ཡུན་རིང་ཞིག་ལ་སྙན་ངག་འདི་འདྲ་འབྲི་མཁན་ཕྱི་བོད་ནང་བོད་གཉིས་ཀའི་ཁྲོད་དུ་མཐོང་མ་སོང་།
ནོར་སྡེ།
གཉིས་སྣང་ཆུ་འཛིན་དྲི་མས་མ་གོས་འོད་གསལ་བདེ་ཆེན་ཆོས་སྐུའི་ལྷ་ལམ་ཡངས་པོ་རུ། །
མི་ཤིགས་གཉུག་མའི་སྲོག་རླུང་ཕྲ་མོ་ཁ་དོག་ལྔ་ལྡན་ཐིག་ལེའི་ཕུང་བོར་ལེགས་གྲུབ་པ། །
རྒྱལ་ཀུན་མཁྱེན་པའི་ལང་ཚོ་མ་ལུས་གཅིག་ཏུ་བསྡུས་པ་ཤེས་རབ་ལྷ་མཆོག་རྣམ་གཉིས་ཀྱིས། །
བདག་གི་ཡིད་ཀྱི་རྨོངས་པ་དྲུངས་ནས་འབྱིན་དང་ལྷན་ཅིག་བློ་གྲོས་སྣང་བ་རྒྱས་པར་མཛོད། །
བགྲང་ཡས་དུས་ནས་མཁྱེན་པའི་གཏེར་ཁྱོད་སྙིང་གི་ཐིག་ལེར་ཡོངས་བཟུང་དབྱངས་ཅན་འགྲམ་པའི་ཆང༌། །
ངོམ་པ་མེད་པར་བཏུང་བའི་ནུས་པས་ཆེས་ཆེར་རབ་མྱོས་གང་སྣང་གླུ་རུ་ལེན་འདོད་པ། །
ཁོ་བོ་སྨྱོན་པའི་རང་གཤིས་ལགས་ན་བཅོས་སུ་མ་བཏུབ་གོམས་པ་ཤིན་ཏུ་མཐུ་བཙན་པས། །
འདིར་ཡང་གང་དྲན་གདངས་སུ་གྱེར་རོ་ལྷ་དང་དྲང་སྲོང་དྲི་ཟའི་ཚོགས་ཀྱིས་རམ་འདེགས་བྱོས། །
ཆུ་ལྷའི་རུམ་ནས་ཉེ་བར་འཕོས་པའི་སྒྲ་ཡི་ཕོ་ཉ་སོར་རྩེར་འཁྱུད་དང་ལྷན་ཅིག་ཏུ། །
མི་བདག་དགྱེས་པའི་སྐྱ་རེངས་དགའ་མས་ཕན་བདེའི་གཟི་བྱིན་མགྲོན་དུ་གཉེར་བའི་གོ་སྐབས་མཆོག །
དམིགས་པ་མེད་པར་ཤིན་ཏུ་འབྱེད་ལ་སེམས་ལྡན་སེམས་མེད་ཀུན་གྱིས་ཤིས་ཚིག་སྒྲོགས་པ་ནི། །
ཁོ་བོ་མྱུར་བར་གཞན་དུ་སྐྱོད་ཅེས་ཤུགས་འགྲོའི་བང་ལ་ལྕག་གིས་སྣོན་པ་སྦྱིན་དང་མཚུངས། །
གང་གི་ཚེ་ན་རིང་ནས་ཆགས་པའི་དྲོད་དང་རླན་གཤེར་འོད་ཀྱི་ཐུར་མ་རྣོན་པོ་ཡིས། །
ཤིན་ཏུ་བསྣུན་ཀྱང་གྲོལ་བར་མ་གྱུར་མི་བཟད་གྲང་རླུང་རྒྱུ་བའི་འཁྱགས་རོམ་གས་སྲུབ་ན། །
རང་གི་གཉེན་ལ་རེ་བའི་མྱུ་གུ་གཏན་དུ་མི་གཏོང་གངས་ལྕམ་པདྨོའི་སྙིང་ཁ་ནས། །
དཔྱད་པར་དཀའ་བའི་ངོ་མཚར་རྨི་ལམ་འོད་ལྔའི་མདངས་འཛིན་ཆུ་ཡི་ཟེགས་མ་འཇོ་འདི་ཅི། །
ཚུལ་འདིའི་རི་མོ་གསེར་མདོག་བྱང་བུར་ཚོན་གྱིས་བྲིས་པའི་མཚར་སྡུག་མ་ཡུ་ར་ཡི་གར། །
རིགས་ཀྱི་བདག་པོའི་སྒྲིབ་བྲལ་སྤྱན་དཀྱུས་བཻཌཱུར་ཆུ་ཀློང་འཁྱིལ་བའི་ངོགས་སུ་རྩེན་པ་ན། །
ལེགས་ཚོགས་སྤྲིན་སྔོན་ལྷུག་པར་གྲོལ་བའི་ལྟས་བཟང་ཉིད་དུ་ཉེ་བར་སྟོན་པའི་ལུང་གི་སྒྲ། །
རྒྱུན་མི་ཆད་པར་དབྱངས་སུ་གྱེར་བས་ཐོས་འཛིན་འདབ་ཕྲེང་སྦྲང་མའི་ཆར་གྱིས་ཀུན་ནས་བརླན། །
གཞན་ཡང་དབང་ཕྱོགས་དབྱིག་འཛིན་སྙིང་པོ་ནམ་མཁའ་བདེ་བའི་སྒོ་འཕར་ཆེན་མོའི་ཁོར་ཡུག་ནས། །
གངས་ཀྱི་ལྷུན་པོར་རྗེས་སུ་ཆགས་པའི་འདུན་པ་དྲག་པོ་ཆིབས་སུ་བཅིབ་ནས་བསྐྱོད་པ་ཡི། །
སྒྲ་དབྱངས་དཔལ་མོ་མཛེས་མའི་ལུས་ཅན་སྤྲིན་གྱི་ལྕུག་མ་ཤེས་རབ་འབུམ་བརྡལ་ལང་ཚོའི་འོད། །
མཆོག་ཏུ་འབར་བའི་གཟི་བྱིན་གྱིས་ཀྱང་ཡིད་ལ་མྱོས་པ་སྟེར་དང་ཆབས་ཅིག་འགྲོ་ཞེས་བསྐུལ། །
