟོ་གཉིས་ཀྱིས་གྲུབ་པའི་ལུས་ཕུང་ཞིག་ཡིན་ངེས་ལ། ཁ་ལྟོ་གཉིས་གལ་ཆེན་མི་འཛིན་པ་ཞིག་ནི་ཧ་ལམ་མེད། འཇིག་རྟེན་ན་མི་ཡི་ལུས་ཕུང་གལ་ཆེ་ལ། ལུས་ཕུང་འདི་འཛིན་པའི་སྲོག་ལ་ཁ་ལྟོ་གལ་ཆེ་བ་ནི་སུས་ཀྱང་ཁས་ལེན་དགོས། ཁ་ལྟོ་གཉིས་ནི་དཔལ་འབྱོར་གྱིས་གསོ་དགོས་པ་ལས། ཅི་ཞིག་གིས་མི་ནུས། ཆོས་ཀྱིས་མི་ནུས་ལ་སེམས་གསོ་ཀྱིས་ཀྱང་མི་ནུས། དེས་ན་མི་ཡིས་དཔལ་འབྱོར་འཚོལ་དགོས་ལ། མི་ཡིས་རིག་གནས་སྦྱང་དགོས། ཆབ་དཔལ་རིག་གསུམ་ནི་མི་ཡི་དགོས་མཁོ་ཡིན་པ་བཞིན། ལྟོ་གོས་གཏམ་གསུམ་ཡང་མི་ཡི་དགོས་མཁོ་ཡིན། དེས་ན་མི་ཡིས་རང་གི་དགོས་མཁོ་འཚོལ་ན་ཅི་ལ་སྐྱོན། དཔལ་འབྱོར་གྱིས་བདེ་སྐྱིད་བསྐྲུན་མི་ཐུབ་ཅེས་དཔལ་འབྱོར་བློས་བཏང་ན། འཇིག་རྟེན་འདི་མི་ཡིས་སྟོང་བའི་འཇིག་རྟེན་ཞིག་ཏུ་འགྱུར་བ་ལས་གཞན་ཅི།
ནུབ་ཕྱོགས་པ་ཚོས་ཀྱང་ཕྱི་དངོས་བའི་དཔལ་འབྱོར་གཅིག་བུ་ལ་བརྟེན་ནས་ནང་སེམས་ཀྱི་བདེ་བ་འཚོལ་གྱི་མེད། ཁོ་ཚོས་ཕྱི་དངོས་པོ་གལ་ཆེན་དུ་འཛིན་པ་ནི་བདེན་པ་རེད། དེ་ལས་ཀྱང་དགོས། མི་ཡི་འཚོ་རྟེན་དེ་ལས་གཞན་ཅི་ཡང་མེད། མདོར་ན། ཕྱི་དངོས་པོ་མི་དགོས་ཟེར་བ་ཚོ་ཐ་གཅིག་ཏུ་དགག་པ་ཡོད་ལ། མི་ཡི་བདེ་སྐྱིད་ཕྱི་དངོས་པོ་ཁོ་ནས་རེག་ལས་པར་འདོད་པ་ཚོ་ལ་ཡང་ནམ་ཡང་དགག་པ་ཡོད། ཕྱི་དངོས་པོ་དང་ནང་སེམས་པ་གཉིས་གཅིག་ལ་གཅིག་བརྟེན་དུ་འདོད་དགོས།
ཕྱི་དངོས་པོ་དཔལ་འབྱོར་གྱིས་མི་ཡི་སེམས་ལ་བདེ་སྐྱིད་དཀྲུན་མི་ཐུབ་གསུང་གི།
དེ་ལ་ཡ་མཚན། ད་ལྟ་ཤར་ལྷོའི་མི་རྣམས་ཁྱི་མོ་ཤ་ཡི་རྗེས་སུ་རྒྱུགས་པ་བཞིན་མགོ་སེར་བའི་རྗེས་སུ་རྒྱུགས་དོན་གང་ཡིན་ནམ། ཁོང་ཚོར་བདེ་ནང་སེམས་ཀྱི་བདེ་སྐྱིད་ཡོད་པའི་རྒྱུ་མཚན་ཡིན་ནམ། ཡང་ན་རྒྱུ་མཚན་གང།
ཤ་མ་བཟའ་ལབ་མཁན་བླ་མ་རེད། ཤ་ཚོན་པོ་བཟའ་མཁན་བླ་མརེད་ཅེས་པ་ལྟར། ཕྱི་ཡི་དཔལ་འབྱོར་གྱིས་ནང་སེམས་ལ་བདེ་སྐྱིད་སྦྱིན་མི་ཐུབ་ཟེར་ནས། ནང་པ་བ་དེ་ཚོས་ས་བསྒྲགས་རྡོ་བསྒྲགས་བྱེད་ཀྱི་རེད། འོན་ཀྱང་དཔལ་འབྱོར་གྱི་རྗེས་སུ་རྒྱུགས་མཁན་ནི་ནང་པ་དེ་ཚོ།
ཆོས་པ་རྣལ་མ་རེ་ཡིན་མདོག ཤ་རེ་ཚ་མདོག སྙིང་རེ་རྗེ་མདོག གཞན་ཕན་རེ་ཆེ་མདོག ཞི་བདེ་རེར་དགའ་མདོག དེང་སང་ནང་ཆོས་ཕྱོགས་པའི་མི་བུ་ཇེ་མང་རེད་ཟེར། ཡིན་ན་ཆ་སྙོམས་ཀྱིས་ཉིན་རེ་ནང་ཆོས་རྗེས་འཇུག་པ་ཅི་ཙམ་འབྱུང་གི་འདུག
སྐུ་ཉིད་ཀྱི་རྩོམ་ཡིག་དེ་དོན་དངོས་དང་མཐུན་པོ་བྲིས་འདུག་པས་བཀའ་དྲིན་ཆེ། འོན་ཀྱང་ཁྱེད་ཀྱིས་གསུངས་པའི་་་་་དེ་དང་མཉམ་དུ་དེང་རབས་ཀྱི་ཤེས་ཡོན་ཡོད་པ་དང་། དཔལ་འབྱོར་ཆེན་པོ་ཆགས་ཐུབ་ན་བདེ་སྐྱིད་མཐའ་དག་འབྱུང་བར་འདོད་པའི།་་་་ཞེས་པའི་ཚིག་དུམ་འདིའི་ཆ་ཤས་གཅིག་ལ་ངས་ངོས་ལེན་བྱེད་ཀྱི་མེད། གང་ཡིན་ཟེར་ན་བོད་པའི་སྤྱི་ཚོགས་ནང་དེང་རབས་ཀྱི་ཤེས་ཡོན་ཡོད་ན་བདེ་སྐྱིད་ཀྱི་རྩ་བར་འཛིན་སྟེ་དེར་དོ་སྣང་བྱེད་མཁན་དེ་ཙམ་མེད་པ་རེད། དེའི་རྐྱེན་གྱི་རང་རེའི་སྤྱི་ཚོགས་ནང་དེང་རབས་ཀྱི་ཤེས་ཡོན་དང་རིགས་གཅིག་རྐང་འཛིན་པའི་རིགས་ཧ་ཅང་ཉུང་ཉུང་ཡིན། དེ་ཙམ་དུ་མ་ཟད་སྲོལ་རྒྱུན་གྱི་ཤེས་ཡོན་ཉམ་ཞན་དུ་ཕྱིན་པའི་ཁར་དེང་རབས་ཀྱི་ཤེས་ཚད་ཀྱང་དེ་ཙམ་མེད་པ་གསལ་པོ་རེད། གལ་ཏེ་བོད་མི་ཚོས་ནུབ་ཕྱོགས་ཀྱི་ཤེས་ཡོན་དེ་བདེ་སྐྱིད་མཐའ་དག་གི་འབྱུང་རྩར་ངོས་འཛིན་བྱེད་ཀྱི་ཡོད་ཚེ་ད་ཆ་ང་ཚོའི་སྤྱི་ཚོགས་ནང་མ་ཐ་སར་དེང་རབས་ཤེས་ཡོན་པའི་མུག་ཟད་ཐེབས་མེད་སྲིད།་ད་ལམ་དེ་ཙམ་ཡིན།