དེ་ལྟར་ཕྱི་དང་ནང་གི་རྒྱུ་རྐྱེན་ལྔ་ཕུང་ཚོགས་པས་འཛིན་པ་སེམས་དང་གཟུང་བ་ཡུལ། །
གཅིག་ལ་གཅིག་ཏུ་ལྟོས་པའི་ཚུལ་གྱིས་ཆོས་བརྒྱད་མཛེས་མའི་འགྲམ་ཆང་འཐུང་བར་རྩོམ་པའི་བདག །
ལུས་ལ་ཞེན་པའི་སྤུ་ལོང་རབ་གཡོ་ཁྲག་རྩའི་རྒྱུ་བ་ཆུ་གཏེར་རླབས་ཀྱི་རྗེས་འགྲོ་བ། །
ནམ་མཁའི་བུ་མོས་ཉེ་བར་མཐོང་ནས་སྐྲག་སྣང་དང་བཅས་ག་བུར་ཐིགས་པ་བྲན་ལ་བྲེལ། །
གདོད་མའི་དུས་ནས་ཡུལ་འདིའི་སྣོད་བཅུད་བདག་གིར་འཛིན་ལ་འཁྲུལ་སྣང་རི་མོ་ཨ་འཐས་པའི། །
གཉུག་མར་གནས་དག་རང་གི་དགའ་མ་སྲས་དང་སྲས་མོ་ཕོ་ཉ་དང་ནི་ཕོ་ཉ་མོ། །
ལྷན་ཅིག་འབྱུང་བོའི་ཆས་སུ་ཞུགས་སམ་ཡང་ན་སྤྲུལ་པའི་ཆོ་འཕྲུལ་དང་བཅས་ཉེར་ལྷག་ནས། །
འགའ་རེས་སྐྱེལ་ཞིང་སྭ་སྟིའི་སྒྲ་སྒྲོགས་ལ་ལ་དག་ནི་བཤོལ་འདེབས་མུན་པའི་རལ་པ་བསིག །
དེ་དག་ལས་ཀྱང་གཙོ་བོའི་ཁྲི་ལ་རྐང་པ་འགོད་ཅིང་ས་བཅུའི་མཐར་གནས་ཡུལ་ལྷའི་གཙོ། །
བན་དང་བོན་ལ་རིས་སུ་མ་ཆད་རང་གི་འདོད་པ་ཇི་བཞིན་འཛུམ་པའི་དཔལ་སྟོན་པ། །
མེས་པོའི་མཚན་འཆང་རྨ་ཡི་རྒྱལ་པོ་སྦོམ་རར་གྲགས་པ་དེས་ནི་སྲུང་བའི་ཡི་གེ་དྲུག །
བདག་གི་སྤྱི་བོ་མགྲིན་པ་སྙིང་ཀ་ལྟེ་བ་གསང་གནས་རྐང་མཐིལ་དག་ཏུ་བཀོད་བྱས་ནས། །
ཁྱོད་ཀྱི་མེས་པོའི་མེས་པོ་དག་ནི་ལུས་ཀྱི་འཁྲི་ཤིང་ས་གཞིའི་འགྲམ་པར་ཐག་པ་བཞིན། །
བར་མཚམས་མེད་པར་ཡང་དག་བསྐྱངས་ནས་ཆུ་ལྷའི་ཕྱོགས་སུ་ཉལ་བའི་སྟབས་ཀྱིས་བགྲོད་པའི་ཚེ། །
གཅེས་པའི་ནོར་དང་མཛའ་བའི་གཉེན་བཤེས་ཐ་ན་རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་ནས། །
རང་གི་རིགས་ལ་ཕན་པ་སྒྲུབ་པའི་ཆེ་བ་གང་ཞིག་སྲིད་པའི་ཁྱོན་ན་འབྲུག་ལྟར་གྲགས། །
ཚུལ་འདིའི་རྣམ་པ་ཡང་དང་ཡང་དུ་ཡིད་ལ་བྱོས་དང་སྙིང་དབུས་བག་ལ་ཉལ་བ་ཡི། །
སྤྲོ་བའི་མེ་སྟག་ཕྲ་མོ་དེའང་དགའ་བདེ་རླུང་ལྷར་འགྲོགས་ནས་རྒྱས་པར་གདོན་མི་ཟ། །
ཞེས་གསུངས་སྤྲིན་དཀར་ལེབ་མོའི་གདན་ལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་ཤིན་ཏུ་བགྱིང་བ་ནི། །
ཤེལ་དཀར་གསར་བའི་མཆོད་སྡོང་ཉིད་ལ་ཉིན་བྱེད་སྟོང་གིས་ཅིག་ཆར་འཁྱུད་དང་ཡང་དག་མཚུངས། །
ཆུ་སྟོད་མཛེས་མའི་ལང་ཚོའི་ཆ་ཤས་བཅུ་དྲུག་རྫོགས་པའི་ཐོ་རེངས་འཛུམ་པ་ངོམ་པའི་དུས། །
དག་བྱེད་སྤོས་ཆུའི་ཁྲུས་ཀྱི་ཆོ་ག་གྲུབ་དང་ལྷན་ཅིག་གསེར་སྐྱེམས་བཟང་པོའི་ཨ་མྲྀ་ཏས། །
དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་བགེགས་རིགས་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན་དང་བཅས། །
ཚིམ་པར་བྱས་ཤིང་བཟའ་བཅའ་བཏུང་བ་ཡང་དག་རྫས་ཀྱི་རྨད་བྱུང་ཚོགས་ལ་མངོན་པར་རོལ། །
སྣང་བྱེད་གཞོན་ནུའི་ཟེར་རྣོན་དཔུང་བས་ས་འཛིན་བུ་མོའི་མགྲིན་པ་འཁྱུད་ལ་རྩོམ་པ་ན། །
བདེ་འཇམ་མྱུར་བའི་འཕྲུལ་གྱི་ཤུགས་འགྲོས་རང་གི་བང་རྩལ་རླུང་ལྷའི་བུ་དང་འགྲན་འདོད་ནས། །
ལྡིར་ལྡིར་ངུར་བའི་ང་རོ་སྒྲོགས་ཤིང་ལམ་རིང་བགྲོད་པའི་མགྲོན་པོའི་ཚོགས་དག་རང་རང་གི ། །
གཉེན་བཤེས་དག་དང་སོ་སོར་གྱེས་པས་ལ་ལ་ངུ་ཞིང་འགའ་ཞིག་དགོད་པའི་ཟློར་གར་རྩེ། །
ཡུད་ཙམ་ཉིད་ནས་མགྲོན་ཞུགས་འཁོར་ལོ་ནགས་ཚལ་སྐྱུར་ནས་ཕྱོགས་སུ་འཕུར་བའི་འདབ་ཆགས་བཞིན། །
མངོན་པར་འབྱོར་ཞིང་ངེས་པར་ཡངས་པའི་གྲོང་དང་གྲོང་བརྡལ་ཤུལ་ཏུ་བཞག་ནས་བསྐྱོད་པ་ན། །
རྨ་བྱའི་སྒྲོ་ཐུལ་བརྐྱང་བ་ལྟ་བུའི་མཐའ་བྲལ་ནེའུ་གསིང་སྒེག་ལྡན་མཛེས་མའི་ལག་པ་ཡིས། །
འདོད་ལྡན་མགྲོན་པོའི་གཟུགས་འཛིན་གཞོན་ནུར་དམ་དུ་འཁྱུད་དང་ལྷན་ཅིག་བདེ་བའི་འོ་ཡང་བྱིན། །
ལྟོས་དང་ཡངས་པའི་ཐང་ཆེན་དག་ན་མིག་སྨན་མདངས་འཛིན་གཡུ་སྦྲའི་ཚོམ་བུ་རླུང་སྐྱེད་ཀྱི། །
བ་དན་དཀར་པོས་ཀུན་ནས་བྲེས་ཞིང་འཁྱོགས་འགྲོའི་དུ་བ་ཞོགས་པའི་གཟི་དང་སྡེབ་པ་ནི། །
ཟླ་གཞོན་ཟེར་གྱིས་ཤིན་ཏུ་མྱོས་པའི་གཡའ་བྲལ་སྟོན་གྱི་སྔོ་བསངས་མ་དེ་རྟབ་རྟབ་པོར། །
རྒྱུ་སྐར་ཚོམ་བུའི་རྒྱན་དང་བཅས་པར་ཆུ་གཏེར་མལ་དུ་འདོད་པས་ཉལ་ལ་ཀུན་ནས་འཕྱ། །
ཁོ་ར་ཁོར་ཡུག་བར་མཚམས་མེད་པར་གནག་དང་བལ་ལྡན་ཤུགས་འགྲོའི་ཁྱུ་ཡིས་གང་བའི་ཚུལ། །
ཁྱོད་ཀྱིས་མ་སྨྲོས་གལ་ཏེ་སྨྲོས་ན་བྱང་གི་རི་ནས་ལྔས་རྩེན་འཁོར་དང་བཅས་པ་ཡང༌། །
ཤིན་ཏུ་མི་བཟད་སྲེད་པའི་སེམས་ཀྱིས་རང་གི་འབྱོར་བ་རྒྱང་དུ་བོར་ནས་འདི་ཡི་ཡུལ། །
དང་དུ་ལེན་ལ་ཐེ་ཚོམ་མེད་པས་ལྷ་མིའི་གཡུལ་ཆེན་འགྱེད་པ་འགྱུར་རོ་སུ་ཡིས་ཟློག །
དེ་ཡི་ཚེ་ན་སུམ་ཅུ་རྩ་གཉིས་ཕྱེད་དུ་གཏུབ་པའི་ལང་ཚོས་སྒེག་ལྡན་སྨིན་ལེགས་འགའ། །
དར་ཟབ་གོས་གང་རིན་ཆེན་རྒྱན་གྱིས་མཆོག་ཏུ་སྤྲས་ཤིང་ཆུ་མིག་དགུ་སྒྲིལ་ཐ་གུ་དང༌། །
འོ་མས་ཡོངས་གང་ཟེའུ་དག་འཛིན་པདྨའི་རྣམ་ཐར་དབྱངས་སུ་གྱེར་བཞིན་གནག་ལྷས་ནས། །
གཅིག་ལ་གཅིག་འགྲན་ཁྱིམ་དུ་ལོག་མཐོང་མགྲོན་རྣམས་དགའ་འཕེལ་ཞྭ་མོ་ཕུད་ནས་ཤིས་ཚིག་སྒྲོགས། །
ཆར་ལྡན་དུས་ཀྱིས་སྐྱེད་དུ་སྲིང་བའི་དབྱིག་འཛིན་འཕྱོན་མ་ཆགས་པའི་རབ་མྱོས་ཉི་མའི་བུར། །
རང་གི་ལང་ཚོའི་མཛེས་པ་མ་ལུས་ཅིག་ཆར་སྦྱིན་འདོད་ཆུ་འཛིན་གསར་བའི་གོས་བཟང་པོ། །
དུམ་བུར་གཤེགས་ནས་ལྷ་ཡི་ལམ་ལ་དོར་བར་བྱས་འདི་ཕྱུགས་རྫི་དག་གིས་ཉེར་མཐོང་ནས། །
ཁྲེལ་མེད་མ་ཞེས་སྨོད་དང་ལྷན་ཅིག་དེ་ཡི་ལུས་ལ་གཡང་དཀར་ཁྱུ་ཡིས་སྨད་གཡོག་བགོས། །
རི་སྟེང་རི་ཤོད་ལྕགས་ཀྱི་དྲ་བས་ཀུན་ནས་བྲེས་པའི་མཐའ་བྲལ་ར་བ་རྩི་ཤིང་གི ། །
ཡལ་ག་ལོ་མ་མེ་ཏོག་འབྲས་བཟང་ཚར་དུ་དངར་བའི་རང་བྱུང་སྐྱེད་མོས་ཚལ་ཡངས་པོར། །
རིན་ཐང་གཞལ་མེད་ནོར་བུའི་གཙུག་ལྡན་རི་སྐྱེས་ཤ་བ་ཁྱུ་དང་ཁྱུ་བྱས་རྩེན་པ་འདི། །