བོད་པ་ཚོ་ཕྱི་དངོས་པོའི་ཡར་རྒྱས་ཐོག་ངེས་པར་དུ་ཤུགས་རྒྱབ་དགོས། ང་མཚོ་དཔལ་འབྱོར་གྱི་ཆ་ནས་རྗེས་ལུས་ཡིན། དཔལ་འབྱོར་ནི་འགྲོ་བ་མིའི་འཚོ་ཐབས་མེད་དུ་མི་རུང་བ་ཡིན། གྲོད་ཁོག་སྟོང་པར་སྨོན་ལབ་རྒྱབ་ནས་གྲོད་ཁོག་རྒྱག་མི་འཐུབ་པ་བླུན་པོས་ཀྱང་ཤེས། གང་ལྟར་མགོ་བསྐོར་བླུ་འཁྲིད་མ་བཏང་ནས་དཔལ་འབྱོར་འགྲུབ་དགོས། ནང་ཆོས་ཀྱི་སེམས་ཀྱི་བསམ་བློ་གཏོང་སྟངས་ཡར་རྒྱས་འགྲོ་བ་དང་མཉམ་དུ་དཔལ་འབྱོར་ཡང་མཉམ་དུ་ཡར་རྒྱས་ངེས་དུ་འགྲོ་དགོས་མདོང་དམར་བོད་རིགས་ཚོ།
རྣམས་པ་ཚོ་ཕེབས་ནས་དགོང་ཚུལ་གསུང་པ་ཐུགས་རྗེ་ཆེ། ངས་ཕྱི་དངོས་པོའི་ཡར་རྒྱས་མི་དགོས་པ་རྩ་བ་ནས་བཤད་མེད། འོན་ཀྱང་ཕྱི་དངོས་པོ་ཁོ་ནའི་རྗེས་སུ་རྒྱུག་སྟེ་བདེ་སྐྱིད་སྒྲུབ་ཐབས་བྱེད་པ་དེ་ནི་ཐབས་ལམ་ཡང་དག་ཞིག་མ་རེད་སྙམས། དེང་སང་བོད་པའི་སྤྱོད་པ་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་ནི་ས་རིས་ཐང་གསལ་རེད་ལ། འདིའི་རྒྱུ་རྐྱེན་ཡང་ཕྱི་དངོས་པོ་ཁོ་ན་ལ་དུང་བ་ཆེ་དྲག་པའི་དབང་གིས་རེད་སྙམས། དེས་ན་ང་ཚོའི་བདེ་སྐྱིད་སྒྲུབ་ཐབས་དེ་མཐའ་ལ་མ་ལྷུང་བ་ཞིག་བྱུང་ན་མི་ལེགས་སམ།
བྱས་ཙང་བོད་པ་ཚང་ལ་སྤམ་མདོག་གི་ལྟ་བ་འདི་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་རམ་ཕྱི་དངོས་པོའི་ཡར་རྒྱས་ལ་བཀག་རྡོ་ཆེན་པོ་ཞིག་ཅིས་མིན། འོ་ན་བོད་པ་ཨ་སྒོར་དང་ཡུ་སྒོར་སུད་སྒོར་ལ་སོགས་པའི་ས་ཡ་དང་བྱེ་བའི་བདག་པོ་གཅིག་ཀྱང་མེད་པ་ཅི་ཞིག་གིས་ལན་པ་རེད། མ་གཞི་ནས་བོད་ཚང་དཔལ་འབྱོར་སྐྱོ་པོ་ཡིན་ཙང་དཔལ་འབྱོར་རྐུབ་ལ་མ་རྒྱུགས་རང་རྒྱུགས་མ་རེད་པས། ནུབ་ཕྱོགས་འབྱོར་ལྡན་དེ་ཚོའི་ནང་ལ་ཡང་འདྲ་མིན་སྣ་ཚོགས་ཡོད་པ་རེད། ལ་ལ་ནི་དཔལ་འབྱོར་གྱིས་སྨྱོ་བ་མཱེ་ཁ་ཇེག་སཱིན་ལྟ་བུ་མང་པོ་ཡོད་པ་རེད། ལ་ལ་ནི་ཧ་ལས་པའི་གཏོང་ཕོད་ཆེན་པོ་དེ་འདྲ་ཡང་འདུག། ལ་ལ་ནི་ཅི་བྱེད་འདི་བྱེད་མེད་པའམ་བྱེད་རྒྱུ་མང་དྲག་ནས་ཆོས་ལུགས་འདྲ་མིན་ལ་འཛུལ་ནས་སེམས་ཀྱི་ཞི་བདེ་འཚོལ་ཁུལ་གྱིས་མཐར་སྨྱོ་བ་ཡང་མང་པོ་འདུག། དེ་ནི་བསམ་བློ་གཏོང་ཕྱོགས་ཀྱིས་ཁྱད་པར་ལས་གཞན་གང་ཡང་མ་རེད། དེས་ན་གུང་ཁྲན་གྱིས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དང་། འཕུར་འཆོངས་ལྟ་བུའི་འགྱུར་ལྡོག། ཟེར་བའི་བོད་ལ་ཡར་རྒྱས་ཆེན་པོ་བཏང་ལུགས་ཀྱི་ཁ་གཡང་དེ་འདི་ནས་བྱུང་བ་མ་རེད་པས། ལར་ནས་ལྟ་གྲུབ་འདི་དཔལ་འབྱོར་ཆེས་རྗེས་ལུས་ཅན་གྱི་སྤྱི་ཚོགས་ནང་འཁྱེར་ཡོང་ན་ཏག་ཏག་ཅིག་མ་རེད།
ཤ་མ་ཟ་ཟེར་མཁན་བླ་མ་རེད། །ཤ་ཚོན་པོ་ཟ་མཁན་བླ་མ་རེད། །ཁ་སྣོན་ལ། རྒྱུ་མ་བཙལ་ཟེར་མཁན་བླ་མ་རེད། །
རྒྱུ་ཚོད་མེད་བཙལ་མཁན་བླ་མ་རེད། །ཅེས་སྨྲ་བར་བྱའོ། །
ལུས་སེམས་ལ་བདེ་སྐྱིད་ཐོབ་དགོས་ན་ རང་སེམས་ཞི་དུལ་དང་ མཆོག་ཤེས་ཤེས་པའི་སྒོ་ནས་ ཆོས་ཀྱང་དགོས་ངེས་རེད་ལ་ དེང་དུས་ཀྱི་ཕྲུལ་ཆས་ལ་སོགས་དངུལ་དངོས་ཀྱི་ཆ་རྐྱེན་ཡང་དགོས་ལེ་རེད་ གཅོ་བོ་རང་སེམས་འདོད་པའི་མཐའ་གཉིས་སུ་མ་ལྷུང་བར་དབུ་མའི་ལམ་བརྟེན་ནས་མཆོག་ཤེས་བྱེད་ཐུབ་ན་སྐྱིད་པོ་ཨེ་སྐྱིད་མི་སྐྱིད་ཡོད་ནི་རེད་ཡ་།
དཔལ་འབྱོར་གྱི་ཆེད་དུ་རང་གཤིས་མ་འཚོང་། དཔལ་འབྱོར་གྱི་ཆེད་དུ་ལ་རྒྱ་མ་དོར། དཔལ་འབྱོར་གྱི་ཆེད་དུ་དོན་ཆེན་མ་འཕྱུགས། དཔལ་འབྱོར་གྱི་ཆེད་དུ་མི་དགེ་བའི་ལས་སྤོངས། གོང་ཞུས་དེ་དག་སྤངས་ནས་དཔལ་འབྱོར་འཚོལ་སྒྲུབ་བྱས་ན་དགེ་མཚན་ལས་སྐྱོན་ཅང་མེད་པར་སེམས།
དཔལ་འབྱོར་མི་དགོས་ན་སྟོབས་ཆེན་སྟོབས་ཆུང་གི་རྒྱལ་ཁབ་ཕྱེ་དགོས་དོན་མེད་ལ། འབྱོར་ལྡན་དང་འབྱོར་མེད་ཕྱེ་དོན་མེད། ཐམས་ཅད་འབྱོར་ལྡན་རྒྱལ་ཁབ་རྣམས་སུ་འཚང་ཀ་རྒྱབ་པས་མཐོང་ཆེན་ལག་འཁྱེར་ལ་ཚོད་འཛིན་བྱེད་དགོས་དོན་མེད། ད་ལྟ་ཆོས་མེད་ཆོད་དད་རིང་ལུགས་ལ་ལྟོས་ན་འཕེལ་རྒྱས་ཆེ་བ་ཡོད། ལོ་རྒྱུས་མི་ཤེས་ཀྱང་ཤེས་ཁུལ་གྱིས་བྲིས་བ་ནི་ངོ་གནོངས་བའི་གནས་སུ་གྱུར། དམག་ཆེན་གཉིས་པའི་སྐབས་སུ་ཆོས་ལུགས་ཀྱི་སྡོམ་ཚིག་མང་པོ་ཐོར་ཞིགས་ཕྱིན་པས་ཆོས་མེད་རིང་ལུགས་པ་ཆར་རྗེས་ཀྱི་མྱུ་གུ་རྒྱས་བ་རེད། མི་ཤེས་ཤེས་ཁུལ་མ་བྱེད།
མྱི་ལ་དངུལ་གྱིས་དབུལ་ན་དེ་འཚོར་དང་དེས་བདེ་སྐྱིད་སྦྱིན་། རྒྱུ་མཚན་ནི་ལྟོ་དང་གོས་། སྡོད་གནས་སོགས་དགོས་བས་སོ་། ཡང་ནང་སེམས་ཀྱིས་དབུལ་བས་སྙིང་ན་ན་། དེའི་རྒྱུ་རྐྱེན་འཚོར་ཏེ་བཅོས་ཐབས་བྱས་དང་ལུས་སེམས་བདེ་བ་ཡོང་། མདོར་ན་། གང་གིས་དབུལ་ན་དེ་ལ་འབད་པ་བྱས་ཏེ་བཅོས་ཐུབ་མཁན་དེ་ནི་སྤྱང་པོ་ཡིན་།
འབྲུག་པ་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཆུང་ཤོས་རེད། འཇར་པན་ནི་ཆེ་ཤོས་རེད།
ཉེ་ཆར་འབྲུག་རྒྱལ་པོ་འཇར་པན་དུ་ཕེབས་སྐབས་ང་ཚོ་ལ་ཡོད་པ་ནི་བདེ་སྐྱིད་ཡིན་ཞེས་སྨྲས་སྐད། འཇར་པན་ལ་ང་ཚོ་ལ་ཡོད་པ་ནི་སྒོར་མོ་ཡིན་ཞེས་སྨྲ་རྒྱུ་ལས་ལྷག་མེད།
འཇར་པན་གྱི་མིའི་སེམས་ཀྱི་བདེ་སྐྱིད་ཀྱི་ཚད་གཞི་ཧ་ཅང་ཉེན་ཁ་ཅན་དུ་སླེབས་ཡོད།
དེ་རྗེས་འཇར་པན་གྱིས་ཡོངས་གྲགས་ཐོག་འབྱུང་འགྱུར་འཇར་པན་གྱི་འཚོལ་སྙེགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་སྲིད་པའི་གསལ་བསྒྲགས་གནང་ཞིང་།
འཇམ་གླིང་གི་རྒྱུད་ལམ་ཁག་གིས་ཀྱང་འཇར་པན་གྱི་འགོ་འཛུགས་གསར་བ་ཞིག་བྱེད་སྲིད་པའི་གསར་འགྱུར་སྤེལ་ཡོད།
འདིའི་སྐོར་ལ་ཅི་བས་མང་པ་སྨྲ་རྒྱུ་ཡོད་་་་་་་་་་
མཆེད་པོ་ལུང་རྟོགས་མཆོག་ལ་འཚམས་འདྲི་བཅས།
རིག་པའི་བུ་ལགས། ཁྱེད་རང་གིས་་་ཐམས་ཅད་འབྱོར་ལྡན་རྒྱལ་ཁབ་རྣམས་སུ་འཚང་ཀ་རྒྱབ་པས་མཐོང་ཆེན་ལག་འཁྱེར་ལ་ཚོད་འཛིན་བྱེད་དགོས་དོན་མེད་་་རྩོམ་འདི་དང་འབྲེལ་བའི་གནད་དོན་ཞིག་མཐོང་མ་སོང་ལ་རྒྱུ་མཚན་ཡང་དག་ཞིག་ཀྱང་མཐོང་མ་སོང་། འབྱོར་ལྡན་རྒྱལ་ཁབ་ཏུ་ཚང་ཁ་རྒྱབ་པ་ཙམ་གྱི་དེར་ཐམས་ཅད་ཡོད་པའི་དོན་མིན། དེར་རྒྱུ་ནོར་ཡོད་པ་རེད་རྒྱུ་ནོར་གྱི་ཆེད་དུ་འགྲོ་གི་ཡོད་པའི་རྒྱུ་མཚན་དུ་བྱས་ནས་དེར་སེམས་ཀྱི་བདེ་སྐྱིད་ཡོད་པའི་དོན་མ་རེད། ལུང་རྟོགས་རྒྱལ་མཚན་གྱིས་ཀྱང་ཡོད་ཚད་བློས་གཏོང་བྱས་ནས་ནུབ་ཕྱོགས་སུ་བསྐྱོད་ནས་རང་ཚུགས་བརླགས་པའི་རང་རིགས་ཀྱི་སྤྱོད་ཚུལ་དེེར་སྐྱོན་བརྗོད་བྱེད་ཀྱི་འདུག་ག། དེར་བརྟེན་ཁྱོེད་རང་གི་གསུང་དེས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་མ་གཏོགས་འགག་པ་གང་ཡང་བྱེད་ཀྱི་མ་འདུག ལར་ནས་ཆོས་ལུགས་དར་ཆེ་ཆུང་དབང་གིས་རྒྱལ་ཁབ་ཀྱི་མངའ་ཐང་ལ་བསྡོམས་ཚིག་འཇོག་པ་དེའང་ཁྱེད་རང་གི་ནོར་འཁྲུལ་ཞིག་རེད།
མྱི་ལ་དངུལ་གྱིས་དབུལ་ན་དེ་འཚོལ་དང་དེས་བདེ་སྐྱིད་སྦྱིན་། རྒྱུ་མཚན་ནི་ལྟོ་དང་གོས་། སྡོད་གནས་སོགས་དགོས་བས་སོ་། ཡང་ནང་སེམས་ཀྱིས་དབུལ་བས་སྙིང་ན་ན་། དེའི་རྒྱུ་རྐྱེན་འཚོལ་ཏེ་བཅོས་ཐབས་བྱེད་དང་ལུས་སེམས་བདེ་བ་ཡོང་། མདོར་ན་། གང་གིས་དབུལ་ན་དེ་ལ་འབད་པ་བྱས་ཏེ་བཅོས་ཐུབ་མཁན་དེ་ནི་སྤྱང་པོ་ཡིན་།
འབྲུག་པ་རྒྱལ་ཁབ་མ་རེད། འབྲུག་པ་འབྲུག་རྒྱལ་ཁབ་ཀྱི་མི་སེར་རེད། གླིང་ཆེན་ཨེ་ཤི་ཡའི་ནང་ནས་ས་ཁྱོན་ནས་ཀྱང་ཆུང་ཤོས་མ་རེད་ལ། དཔལ་འབྱོར་ཆུང་ཤོས་མ་རེད། མི་འབོར་ཉུང་ཤོས་མ་རེད། ཨེ་ཤི་ཡའི་ནང་འཇར་པན་ཟེར་བ་མ་གོ འཇའ་པན་ནི་ཡོད། དེ་ཡང་ས་ཁྱོན་ནས་ཆེ་ཤོས་མ་རེད། དཔལ་འབྱོར་ནས་མ་རེད། མི་འབོར་ནས་ཀྱང་མ་རེད།
ད་འོ་ན་རྫ་ཚེ་ལགས་ཀྱིས་ཆེ་ཤོས་དང་ཆུང་ཤོས་དེ་འཕགས་པ་བགྲེས་མོས་ཞུས་པའི་མདོ་ནང་ནས་གཟིགས་སམ། ཀུ་རེ་ཡིན།
དོན་མེད་འཆལ་གཏམ། རང་བྱུས་རླུང་བསྐུར།