མི་མིན་ལྷ་ཀླུའི་སྒོ་ཟོག་མིན་ན་འདུལ་སྦྱོང་མཁན་པོའི་ནུས་པའི་རྩལ་དེ་སུ་ཡིས་བྱིན། །
གཡས་ཀྱི་ཕྱོགས་ནས་ཟླ་གཞོན་ཁུ་བས་ལན་བརྒྱར་བྱུགས་ལྟར་དཀར་ཞིང་ཤིན་ཏུ་དཀར་བའི་མདངས། །
འོད་དུ་འཚེར་བའི་ས་འཛིན་རྩེ་བརྒྱ་གཅིག་ལས་གཅིག་ལྷག་སྤྲིན་དཀར་ལ་ཐོད་ཉེར་འཆང་ནས། །
རྣམ་སད་བདག་པོའི་གནས་ཀྱི་གཟི་བྱིན་མོག་པོར་ཉེར་གཏོང་སྲིད་ན་ཆེ་བའི་ཆེ་བ་གང༌། །
སེམས་དཔའ་ཆེན་པོའི་བཞུགས་གནས་ལགས་ན་ཁྱོད་ཀྱིས་མཐོང་བ་མི་དམན་བསོད་ནམས་བསགས་པའི་འབྲས། །
ཀྱེ་ཀྱེ་མགྲོན་དག་དུབ་པ་སྤོང་ལ་ཤེལ་དཀར་དྲ་བའི་ཕྱི་རོལ་མཛེས་པའི་ཡུལ་ལྗོངས་སུ། །
གཟུགས་འཛིན་དབང་པོ་ཅི་དགར་ཐོངས་དང་སྣོད་བཅུད་བརྟན་གཡོའི་ངོ་མཚར་ལྟད་མོ་འབྱམས་སུ་ཀླས། །
དུས་བཞིའི་ལྷ་མོའི་འདོད་པའི་སྒྱུ་རྩལ་ཅིག་ཆར་ཡོངས་ངོམ་སྟོང་དབྱིག་སྒེག་མོའི་མཚར་སྡུག་འབུམ། །
མཐོང་བའི་མོད་ལ་གངས་རིའི་དྲང་སྲོང་ཀུན་ད་མ་ཐུབ་ཆུ་ཕྲན་དཀར་པོའི་ཟོལ་གྱིས་ཤོར། །
མུ་འབྲེལ་རྫ་རིའི་ཁུག་པ་དག་ན་བྲེ་སེར་འབྲོང་མོ་ཁ་དཀར་རྐྱང་ཆུང་ཤ་བ་སོགས། །
གྲངས་ཀྱིས་མི་ལངས་ཁྱུ་དང་ཁྱུ་བྱས་མངོན་པར་རྩེ་ཞིང་མི་དྲེད་དག་ཀྱང་ངར་སྐད་འདོན། །
གཡའ་སྤང་འཐབ་པའི་རི་བོའི་སྟེང་ན་གོང་མོའི་ཚོགས་ཀྱིས་སྐད་སྙན་འབྱིན་ཞིང་དགོ་བའི་ཁྱུ། །
བག་ཡངས་ཚུལ་གྱིས་ཟས་ལ་བཀྲམ་པ་གློ་བུར་འདྲོགས་འདི་ཅེ་སྤྱང་ཟུག་པའི་རྐྱེན་མིན་ནམ། །
ཉིན་དང་སྲིབ་ནས་ལྷུང་ལྷུང་སྒྲ་སྒྲོགས་ཆུ་ཕྲན་བྱེ་བ་དཀར་དམར་མེ་ཏོག་འཐུ་བཞིན་དུ། །
རང་གི་རིགས་ཀྱི་གཙོ་བོར་གྱུར་པའི་ཆུ་ཀླུང་དག་ལ་མངོན་པར་འདྲེས་ནས་འབེབས་པ་ནི། །
ཡུལ་འདིའི་སྐྱེ་བོ་རིགས་རྒྱུད་གཙང་ཞིང་བློ་གྲོས་མཐུན་པའི་རང་བཞིན་ཀུན་ནས་མཚོན་པའམ། །
ཡང་ན་དམ་པའི་གོ་འཕང་གཉེར་གང་ཤེས་བྱ་མ་ལུས་བདག་གིར་མཛོད་ཅེས་སྐུལ་དང་མཚུངས༌། །
གཡུ་ཡི་མེ་ལོང་ཕྱིས་པ་ཇི་བཞིན་སྔོ་ཞིང་དྭངས་པའི་མཚོ་དང་མཚེའུ་རྣམས་ཀྱི་ངོགས། །
བཞད་དང་མཐིང་རིལ་ཆུ་སྐྱར་ཚོགས་ཀྱིས་སྐད་སྙན་སྒྲོགས་ཤིང་རླབས་ཀྱི་ཕྲེང་བར་རྩེན་པའི་ཚུལ། །
མཐོ་རིས་བུ་མོས་མཐོང་བ་ཙམ་གྱིས་རང་གི་བྲན་དག་རྗེས་སུ་ཁྲིད་ནས་ཁྲུས་ཀྱི་ཕྱིར། །
འདི་རུ་ལྷག་པར་ཐེ་ཚོམ་མེད་པས་ཀླུ་མོ་རྣམས་ཀྱིས་དེ་ལ་ཕྲག་དོག་མི་བྱེད་དམ། །
བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམ་ལ་མཆོག་ཏུ་བསྔགས་པའི་རང་བྱུང་ཚ་བའི་ཆུ་མིག་བརྒྱ། །
ཅིག་ཆར་ཁོལ་བའི་དྲོད་རླངས་སྔོན་མོ་མཁའ་ལ་གཡོ་བའི་ཆུ་རྡུལ་ཕྲ་མོ་རེ་རེས་ཀྱང༌། །
འགྲོ་བའི་ལུས་ཀྱི་གདུང་བ་མ་ལུས་ཡོངས་སུ་བསལ་ནས་ལང་ཚོ་གསར་བའི་མཆོག་སྦྱིན་པ། །
ལྷ་དང་གནོད་སྦྱིན་དྲང་སྲོང་གྲུབ་པ་སུས་ཀྱང་མི་བསྐྱིལ་འགྲོ་རྣམས་སྤྱི་མཐུན་ལས་ཀྱིས་གྲུབ། །