གསེར་འབྲུག་སྡེར་ལྔ་ལགས། བོད་པའི་ཁྲོད་ན་ཨ་སྒོར་ཡུ་སྒོར་སོགས་ས་ཡ་དང་བྱེ་བའི་བདག་པོ་མེད་པ་ནི་བོད་པ་ཆོག་ཤེས་ཆེ་དྲགས་པའམ། དཔལ་འབྱོར་གྱིས་བདེ་སྐྱིད་སྒྲུབ་མི་ཐུབ་པའི་ལྟ་ཚུལ་ཡོད་པས་མ་ཡིན་པར། གཅིག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་པའི་ཤེས་ཡོན་གྱིས་མ་འདང་བ་དང་། གཉིས་ནས་ཆ་རྐྱེན་གྱིས་མ་འདང་བ་རེད་སྙམས། བོད་པ་ཚོ་དཔལ་འབྱོར་སྐྱོ་པོ་ཡིན་པའི་རྐྱེན་གྱིས་དཔལ་འབྱོར་རྐུབ་ལ་རྒྱུག་དགོས་ན་ཡང་རྒྱུག་ལུགས་ཤིག་ཡོད་པ་རེད། དཔལ་འབྱོར་གྱི་ཆེད་དུ་ཕྱི་མའི་རྒྱུ་འབྲས་དང་། ཚེ་འདིའི་ངོ་ཚ་ཁྲེལ་གཞུང་ཡོང་རྫོགས་འདོར་བཞིན་པ་འདི་ནི་ཧ་ཅང་གི་ཐལ་ཆ་ཅན་ཞིག་རེད། ངའི་རྩོམ་ཡིག་གི་བསྟན་དོན་ཡང་འདི་ཡིན།
མཆེད་གྲོགས་མཁན་པོ་ཚེ་བཀྲ་མཆོག་ཕེབས་ནས་དགོང་ཚུལ་གསུང་པ་དགའ་ཡོད།
གོང་གི་རྩོམ་ཡིག་སྤེལ་མཁན་གྱི་བསམ་ཚུལ་འདི་འདྲ་བ་ནི་བསམ་བློ་གསར་པ་ཞིག་མིན་ཡང་ཞིབ་འཇུག་དང་ཚད་མཐོ་རང་བཞིན་གྱི་བསམ་བློ་ཞིག་ཡིན་པར་བརྗོད་ཆོག ནུབ་ཕྱོགས་པ་རྣམས་སོ་སོས་ཕྱིན་ཟིན་པའི་ལམ་ནོར་ནས་ཕྱིར་ནང་ཆོས་ཀྱི་བསླབ་བྱ་ནང་དུ་ལོག་ཡོང་གི་ཡོད་ཀྱང་། ཤཪ ཕྱོགས་པ་རྣམས་ལམ་ནོར་དེར་ཧར་རྒྱགས་ཀྱིས་མདུན་བསྐྱེད་བྱེད་བཞིན་ཡོད། འོན་ཀྱང་དེ་དག་སུས་ཀྱང་འགོག་མི་ཐུབ། ནམ་ཞིག་ནས་དངོས་པོ་རང་གི་ངོས་ཚུར་ལམ་ནོར་ཡིན་པ་གསལ་བཤད་བྱེད་ཡོང་རྒྱུ་རེད། སྐབས་དེར་མི་རྣམས་རང་ཤཱུགས་ཀྱི་ནང་ཆོས་ཀྱི་བསླབ་བྱ་ནང་དུ་ལོག་ཡོང་གི་རེད། དུས་ཚོད་སྤྲོད་དགོས།
ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་ཆ་རྒྱུས་དེ་ཙམ་མེད་མཁན་དག་གིས་ཡོད་ཁུལ་བྱས་ནས་མ་བརྗོད་རོགས། ཕྲན་གྱིས་མང་པོ་མི་ཤེས་མོད་གནས་འདིར་སྡོད་པས་དཔལ་འབྱོར་གྱི་འགྲོ་སྟངས་ཅུང་ཙམ་ཤེས་བ་ཞུ་འདོད་ཡོད། ད་ལྟ་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནི་དཔལ་འབྱོར་གཙོ་བཟུང་གི་དུས་ཚོད་ཡིན་ལ་དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་བློས་བཏང་བྱེད་པའི་སྤྱི་ཚོགས་ཤིག་ཡིན། དེ་བརྟེན། ད་ལྟ་དཔལ་འབྱོར་ཉམས་རྒུད་འགྲོ་བའི་གོ་སྐབས་དང་སྟུན་ནས་མི་རྣམས་ཞེ་སྣང་གིས་དེད་ཅིང་། དཔལ་འབྱོར་ལསའགྲོ་བ་མིའི་ཐོབ་ཐང་ཟེར་ནས་སྨྲ་མཁན་ཉུང་དུ་ཕྱིན་ཡོད་ལ། མ་འོངས་བ་དཔལ་འབྱོར་ཉམས་ཉེས་རྒྱུན་མཐུད་དུ་ཕྱིན་ན་དེ་ལས་སྡུག་ཏུ་འགྲོ་ངེས་རེད། དེ་ལ་ལན་ཁག་མེད་དེ། གནས་འདིར་དཔལ་འབྱོར་མེད་ན་སུས་ཀྱང་རོགས་རམ་བྱེད་མི་ནུས་ཤིང་གཟུགས་གཅོང་དུ་མ་ཆགས་བར་ལས་ཀ་འགྲོ་དགོས་ཞིང་ཡོང་འབབ་ལས་གཞུང་ལ་ཟླ་རེ་ཁྲལ་འཇལ་དགོས། ཁྲལ་མི་སྤྲད་མཁན་གྱི་མི་ཞིག་ཡོ་རོབ་ཏུ་གནས་མི་ཐུབ་ཅིང་ཕྱི་མི་ཞིག་གིས་ཁྲལ་མ་སྤྲད་ན་གཙོན་འཇུག་བྱེད་པའམ་རང་གི་ཡོང་ཁོངས་རྒྱལ་ཁབ་ཏུ་ཕྱི་སྤྲོད་བྱེད་ངེས་རེད་ལ། ཡོ་རོབ་ཀྱི་མི་ཞིག་གིས་མ་སྤྲད་ན་ཟླ་རེ་དཔྱ་ཁྲལ་འཕར་ནས་མཐར་ལ་རང་གི་ཇ་དངོས་ལས་ཁྲལ་དོ་འདང་ཚད་ཅིག་གཉེན་རྟོག་ཡོང་ནས་གཞུང་བཞེས་བྱེད་ངེས་རེད། གཟུགས་ཕུང་ནད་ཀྱིས་མནར་ཞིང་སྨན་པས་རྒྱབ་གཉེར་ཐོབ་ཚེ་ནད་ཡུན་རིང་གཞུང་གིས་རོགས་དངུལ་སྤྲད་ཅིང་རྒས་དུས་གཞུང་གིས་རྒས་ཕོགས་ཐོབ། དེ་མིན་དར་ལ་བབ་པའི་མི་ཞིག་བོད་པ་བཞིན་ཆོས་སྒོ་ཞུགས་ནས་གཞུང་ལ་ཁྲལ་མི་སྤྲད་མཁན་ཤིན་ཏུ་ཉུང་་ལ། དེ་ལྟར་བྱེད་རྒྱུ་ཁྲིམས་ཀྱིས་བཀག་རྒྱ་དམ་པོ་ཡོད། ཕྲན་ཡིན་ཡང་ཚོང་ཆུང་ཚག་ཅིག་རྒྱབ་པའི་ཉེར་ལེན་ལ་བརྟེན་ནས་ཟླ་རེ་ཧིན་སྒོར་སུམ་ཁྲི་རེ་ཁྲལ་སྤྲད་བཞིན་ཡོད་ལ། ཁྲལ་གྱིས་དེད་པའི་མི་ནི་ང་རང་གཅིག་པུ་མིན་ན་ཡོ་རོབ་ཏུ་ཚོང་དོན་གཉེར་མཁན་གྱི་མི་ཀུན་ཡིན་པ་མ་ཟད། ཐ་ན་ལས་ཀ་བྱེད་མཁན་ཀུན་གྱིས་གཞུང་ལ་ཟླ་རེ་ཁྲལ་སྤྲད་དགོས། དེ་བརྟེན་ཡོ་རོབ་པ་རྣམས་དཔལ་འབྱོར་ལ་སུན་སྣང་སྐྱེས་ཤིང་དེ་ལས་ལྷག་ཅིག་འཚོལ་བཞིན་པ་ནི་བདེན་པ་མིན་ལ་དེ་ལྟར་བྱུང་མཁན་ནི་ཡོ་རོབ་ནང་ཧ་ཅང་གི་མི་ཉུང་ཤས་ཡིན། བརྒྱ་ཆ་བདུན་ཙམ་མི་འདང་བ་འདོད། མི་ཉུང་ཤས་ཤིག་དཔལ་འབྱོར་ལ་སུན་སྣང་སྐྱེས་སྲིད་ལ། གཞུང་གི་ཁྲིམས་ལུགས་ཀྱིས་མི་མང་འདེད་པའི་དཔལ་འབྱོར་ལམ་ལུགས་ལ་ཨ་ཐང་མཁན་ཡོད་དང་ཡོད། ཐམས་ཅད་བསམ་པ་མཐུན་པའི་གནས་མེད་ལ། མཚམས་རེ་མི་ཚེ་ནི་སུན་སྣང་མི་སྐྱེས་མཁན་གྱི་མི་ཞིག་འཇིག་རྟེན་འདིར་མེད་དེ། ཆོས་པའི་ཁྲོད་ན་ཡོད་ལ། སྤྲང་པོ་ཁྲོད་ན་ཡོད། རྒན་ཁོག་དང་བྱིས་པ། འབྱོར་ལྡན་དང་འབྱོར་མེད་ཀུན་ལ་ཡོད་དེ། དེ་ནི་མི་ཚེ་ཡིན་པས་རེད། རྟག་བརྟན་གྱི་མི་ཚེ་མིན་པ་འཕོ་འགྱུར་གྱི་མི་ཚེ་ཡིན་པས་བདེ་སྡུག་གི་འཚོ་བ་དང་དགའ་སྡུག་གི་སེམས་ཁམས་ལོས་ཡོད། དེ་ནི་མི་ལ་མཚོན་ན་ཆོས་ཉིད་ཡིན་པས་ཟློག་ཐབས་ག་ལ་ཡོད། མི་འདོད་ཀྱང་ཐམས་ཅད་ཀྱི་འཁུར་དགོས་བའི་གཤིས་ལུགས་ཡིན་པས་ཅི་སྲིད་ལུས་ཕུང་ཟས་གོས་ལ་བརྟེན་མ་དགོས་བ་དེ་སྲིད་དུ་ཡོད། ད་དུང་ཡང་རྒྱུ་མཚན་གཞན་ཡོད་སྲིད།
དཔལ་འབྱོར་གྱི་འགྲན་བསྡུར་ལས་ཕམ་ཁ་མྱོང་བའི་མི་སྣ་མི་ཉུང་བ་ཞིག་ཨ་ཐང་ཆད་ཅིང་དེ་ལ་ཟློག་ཕྱོགས་ཀྱི་བསམ་བློ་འཛིན་བཞིན་ཡོད་པའི་གོ་སྐབས་ཆོས་ལུགས་པ་མང་པོ་ཞིག་གིས་བཟུང་ཞིང་དཔལ་འབྱོར་ལས་ལྷག་གི་བདེ་བ་ནི་ཆོས་ལུགས་ཀྱི་སྤྲད་ཚུལ་འགོ་ཚུགས་པ་རེད། དེ་ནི་ནང་པ་ཙམ་མ་རེད། ཡི་ཤེས་པ་དང་ཁ་ཆེ་པ། ཧིན་ངྷུ་པ་སོགས་ཆོས་ལུགས་ལ་མོས་ཤིང་ཆོས་ལུགས་ཟས་སུ་བརྟེན་པའི་མི་སྣ་ཀུན་གྱིས་གཅིག་མཚུངས་སུ་སྨྲ་བཞིན་ཡོད། རྒྱུ་མཚན་ནི་ཆོས་ལུགས་པ་རྣམས་ཀྱིས་དུས་རྒྱུན་ཆོས་ལུགས་ཁ་ལ་འཁྱེར་ནས་དཔལ་འབྱོར་དང་དྭངས་བླངས་ཞབས་ཞུ་པ་བསྡུ་སྐོང་བྱེད་བཞིན་ཡོད་པས། དཔལ་འབྱོར་ཡག་ཚུལ་སྨྲས་ཚེ་ཞབས་ཞུ་པ་ཀུན་ལ་གླ་ཆ་སྤྲད་དགོས་ཆགས་ཤིང་སྤྱིན་བདག་ཀྱང་ཐོབ་ཐབས་མེད་པས་རེད། རང་ཉིད་ལ་སྦྱིན་བདག་དང་རྗེས་འཇུག་སྐྱེད་བསྲེང་ཆེད་དཔལ་འབྱོར་ལས་ལྷག་གི་བདེ་པ་ཞིག་ཡོད་ཅིང་། དེ་ནི་ཆོས་ཀྱིས་སྤྲད་ཚུལ་སྨྲས་ཕྱིན། ཆོས་དེ་བླ་མའམ་ཆོས་བྱེད་མི་སྣ་ཚོས་བསྟན་དགོས་པས་དེ་ལ་གུས་བཀུར་དགོས་ཚུལ་ཤུགས་ཀྱིས་གྲུབ་པས་ཆོས་བྱེད་སྨྲ་བ་རང་བཞིན་གྱིས་རིན་ཐང་སླེབས་ཀྱིན་ཡོད། གལ་སྲིད་དེ་ལྟར་མ་ཡིན་པ་དཔལ་འབྱོར་གལ་ཆེན་དང་དཔལ་འབྱོར་གྱིས་རིན་ཐང་སྤྲད་ཚུལ་གསུངས་ན་རྗེས་འཇུག་གི་གདུལ་བྱའམ་གྲྭ་བ་ཀུན་ལ་ཟླ་ཕོགས་སྤྲད་དགོས་བ་ཆགས་ཤིང་། དེ་ལྟར་གྱུར་ན་དགེ་འདུན་གྱི་འཚོ་བ་དང་ལྷ་ཁང་སོགས་ལ་སྦྱིན་བདག་ཐོབ་ཐབས་མེད་པས་དཔལ་འབྱོར་ལ་རིན་ཐང་མེད་ཅིང་འདོད་ཡོན་དུག་ཏུ་ལྟ་དགོས་བའི་བསྟན་བཅོས་བཏོད་པ་རེད། དེ་ནི་ཆོས་དཔོན་རྣམས་ཀྱིས་མི་མང་རང་གི་གཡོག་ཏུ་འགུག་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཐབས་ལམ་དེ་སྤྱད་ནས་ཆོས་དཔོན་རྣམས་ལ་སྟོབས་འབྱོར་དང་མངའ་ཐང་རྒྱས་བ་རེད། གང་ལྟར་ཆོས་ལུགས་ནི་མགོ་བདེ་ཅན་གྱི་མི་ལ་མགྱོགས་མྱུར་འཇིག་རྟེན་གྱི་བདེ་ཉམས་སུ་མྱོང་བའི་རིན་ཐང་ཅན་གྱི་ལམ་ཁ་ཞིག་རེད། ལམ་ཁ་དེ་འདོད་མཁན་ཡིན་ན་དཔལ་འབྱོར་ལ་དམོད་རྒྱུ་གནད་དུ་མཐོང་། རྒྱུ་མཚན་ནི། ཆོས་པ་རྣམས་ཀྱིས་ཅི་ཙམ་གྱིས་དཔལ་འབྱོར་ལ་དམོད་ན་དེ་ཙམ་གྱིས་གཞན་གྱིས་གུས་བཀུར་ཐོབ་ཅིང་། ཅི་ཙམ་གྱིས་གཞན་གྱིས་གུས་བཀུར་ཐོབ་ན་དེ་ཙམ་གྱིས་སྦྱིན་བདག་རྙེད་ཅིང་འབྱོར་ལྡན་ཆགས་པས་ཡིན།