དེ་ལྟར་ཤིན་ཏུ་བརྗིད་ཅིང་མཐོ་བའི་རི་དང་རི་རྒྱུད་མུ་མཐའ་མི་མངོན་ཡངས་པའི་གཤོངས། །
རྫ་བྲག་གཟའ་སྤང་གངས་ལས་སྐྱེས་པའི་ཡན་ལག་བརྒྱད་ལྡན་དལ་འབབ་མ་ནི་བརྒྱ་ཕྲག་འགའ། །
ཉེ་བར་བརྒལ་ནས་སྐྱོད་པའི་ཚེ་ན་སྤྱན་མའི་བཞིན་རས་མ་རྒད་མདངས་ལ་གསེར་བཟང་གི ། །
ཞུན་ཐིགས་བསྣན་ནམ་ཡང་ན་མཚམས་སྤྲིན་འོད་སྣང་འཛིན་པའི་ཆུ་གཏེར་རླབས་ཕྲེང་གཡོ་བ་འདྲ། །
འབྲས་ལྡན་ལྗོན་ཤིང་གཡུ་ཡི་ལང་ཚོས་རྣམ་བཀྲ་དཔལ་གྱི་བེའུའི་གཟུགས་སུ་བྲིས་པ་ཡི། །
རི་ཐང་ཀུན་གྱི་རེའུ་མིག་རྣམས་སུ་འབྲུ་ལྔའི་སྙེ་མས་བར་མཚམས་མེད་པར་དཀྲིགས་པ་ལ། །
རིས་སུ་བཅད་ནས་བདག་གིར་འཛིན་མཁས་སོ་ནམ་པ་དག་ལས་ལ་བརྩོན་པའི་རང་རྟགས་སུ། །
འགྲན་འདོད་མིན་ན་བགྲང་ཡས་རྐང་དྲུག་མེ་ཏོག་ཚལ་དུ་ཅིག་ཆར་བྲེལ་བ་འདི་ཅི་ཞིག །
ལྟོས་དང་མུ་མཐའ་དམིགས་པར་དཀའ་བའི་གྲོང་ཁྱེར་ཆེན་པོ་འདི་ནི་གནའ་མཁར་ཟི་ལིང་ཞེས། །
དུ་ཞགས་སྤྲིས་མའི་ཡོལ་བའི་ནང་ན་སྣང་བྱེད་གཞོན་ནུ་གཟི་བྱིན་ཡོངས་དོར་གཅེར་བུར་ཉལ། །
སྣ་ཚོགས་འཁོར་ལོའི་དུང་གི་སྒྲ་དང་མི་ཡི་ཁ་རླངས་བྱེ་བ་འདྲེས་པའི་རླབས་ཕྲེང་གིས། །
ཀུན་གསལ་ཁྱོན་ཀུན་དོག་པོར་བྱས་པས་མཁའ་ལ་རྒྱུ་དག་དམིགས་མེད་སྟོང་བའི་དབྱིངས་སུ་ཡལ། །
དེ་རུ་ཞག་གསུམ་ངལ་བ་བསལ་ནས་སླར་ཡང་གོས་དཀར་བུ་མོའི་འདྲེན་པའི་འཁོར་ལོ་ཡི། །
མཛེས་པའི་ཁང་བཟང་དག་ཏུ་ཉེར་ཞུགས་ཕུན་ཚོགས་འདོད་པའི་ཡོན་ཏན་དབང་པོའི་མཆོད་སྤྲིན་ལ། །
ཅི་དགར་རོལ་པའི་དགའ་སྟོན་མངོན་བྱས་ཡིད་ཀྱི་ངང་མོ་དགའ་བདེ་འོ་མའི་ཆུ་གཏེར་གྱི། །
ཁྱིམ་དུ་རྩེ་བའི་སྐལ་བ་བཟང་པོ་སྙིང་སྡུག་ཚངས་སྲས་ལྷ་མོ་ཉིད་དང་ལྷན་ཅིག་ཐོབ། །
བཻཌཱུར་ཞུན་མ་ས་ལ་འཁྱིལ་ལྟར་མཐོན་ཀ་སྔོན་པོའི་རླབས་ཀྱི་ཡོ་ལང་དྲག་པོ་ཡིས། །
ཕྱོགས་དང་ཕྱོགས་མཚམས་དམིགས་པ་མེད་པར་ས་ཆེན་འདི་ཉིད་ཆུ་ཡི་དཀྱིལ་འཁོར་གཅིག་ཉིད་དུ། །
མངོན་པར་རྫོགས་པའི་མཛེས་པ་འདི་ནི་མཚོ་སྔོན་ཁྲི་ཤོག་རྒྱལ་མོར་རྟོགས་པས་རབ་བཏགས་ཀྱང༌། །
དོན་དམ་ཉིད་དུ་པདྨ་རྒྱལ་པོའི་ཟད་པར་ཟིལ་གནོན་ཏིང་འཛིན་གཅིག་གི་མཐུ་ལས་བྱུང༌། །
འདི་དང་ཡོངས་འབྲེལ་ངོ་མཚར་ལྷ་སྒྲུང་བརྒྱ་ཕྲག་དུ་མ་དབྱངས་བདུན་རྫོགས་པའི་པི་ཝང་གི ། །
རྒྱུད་ལས་འཕོས་པའི་སྒྲ་དང་ལྷན་ཅིག་སོ་སོའི་མཛེས་འཛུམ་སྨིན་ལེགས་གཞོན་ནུའི་ལང་ཚོ་མཆོག །
གང་ན་སུ་ཡི་མིག་དང་རྣ་བའི་སྤྱད་བྱར་གྱུར་འདི་བསོད་ནམས་དཔུང་བའི་ཤེ་མོང་ལ། །
བརྟེན་པ་མིན་ན་བསྐལ་པ་བརྒྱར་ཡང་འབད་དང་རྩོལ་བས་སྒྲུབ་ནུས་མ་ཡིན་ཨེ་མ་རྨད། །
དེ་ལྟར་མངོན་དགའི་མཛེས་ལྗོངས་བྱེ་བ་ཡོལ་དཀར་སྟེང་གི་གློག་གཟུགས་ཇི་བཞིན་མཐོང་ཙམ་གྱིས། །
སྐད་ཅིག་ཉིད་ལ་བྱེ་མའི་རི་དང་ཚྭ་ཆུའི་མཚེའུ་དག་གིས་བསྐོར་བའི་མྱ་ངམ་ཐང༌། །