གཞན་ཞིག་ནས་དཔལ་འབྱོར་ལ་དམོད་རྒྱུ་ནི་དབུལ་པོའམ་དཔལ་འབྱོར་གྱི་འགྲན་བསྡུར་ལས་ཕམ་ཁ་མྱོང་བའི་མི་མང་རྣམས་ལ་བདེ་པ་སྤྲད་པའི་ཐབས་ལམ་འགངས་ཆེན་ཞིག་ཡིན་པས་དཔལ་འབྱོར་ལ་ཅི་ཙམ་མོས་ཀྱང་དེ་དག་མངོན་འགྱུར་བྱེད་པའི་ནུས་པ་མེད་ཚེ། དཔལ་འབྱོར་ལས་གཞན་ཞིག་ཡོད་པ་འདོད་རྒྱུ་གནད་དུ་ཁུམས་ལ་དེ་ཡིས་བདེ་སྐྱིད་སྦྱིན་པས་རེད། ཆང་རྐྱལ་དང་ཉ་ཐག་མཁན། སྤྲང་པོ་དང་ལས་ཀར་མི་མོས་མཁན་མི་ཉུང་པ་ཞིག་གིས་དུས་རྒྱུན་དཔལ་འབྱོར་ནི་འཇིག་རྟེན་གྱི་བདེ་བ་མིན་ཚུལ་སྨྲ་བཞིན་ཡོད། འོན་ཀྱང་། ཁོང་ཚོས་དུས་རྒྱུན་སྒོར་མོ་སློང་བཞིན་ཡོད།
ཡོ་རོབ་ཀྱི་མིརྣམས་ཀྱི་གཏམ་དཔེ་ལ། ཡོ་རོབ་ཏུ་མི་གཅིག་གསད་ཀྱང་གཙོན་ནས་ཐར་ཐུབ་ལ། གཞུང་ལ་ཁྲལ་མ་སྤྲད་ན་གུད་ཡང་བཏང་མི་སྲིད་པའི་བརྗོད་སྲོལ་ཡོད། ད་ལྟ་སྒོར་བརྒྱ་ཡི་དབུ་ལོན་ཡོད་ན། ཟླ་རྗེས་མ་སྐྱེས་ཀ་འཕེལ། ཁྲལ་དངུལ་ཅི་ཙམ་གྱི་ཕྱི་འགྱང་བྱས་ན་དེ་ཙམ་གྱིས་སྐྱེས་ཀ་འཕེལ་བས་སྒོར་ཁྲིམས་ཀྱི་མདུན་དུ་མི་སུ་ཡང་ཐར་ས་མེད། དེ་འདྲའི་ལོ་རྒྱུས་མང་པོས་་བྲིས་ན་རྫོགས་མཐར་མེད་པས་དེ་ཙམ་བྱོས།
མདོར་ན། རྡོ་སྣུམ་གྱིས་ཕྱུག་པ་མ་ཡིན་པའི་འབྱོར་ལྡན་རྒྱལ་ཁབ་རྣམས་ཀྱིས་ཡོད་ཚད་དངུལ་གྱི་ཆེད་དུ་བཏང་ཞིང་ཧུར་བརྩོན་བྱེད་པས་འབྱོར་ལྡན་དུ་ཆགས་པ་ལས་དཔལ་འབྱོར་གཙོ་བཟུང་མ་གནང་པས་་ཆགས་པ་མིན། ཡོ་རོབ་མཉམ་འབྲེལ་ཚུགས་དགོས་དོན་གཙོ་བོའང་ཆབ་སྲིད་དང་་དཔལ་འབྱོར་གྱི་དགོས་མཁོ་ཡིན། ད་ལྟ་ནུབ་ཕྱོགས་སུ་མི་འབོར་གྱི་གྲངས་ཁ་འཕེལ་ཚེ་མྱུར་ཤོས་ནི་ཆོས་མེད་རིང་ལུགས་པ་ཡིན་པ་ལས་ཆོས་ལུགས་རིང་ལུགས་པ་མིན། ཞིབ་ཏུ་ཤེས་ཡོད་མཁན་ཡོད་ན་ ༢༠༡༡་ལོར་CNN ཆོས་ལུགས་རྗེས་འབྲང་བའི་ཞིབ་འཇུག་གི་ལེ་ཚན་ལྟོས་ན་ཤེས་ཐུབ།
ཨ་ནུ་ཐང་བསོད་ནམས་ཀྱིས་ནུབཕྱོགས་པའི་ཉམས་མྱོངས་ཡག་པོ་ཞིག་བྲིས་འདུག་ཅིང། མ་ཟད་ཆོས་བྱེད་མི་སྣས་རང་ཉིད་ཕྱུག་པོ་ཆགས་རྒྱུའི་ཐབས་ལམ་གཏིང་ཟབ་ཞིག་ཡོད་པར་བསྟན་པ་འདི་ནི་དངོས་བདེན་རང་རེད།
ཐུགས་རྗེ་ཆེ། ངས་ཀྱང་གོང་དུ་མཆན་ཞིག་བྲིས་ཡོད་ཕལ་ཆེར་སྨྲ་འདོད་པ་དེ་རང་ཡིན།
ལུང་རྟོགས་ལགས།
རེད་བོད་པའི་སྤྱི་ཚོགས་ནང་ས་ཡ་དང་བྱེ་བའི་བདག་པོ་མེད་པའི་རྒྱུ་མཚན་དཔལ་འབྱོར་རིག་པའི་ཤེས་ཚད་ངེས་ཅན་མེད་པའམ་གོ་སྐབས་མ་བྱུང་བ་དངོས་བདེན་རེད་ལ། འཁོར་ཡུག་གི་ཆ་རྐྱེན་མེད་པའང་དངོས་བདེན་རེད། དཔེར་ན་རྒྱ་རོ་བོད་ལ་སླེབས་དུས་གྲྭ་པའི་ཚོགས་འཕོར་ལ་བལྟས་ནས་ཅི་ཡང་མི་ལས་པར་ལྟོ་འདི་འདྲ་ཟས་བསྡད་ན་བོད་པ་སྐྱོ་པོ་ལོས་ཡིན་ཟེར་བར་གནས་ལུགས་རྒྱུ་མཚན་གཏོག་ཙམ་མེད་པ་མ་རེད།
ནག་ཚོང་བྱེད་པ་དང་ཁྲིམས་འགལ་རིགས་ལ་ཡུལ་གྲུ་སོ་སོར་ཁྲིམས་ལུགས་ཡོད་པ་རེད། བྱས་ཙང་ཁྲིམས་ལུགས་གཞིར་བཟུངས་འགྲོ་དགོས་པ་ལས་དེ་ལ་ལེ་ལན་གང་ཡང་བཤད་རྒྱུ་མེད་པ་རེད། བོད་པ་ཨ་རི་དང་ནུབ་ཕྱོགས་སུ་ཁྲིམས་འགལ་ཞེས་པ་དེ་ཁོ་ཚོར་ཅང་ཁག་མེད་པ་འདྲ་ཞིག་མཐོང་སོང་། མི་དྲག་དང་སྐུ་དྲག་གི་ཁྱིམ་རྒྱུད་དང་ཉེ་འབྲེལ་སོགས་ནི་གནའ་སྔ་མོ་ནས་གཞུང་གི་མིང་ཐོག་ཏུ་ཁྲིམས་མཐུན་གྱིས་ཕྱིན་པ་ཕལ་ཆེ་བ་རེད། ད་དུང་གཞུང་གི་ལས་བྱེད་དང་འགོ་འདྲེན་ཡོད་པ་དེ་ཚོ་ཡང་གཞུང་གི་མིང་ཐོག་ཁྲིམས་མཐུན་བྱས་ནས་ཕྱིན་ཚར་བ་མང་པོ་འདུག་ལ་འགྲོ་བཞིན་པ་དང་འགྲོ་འགྱུར་ཡང་མང་པོ་རེད། འོན་ཀྱང་གཞིས་ཆགས་དང་ཁ་འཐོར་གྱི་ཉམས་ཆུང་དང་འགོ་འདྲེན་མེད་པ། ཅི་ལ་ཡང་བལྟ་བཟོ་མེད་པའི་གསར་འབྱོར་བ་ཚོ་ནི་བུ་ལོན་གཡར་ནས་ཁྲིམས་འགལ་གྱི་ལམ་ཁ་དེ་མ་བརྒྱུད་རང་བརྒྱུད་རེད་ལ་དཀའ་ངལ་གྱི་དོང་ནང་འཚུད་ཀྱི་ཡོད་པ་རེད་ལ་ཁྲིམས་འགལ་གྱི་མིང་ཡང་གནས་ལུགས་དང་རྒྱབ་ལྗོངས་ལ་ཅི་ཡང་མི་བལྟ་བར་ཁོ་ཚོའི་མགོ་ཐོག་ཏུ་ཕབས་རྐྱང་རེད་པ།
དེ་ནས་འདོད་ཆུང་མཆོག་ཤེས་དང་ཕྱི་དངོས་པོ་དང་དཔལ་འབྱོར་ལ་དུག་ཏུ་འཛིན་མཁན་གྱི་བླ་མ་དང་གྲྭ་བཙུན་ཕལ་ཆེ་བ་ནུབ་ཕྱོགས་ཀྱི་ཨ་སྒོར་དང་ཡུ་སྒོར་སོགས་ལ་མི་དགའ་མཁན་ཅང་མི་འདུག་ལ་མི་ནག་ཕལ་པ་ཞིག་ལས་བརྣག་སེམས་ཆེ་ཆེ་འདྲ་ཞིག་འདུག་ག། གང་ལྟར་ཨ་ནུ་ལགས་ཀྱིས་ཁོང་གི་ཉམས་མྱོང་དངོས་དང་ཁོང་གི་དགོངས་ཚུལ་དེ་དེ་བཞིན་ནོ།
གསེར་འབྲུག་སྡེར་ལྔ་ལགས། ཕྱི་དངོས་པོ་དང་དཔལ་འབྱོར་ལ་དུག་ཏུ་འཛིན་མཁན་ཞིག་ཡིན་ན་ཨ་སྒོར་ཡུ་སྒོར་སོགས་ལ་དགའ་མི་སྲིད་པ་རེད་ལ། ཨ་སྒོར་ཡུ་སྒོར་ལ་དགའ་མཁན་ཞིག་ཡིན་ན་དཔལ་འབྱོར་ལ་དུག་ཏུ་འཛིན་གྱི་མེད་པའི་རྟགས་མ་ཡིན་ནམ། ངས་ནི་འདིར་ང་ཚོའི་སྤྱི་ཚོགས་འདིའི་དགེ་སྐྱོན་གླེངས་ཁུལ་ལས་སེར་མོ་བ་རྣམས་ཁྲིམས་མཐུན་སྤྱོད་བཟང་ཡིན་པ་དང་། སྐྱ་བོ་རྣམས་ཁྲིམས་འགལ་སྤྱོད་ངན་ཡིན་པ་ལྟ་བུའི་ཚིག་ཟུར་ཙམ་བཤད་མེད་ན་ཡང་། དྲ་གྲོགས་མང་པོ་ཞིག་གིས་སེར་མོ་བར་ཟུར་ཟའི་རྣམ་པ་ཤུགས་ཆེར་བསྟན་འདུག་པ་འདི་ནི་རྟ་བཤད་སར་བོང་བུའི་དཔེ་རུ་སོང་འདུག་ཀྱང། འདི་ནི་ངན་ལབ་པའི་ལག་པ་དང་། ཧོན་ན་བའི་རྔ་མ་ཡིན་པས་བཅོས་སུ་མེད་པ་འདྲ། མདོར་ན་ང་ཚོས་རང་གི་རིན་ཐང་གང་ཡིན་པ་དང་། ང་ཚོའི་ད་ལྟའི་སྤྱོད་ཚུལ་འདིས་ང་ཚོའི་རིན་ཐང་ལ་ཕན་གནོད་ཅི་ཞིག་ཡོང་གི་འདུག་མིག་རྒྱང་རིང་ཙམ་གནང་སྟེ་ལེགས་པར་བརྟག་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད།
ཨ་ནུ་ཐང་བསོད་ནམས་ལགས་ནས་གསུང་པ་ལྟར་ནུབ་ཕྱོགས་པས་དཔལ་འབྱོར་ནི་ཅི་ལས་ཀྱང་གལ་ཆེར་བརྩི་ཡི་ཡོད་པ་བདེན་པ་རེད། འོན་ཀྱང་དཔལ་འབྱོར་གལ་ཆེན་པོ་འདི་ལྟར་ཆགས་པའི་རྒྱ་རྐྱེན་ལ་བརྟག་ན། དཔལ་འབྱོར་ལ་དཀོན་མཆོག་ཏུ་བལྟ་བའི་མིའི་འདུ་ཤེས་འཛིན་སྟངས་འདིའི་དབང་གིས་དཔལ་འབྱོར་གལ་ཆེན་ཆགས་པ་ལས། དཔལ་འབྱོར་རང་ངོས་ཀྱི་རིན་ཐང་མ་རེད་སྙམས། གལ་ཏེ་མིའི་བདེ་སྡུག་གི་འགག་རྩ་དཔལ་འབྱོར་ཡོད་མེད་ལ་ཐུག་ཡོད་ན། ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་མི་རྣམས་བདེ་སྐྱིད་ཆེ་བ་དང་། ཤར་ཕྱོགས་འབྱོར་མེད་རྒྱལ་ཁབ་ཀྱི་མི་རྣམས་བདེ་སྐྱིད་ཆུང་བ་ཡོད་དགོས་ཀྱང་། ནང་སེམས་ཀྱི་བདེ་སྐྱིད་ནི་ཤར་ཕྱོགས་པ་རྣམས་ནུབ་ཕྱོགས་པ་ལས་ལྷག་པ་མེད་ཀྱང་ཞན་པ་གཏན་ནས་ཡོད་ཚོད་མི་འདུག་ན་འདི་ཅི་ཡིན་ནམ།
མ་གཞི་གང་ཟག་ཞིག་ལ་བདེ་སྐྱིད་ཡོད་མེད་ནི་མི་དེའི་རྣམ་དཔྱོད་ལ་རགས་ལས་ཡོད་པ་ལས་འུ་ཚོ་བོད་པར་སེམས་ཀྱི་བདེ་བ་ཆེ་ཚུལ་དང་ཕྱི་གླིང་བར་སེམས་ཀྱི་བདེ་བ་ཆུང་ཚུལ་བཤད་གང་ནས་ཐུབ་། གང་ལྟར་བཤད་ཚུལ་དེའི་འབྱུང་ཁུངས་ནི་འུ་ཚང་གི་ཁ་ཁོག་གཉིས་མི་མཐུན་པའི་བླ་ངན་དང་དཔོན་ངན་ལས་བྱུང་བ་རེད་། དེ་དག་ལས་བྱུང་བའི་ནད་ངན་འདི་འུ་ཚང་གི་སྤྱི་ཚོགས་སུ་གནའ་ནས་ཁྱབ་ཅིང་ད་ལྟའང་བཅོས་ཐུབ་མེད་པས་། ད་ཏུང་ཁ་ཁོག་མི་མཐུན་པའི་རྫུན་གཏམ་བཤད་མཁན་མང་ཡོད་ལ་། རྫུན་བཤད་མཁན་དེ་ཡང་མཐོ་བླ་མ་དང་དཔོན་པོ་། འོག་སྤྲང་བོ་དང་བླུན་པོ་། བར་མང་ཚོགས་སོགས་ན་ཡོད་།
ནུབ་ཕྱོགས་པའི་མི་རྣམས་ཀྱིས་སེམས་ཀྱི་བདེ་བ་དཔལ་འབྱོར་ལ་བརྟེན་ནས་བྱུང་བ་མིན་པར་རྟོགས་ནས་ནང་ཆོས་ཉམས་སུ་ལེན་བཞིན་ཡོད་ཚུལ་བརྗོད་པ་ནི་མི་བདེན་པའི་གཏམ་འབའ་ཞིག་ཡིན། དེང་སང་ནུབ་ཕྱོགས་པའི་མི་རིགས་ནང་ཆོས་བྱེད་མཁན་མང་ཆེ་བ་དབུལ་པོའམ་དབུལ་མ་ཕྱུག་མ་གཏོགས་ཕྱུག་པོ་ཞེ་དྲག་ཡོད་ཚུལ་མ་ཐོས། དབུལ་མ་ཕྱུག་གམ་དབུལ་པོ་རྣམས་ནང་ཆོས་ལ་ཞུགས་དགོས་པའི་རྒྱུ་མཚན་ཡང་འགའ་ཞིག་ནི་ཚོང་སོགས་ཁེ་སྤོགས་ཀྱི་བྱ་བ་གང་བྱེད་ཀྱང་ལམ་དུ་མ་འགྲོ་བར་བརྟེན་ཅི་བྱེད་དགུ་བྱེད་མེད་པར་ནང་ཆོས་བྱེད་པ་ཡིན་འདུག་ལ། ཁ་ཤས་ནི་ཟ་རྒྱུ་གོན་རྒྱུ་མེད་པར་ནང་པའི་ཆོས་ཚོགས་ལ་བསྟེན་པ་ཡིན་འདུག་གོ། དེ་ནི་ང་རང་གིས་མངོན་སུམ་དུ་མཐོང་ཐོས་སུ་གྱུར་པ་ལགས།