འཇག་སྐྱའི་ཤུགས་གླུ་ལྷང་ལྷང་ལེན་པའི་ཡུལ་ལྗོངས་ཞིག་ན་འབྱུང་བཞི་འཁྲུགས་པའི་ཆོ་འཕྲུལ་དག །
ཟིལ་གྱིས་གནོན་པའི་མི་ཡི་གྲོང་ཁྱེར་སྲིད་ཞིའི་འབྱོར་བ་མ་ལུས་ཚང་འདི་སུ་ཡིས་བྱས། །
དེ་རུ་སླར་ཡང་མྱུར་མགྱོགས་འཁོར་ལོ་གཞན་དུ་རབ་ཞུགས་རྩེ་དགའི་འོ་མ་བཏུང་བཞིན་དུ། །
སྒྲོ་ལྡན་སྨྱུག་ཕྲན་གནམ་རུའི་རྒྱུད་ལས་འཕོས་པ་ཇི་བཞིན་རི་ཀླུང་སྟོང་ཕྲག་ཤུལ་དུ་བཞག །
རྩེ་མོ་རབ་དཀར་གངས་ཀྱིས་ཡོངས་མཛེས་རྩ་བ་ཁ་དོག་ལྔ་ལྡན་ལྷུན་སྡུག་རི་བོའི་མདུན། །
དྭངས་བསིལ་ཡན་ལག་བརྒྱད་ལྡན་མཚོ་མོ་མརྒད་མེ་ལོང་གསར་བའི་མདངས་ལ་རྣམ་པར་འཁུ ། །
གངས་རིའི་ཕྲེང་བས་ཀུན་ནས་བསྐོར་པའི་ནེའུ་གསིང་རབ་ཡངས་མེ་ཏོག་འབུམ་གྱི་ཕྲ་ཚོམ་ཅན། །
དལ་འབབ་ཉལ་འགྲོའི་དྲ་བ་དྲ་ཕྱེད་མཆོག་ཏུ་འཛིན་པའི་མཚོ་དང་མཚེའུའི་ལྟེང་ཀ་ཁྲི། །
སྤྲིན་དཀར་ཕོ་ཉ་སྡུད་དང་སྤྲོ་ལ་མངོན་པར་བྲེལ་འདི་བསིལ་ལྗོངས་མཛེས་མའི་ཁྱད་ཆོས་ཞེས། །
ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་གཉན་ཆེན་ཐང་ལྷ་གྲོགས་ཀྱི་ཟོལ་དུ་ལྷགས་ཏེ་སྨྲས། །
ཨེ་མ་ལྟོས་དང་རིན་ཆེན་གདུགས་དཀར་གསེར་ཉ་འདོད་འཇོའི་བུམ་པ་བཟང་དང་པདྨ་དཀར། །
ཀུན་ནས་གཡས་སུ་འཁྱིལ་བའི་དུང་དང་མི་ཤིག་དཔལ་བེའུ་གསེར་སྦྱང་རྒྱལ་མཚན་རྩིབས་སྟོང་ཅན། །
བཀྲ་ཤིས་མཚན་མས་ཕྱོགས་དང་ཕྱོགས་མཚམས་ཤིས་པར་བྲེས་པའི་འདབས་བརྒྱད་ས་ཡི་ལྟོ་བ་རུ། །
ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་བསོད་ནམས་ཞིང་གྱུར་ས་སྤྱོད་དག་པའི་ཞིང་ཁམས་མཆོག །
དགའ་བ་བརྒྱད་ལྡན་འཆི་མེད་གྲོང་ཁྱེར་དབྱིག་འཛིན་གཞི་ལ་འཕོས་པ་དང་མཚུངས་ཡང་ན་ནི། །
ཀླུ་རྒྱལ་འཇོག་པོའི་མཛོད་ཀྱི་སྒོ་མོ་བྱེ་བ་ཕྲག་ཁྲིག་ཅིག་ཆར་ཉིད་དུ་ཕྱེས་པ་བཞིན། །
ཆོས་ནོར་ཐར་འདོད་དཔལ་གྱི་ཡོ་ལང་ཆར་ལྡན་དུས་ཀྱི་སྤྲིན་ཕུང་དག་ལ་འགྲན་པ་ཡི། །
སྣོད་བཅུད་ལང་ཚོའི་ཆེ་བ་འདི་ཡིས་སྲིད་ཞིའི་ཕུན་ཚོགས་གཞན་དག་མ་ལུས་ཟིལ་གྱིས་གནོན། །
འཇིག་རྟེན་དབང་ཕྱུག་མི་ཡི་གར་མཛད་མེས་པོ་སྲོང་བཙན་སྒམ་པོའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །
ཉེ་བར་དྲངས་པའི་ཆོས་སྲིད་ལེགས་ཚོགས་མེ་ཤེལ་ཁམས་ལས་གྲུབ་པའི་གཟི་བྱིན་སྟོང་འབར་བས། །
སྲིད་འདིའི་སྒྱུ་རྩལ་སྐར་ཚོགས་བྱེ་བའི་ལྟར་སྣང་རང་འོད་ཟིལ་གྱིས་གནོན་པའི་རང་རྟགས་སུ། །
གྲུ་འཛིན་དབང་པོའི་བརྟེན་དང་རྟེན་བཅས་འཛམ་གླིང་ཆེན་པོའི་ཕྲག་པའི་རྒྱན་དུ་ལྷམ་མེར་མངོན། །
ལྟེ་བ་མེ་དང་ཕྱོགས་དག་ཆུ་ཡི་རིམ་པར་བརྩེགས་པའི་གཙུག་ལག་ཁང་ཆེན་གསེར་སྦྱངས་ཀྱི། །
རྒྱ་ཕིབས་མཛེས་ལྡན་ཁོ་ར་ཁོ་ཡུག་རིན་ཆེན་དུ་མའི་མདའ་ཡབ་པུ་ཤུད་དང་བཅས་པ། །
གཟི་འོད་ཆེམ་ཆེམ་ཀུན་ནས་འཕྲོ་བའི་ལང་ཚོའི་རྩེ་དགའ་འདྲེན་བྱེད་ཡུལ་དུ་གྱུར་མ་ཐག །
དྲག་ཞན་བར་མའི་འགྲོ་བ་སུ་ཡང་རལ་བའི་ཅོད་པན་ས་ལ་མི་བསྙེལ་བ་དེ་གང༌། །
ཁྱད་པར་རྣམ་འདྲེན་ཐུབ་པའི་དབང་པོའི་སྐུ་མཆོག་གཙོར་བྱས་རིན་ཆེན་རྣམ་གསུམ་རྟེན་གྱི་ཕུལ། །
ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས་ན་བྱིན་རླབས་ནོར་བུའི་གཟི་འོད་རྣོན་པོ་སྤྲོ་བ་ཡིས། །
མཆོག་ཐུན་དངོས་གྲུབ་གྲུ་ཆར་གསར་བའི་དགའ་སྟོན་ཉིད་ལ་ཡིད་ཅན་མ་ལུས་འགུགས་མཛད་པའི། །
ཚུལ་འདི་བསམ་ན་མེས་པོའི་ཚོགས་ཀྱི་བཀའ་དྲིན་མཆོག་དེ་དབྱིག་འཛིན་ལྟོ་བར་ག་ལ་ཤོང༌། །
གཞན་ཡང་དེ་ཡི་ཕྱོགས་དང་ཕྱོགས་མཚམས་ཤིན་ཏུ་ཉེ་དང་ཅུང་ཟད་ཉེ་དང་རིང་བའི་སར། །
གངས་ལྗོངས་རྗེ་འབངས་རིམ་བྱོན་མེས་པོའི་བློ་གྲོས་རྩལ་ལས་ལེགས་པར་ཐོན་པའི་སྒྱུ་རྩལ་བཅུད། །
མངོན་པར་མཐོ་ཞིང་ངེས་པར་ལེགས་པའི་མཚོན་རྟགས་དངོས་སུ་ར་མོ་ཆེ་དང་ནོར་བུའི་གླིང༌། །
གདན་ས་རྣམ་བཞི་བསམ་ཡས་ཕོ་བྲང་ས་སྐྱ་ལ་སོགས་ངོ་མཚར་དཔལ་གྱི་ཆོ་ག་རྫོགས། །
དེ་དག་ཀུན་ཀྱང་སྒྱུ་རྩལ་གཡུ་ལོའི་ཁོ་ལག་རྫོགས་པ་ཁོ་ན་ཙམ་ཞིག་མ་ཡིན་པར། །
སྡེ་བཞིའི་དཔལ་གྱིས་འབྲས་བུས་ཡོངས་དུད་འཕྲལ་དང་ཡུན་དུ་དགེ་བའི་རྩ་བ་རབ་བརྟན་ཅིང༌། །
རྒྱ་བོད་མི་རིགས་མཛའ་བརྩེ་མཚོན་པའི་དཔང་རྟགས་མེ་ཏོག་འབུམ་ཕྲག་བཞད་པའི་བསུང་ཞིམ་གྱིས། །
ཀྲུང་ཧྭ་དབྱིག་འཛིན་སྒེག་མོའི་ཁྱོན་ལ་མི་ཤིག་མཐུན་སྒྲིལ་རྡོ་རྗེའི་ལང་ཚོ་རྨང་ནས་གྲུབ། །
གཞན་ཡང་བོད་ལྗོངས་གསར་བའི་སྐྱེ་སྟོབས་ཆབ་དཔལ་རིག་གནས་ཚན་རིག་སྦྲང་རྩིའི་རྩེ་དགའ་ལ། །
ལོངས་སུ་སྤྱོད་པའི་རིགས་འདུས་འབངས་མི་རྐང་དྲུག་བྱེ་བ་བདེ་སྐྱིད་དྲོད་ཀྱིས་མྱོས་པའི་གླུ། །
ཅི་དགར་འཐེན་པའི་ངང་ཚུལ་དེ་ཡི་འཛམ་གླིང་མཐོ་སྒང་སཱ་ལའི་སྨན་ལྗོངས་ཡངས་པའི་ཁྱོན། །
དུས་ཀྱི་གྲང་ངར་རྒྱང་དུ་བསྲིང་ནས་དཔྱིད་དཔལ་ལང་ཚོར་རྟག་ཏུ་འགྲོགས་པ་མངོན་པར་མཚོན། །
ཁྱད་པར་ལོ་རབས་བརྒྱད་ཅུའི་དུས་འདིར་རླབས་ཆེན་ཏང་གིས་ཡང་དག་ཐུགས་ཁུར་ཆེར་བཞེས་ནས། །
དུང་ཕྱིར་མཚོ་ལ་བྱེ་བ་ཀླུ་ཡིས་འཁྱུད་པའི་མ་དངུལ་ཡོངས་སུ་བཏང་ཞིང་མེས་རྒྱལ་གྱི། །
ས་གནས་གཞན་གྱི་བཟོ་བོ་མཁས་པ་ཉིས་ཁྲི་བདུན་སྟོང་གཅིག་ཏུ་འདུས་པའི་བློ་གྲོས་ཀྱིས། །
འཛམ་གླིང་ཡང་རྩེ་གངས་ཀྱི་ར་བར་སྔོན་མེད་བཟོ་སྐྲུན་ནམ་མཁའ་རྒྱ་མཚོ་མངོན་དུ་བྱས། །
ཡངས་པ་ཅན་གྱི་གློག་གི་གཏེར་སོགས་ནུས་པའི་འབྱུང་ཁུངས་འགྲིམ་འགྲུལ་རྣམ་གྲངས་དུ་མ་ལ། །
བོད་ལྗོངས་མགྲོན་ཁང་གནམ་གྲུ་ཐང་སོགས་འགྲུལ་སྐྱོད་ལྟ་སྐོར་འཛུགས་སྐྲུན་གསར་བ་ནོར་ལྷའི་གྲངས། །
རིག་གནས་སློབ་གསོ་ལུས་རྩལ་འཕྲོད་བསྟེན་ལྔ་ཕྲག་གསུམ་ལ་ཚོང་ལས་ལ་སོགས་བརྒྱད་དང་བཅས། །