རྣམ་པ་ཚོས་ཕྲན་གྱིས་ཞུས་བའི་གནས་ཚུལ་ཁ་ཤས་ལ་མོས་མཐུན་གནང་ཞིང་། རང་གི་དགོངས་ཚུལ་གསུངས་བ་ཐུགས་རྗེ་ཆེ།
ངས་ལྟས་ན། མི་རྣམས་དགའ་མོས་ཀྱི་སྒོ་ནས་དཔལ་འབྱོར་ལ་རིན་ཐང་སྤྲད་པ་མིན་པ་ཁོར་ཡུག་དང་གནས་བབ། ལུས་པོའི་དགོས་མཁོ་ལ་ལྟོས་ནས་དཔའ་འབྱོར་ལ་རིན་ཐང་མི་སྤྲད་ཐབས་མེད་ཆགས་པ་འདོད་དེ། ང་ཚོའི་ཟས་གོས་གནས་མལ་དང་ཐ་ན་ད་ལྟ་སྤྱོད་བཞིན་པའི་ཀློད་ཀླད་དང་དྲ་རྒྱ་འདིའང་དཔལ་འབྱོར་དང་ཁ་བྲལ་ཐབས་མེད། ག་སྲིད་སུ་ཞིག་གིས་འདི་ལ་རིན་བབ་སྤྲད་མ་ནུས་ཚེ་བཀོད་སྤྱོད་བྱེད་པའི་ཐོབ་ཐང་མེད་ལ། ཟ་ཁང་དུ་ཕྱིན་ཡང་དེ་ལྟར་རེད། ལྗོངས་རྒྱུད་དུ་ཕྱིན་ཡང་དེ་ལྟར་རེད། མདོར་ན་དཔལ་འབྱོར་འདི་རང་གི་འགུལ་སྤྱོད་དང་རིན་ཐང་ལ་འབྲེལ་བ་དམ་ཟབ་ཡོད་དེ། དཔལ་འབྱོར་མེད་པའི་མི་ནི་རང་གི་འདོད་མོས་བཞིན་ས་ཆ་གང་ཞིག་ལ་འགྲོ་བའི་རང་དབང་མེད་ལ། མོས་འདོད་ཀྱི་གནས་གང་ཞིག་ཏུ་སྡོད་པའི་རང་དབང་མེད། ཁྱིམ་གཅིག་ལ་དཔལ་འབྱོར་མེད་ན་ཁྱིམ་གཞི་སྟོང་ལ། ཚོགས་པ་གཅིག་ལ་དཔའ་འབྱོར་མེད་ན་ཚོགས་པ་སྟོང་། རྒྱལ་ཁབ་ཅིག་ལ་དཔལ་འབྱོར་མེད་ན་ཡུལ་ཁམས་འཁྲུག།
མགོན་པོ་ཀླུ་སྒྲུབ་ཀྱིས།
ནོར་དང་རིག་པ་ལྡན་གྱུར་ན།། བླུན་པོ་རྣམས་ནི་དྲེགས་པ་འཕེལ།། གོང་འཕང་གཉིས་པོ་དེ་དག་གིས།། མཁས་པ་རྣམས་ནི་ཞི་བ་གནས།། ཞེས་གསུངས་བ་ནི་དོན་ལ་གནས་བ་མཐོང་།། མདོར་ན་དཔལ་འབྱོར་དང་ཤེས་ཡོན་གཉིས་ནི་གཅིག་པ་ཡིན་ཞིང་དེ་གཉིས་ལ་དམིགས་བསལ་གྱི་ནུས་བ་རེད་རེ་ཡོད་པས་བེད་སྤྱོད་བཏང་མ་ཤེས་ན་དུག་ཏུ་འགྱུར་སྲིད་ལ། བདེ་སྤྱོད་བཏང་ཤེས་ན་དེས་རང་གཞན་ཀུན་ལ་ཚོད་མེད་ཀྱི་བདེ་སྐྱིད་སྐྲུན་པས་རེད། བེད་སྤྱེད་ཅི་ལྟར་བཏང་མིན་རྣམ་དཔྱོད་ལ་ཐུག་ཡོད།
ངས་ཀྱང་སྤྱིར་དཔལ་འབྱོར་ཡར་རྒྱས་དང་འཚོལ་སྒྲུབ་ལ་དགག་པ་བྱས་པ་མིན། དཔལ་འབྱོར་གྱི་ཆེད་དུ་ཚེ་འདིའི་བཟང་སྤྱོད་དང་ཕྱི་མའི་རྒྱུ་འབྲས་གང་ལ་ཡང་བསམ་བློ་མི་གཏོང་བ་འདི་འགྲིག་གི་མི་འདུག་ཞེས་བཤད་ཀྱི་ཡོད། ཁྱེད་ཀྱིས་དཔལ་འབྱོར་བེད་སྤྱོད་བཏང་མ་ཤེས་ན་དུག་ཏུ་འགྱུར་ལ་བཏང་ཤེས་ན་བདེ་སྐྱིད་ཀྱི་རྒྱུ་རུ་འགྱུར་བ་གསུང་པ་བཞིན། དཔལ་འབྱོར་འཚོལ་སྒྲུབ་བྱེད་ཤེས་ན་དཔལ་འབྱོར་སྒྲུབ་པ་ལ་སྐྱོན་གང་ཡང་མེད་ཀྱང་། དཔལ་འབྱོར་འཚོལ་སྒྲུབ་བྱེད་མ་ཤེས་ན་ངའི་རྩོམ་ཡིག་ནང་གསལ་ལྟར་འདི་ཕྱི་གཉིས་ཕུང་གི་སྐྱོན་མང་པོ་ཞིག་ཡོང་ངེས་རེད། འདི་ཡང་མཐའ་བཏུགས་ན་མིའི་རྣམ་དཔྱོད་ལ་ཐུག་ཡོད་ཅིང། བོད་པའི་ནང་ལ་རྣམ་དཔྱོད་ལྡན་པའི་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་ཉུང་ཉུང་རེད།
སྐྱ་སེར་སུ་་ཡིན་རུང་འདོད་ཆུང་ཆོག་ཤེས་ཀྱིས་དཔལ་འབྱོར་བསྒྲུབས་ན། འདི་ཡང་ཆོས་སུ་འགྲོ། ཆོག་ཤེས་མེད་པར་དཔལ་འབྱོར་སྒྲུབ་པ་ན། ཆོག་མི་ཤེས་པས་སེམས་ལ་བྱ་བ་མི་རིགས་པ་འཆར། ཉེ་བའི་ལོ་ཤས་སྔོན་མི་ཞིག་གིས་དངུལ་མང་པོ་ཁྲིམས་འགལ་གྱིས་འཁྱེར་འགྲོ་སྐབས་ཨ་རི་གནམ་ཐང་ནས་བསྔོགས་མེད་པར་ཐར་ཀྱང་། འཇར་མན་གནམ་ཐང་དུ་བསྔོགས་ཏེ། དེ་འདྲའི་དངུལ་མང་པོ་ག་ནས་བྱུང་ཞེས་དྲིས་པ་ན། ཁྲིམས་ལུགས་བཞིན་ལན་མ་རྒྱབ་མ་ཐུབ་པར་དངུལ་གང་ཡོད་ཤོར་ཡོད་པའི་གནས་ཚུལ་ཐོས། འདི་ནི་ཆོག་ཤེས་མེད་པའི་འབྲས་བུ་ཡིན་པ་རང་ཅག་རྣམས་ཀྱིས་ཤེས་དགོས་པ་དང་། བྱ་བ་འདི་འདྲའི་རིགས་ལ་གཟབ་པར་གལ་ཆེའོ།།
དངུལ་་གྱི་མིང་ལ་ཀུན་དགའ་དོན་གྲུབ་ཟེར།
དངུལ་ཡོད་གཏོང་ཕོད་ཅན་ནི་མང་པོས་བཀུར།
དངུལ་གྱིས་སྙན་གྲགས་ལོངས་སྤྱོད་འབྱུང་བར་ངེས།
དངུལ་སྒྲུབ་པ་ལ་ཀུན་གྱིས་བརྩོན་དགོས་སོ།།