ཕུན་ཚོགས་ལེགས་བྱས་བཀོད་པའི་སྒྱུ་འཕྲུལ་ཇི་བཞིན་བརྗོད་ན་དབྱངས་ཅན་མ་ཡང་ངལ་བར་སེམས། །
དེ་ལྟར་སྲིད་ཞིའི་ཡོན་ཏན་ཀུན་རྫོགས་གྲོང་ཁྱེར་ཆེན་པོའི་ལྟེ་བའི་གནས་སུ་ཆུ་སྐྱེས་ཀྱི། །
སྐྱེད་ཚལ་གསར་བ་དུ་མས་ཡོངས་བསྐོར་འབྲས་ལྡན་ལྗོན་ཤིང་གཡུ་ལོའི་འདབ་མ་ཉིལ་ཉིལ་དུ། །
དྲི་བཞོན་ཤུགས་ཀྱིས་བསྐྱོད་པས་ཉེར་དྲངས་ཡིད་འོང་སྤོས་ཀྱི་ངད་པ་ཡོངས་འཐུལ་ར་བའི་དབུས། །
ཉི་འོད་མགྲོན་ཁང་ཞེས་སུ་གྲགས་པའི་ངོ་མཚར་ཕོ་བྲང་ལྷ་དབང་འདུན་སའི་ཟླ་བོར་གྲུབ། །
དེ་རུ་འདོད་པའི་ཡོན་ཏན་ལྔ་ཕྲག་ཡིད་ལ་འདོད་པ་ཇི་བཞིན་རྩོལ་མེད་ལྷུན་གྲུབ་ཅིང༌། །
སྙིང་ལ་ཤིན་ཏུ་འཐད་པའི་གྲོགས་དག་ལྷན་ཅིག་རྩེ་དགའི་དུས་སྟོན་རོལ་པ་ཉེར་མཐོང་ཚེ། །
འཆི་མེད་གྲོང་གི་མཛེས་མ་དག་ཀྱང་རང་གི་འབྱོར་བ་མཆིལ་མའི་ཐལ་བ་བཞིན་དོར་ནས། །
བསིལ་ལྡན་ར་བ་དཀར་པོས་བསྐོར་པའི་ཞིང་ཁམས་འདི་རུ་སྐྱེ་བ་འཛིན་ལ་མངོན་པར་ཕྱོགས། །
བཅུ་ཕྲག་རིག་གཞུང་གངས་རིའི་སྤོ་ལ་རིང་ནས་གནས་བཅས་ཚན་རིག་རྡོ་རྗེའི་གཤོག་པ་ཅན། །
སྒྱུ་རྩལ་གཡུ་རལ་མངོན་པར་མཐོ་ཞིང་གསར་གཏོད་སྡེར་ཁྱིམ་རྣོན་པོ་དང་ལྡན་རྐང་བརྒྱད་ཁྱུ། །
གཅིག་ཏུ་འཛོམ་པའི་སྐལ་བ་འདི་ཉིད་གངས་ལྗོངས་སྐྱེ་འགྲོའི་བསོད་ནམས་ཤིང་རྟས་ལེགས་དྲངས་པས། །
རླབས་ཆེན་ཏང་གི་སྲིད་ཇུས་བཟང་པོའི་གཟི་བྱིན་སྟོང་འབར་རྫོགས་ལྡན་ཞོགས་པའི་དུས་ཀྱིས་བྱས། །
དེའི་ཚེ་བརྗིད་ལྡན་ཚོགས་རའི་ནང་དུ་མཁས་བརྒྱའི་བགྲོ་གླེང་ལྷ་ཡི་རྔ་སྒྲ་སྙན་པོ་ཡིས། །
ལྷ་དང་མི་དང་ལྷ་མིན་དྲི་ཟ་གནོད་སྦྱིན་ཚོགས་ཀྱང་པདྨའི་ཚལ་ལ་བུང་བ་བཞིན། །
རིང་ནས་བཀུག་ཏེ་གངས་ལྗོངས་རྩོམ་རིག་ལེགས་བཤད་གསར་བའི་བདུད་རྩི་མཆོག་ལ་རོལ་པའི་ཚུལ། །
གློག་གི་འོད་དང་སྒྲ་ཡི་རླབས་ཀྱིས་སྐད་ཅིག་ཉིད་ལ་ནམ་མཁའི་གར་ཁྱབ་གནས་སུ་བསྐྱལ། །
ཨ་ཧོ་བརྩེ་ཆེན་བྱམས་པའི་ཐུགས་ཀྱིས་མཁའ་ཁྱབ་འགྲོ་ལ་རིས་སུ་མ་ཆད་གཟིགས་པ་ཡི། །
ཤེས་རབ་མཚོ་ཆེན་ཕ་རོལ་ཕྱིན་མ་སྙན་ངག་མཁན་གྱི་མ་འདྲེས་མཛའ་བའི་བཤེས་ཆེན་པོ། །
ངག་གི་དབང་ཕྱུག་དབྱངས་ལྡན་དཔལ་མོ་ཆོས་ཀུན་རྒྱུད་སྟོང་སྒྲ་ལས་དྲངས་ཏེ་སྟོན་མཁས་མ། །
མཛེས་མའི་ཟོལ་གྱིས་ཉེ་བར་ལྷགས་ནས་གདན་གཅིག་ཉིད་དུ་འཛོམས་པའི་དགའ་སྟོན་ཨེ་མ་རྨད། །
དེ་སྐད་ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་མངོན་པར་རབ་རྫོགས་ལྷ་ལྡན་ས་ལ་སྤྱོད་པའི་ཞིང༌། །
ནུབ་ཕྱོགས་ཉི་མའི་གྲོང་ཁྱེར་ཆེན་པོར་བསྐྱོད་པའི་གཏམ་སྙན་པི་ཝང་དཀར་པོའི་རང་སྒྲ་འདི། །
རྨ་རྒྱལ་གངས་ཀྱི་རི་བོའི་ཞོལ་དུ་སྙན་ངག་སྨྲ་བ་འཇམ་དབྱངས་ཀུན་ཏུ་ཁྱབ་པ་ཡིས། །
ལེགས་པར་སྦྱར་བས་འགྲོ་བ་མ་ལུས་གང་གི་ལྷ་ཡི་གོ་འཕང་མཆོག་ལ་རེག་གྱུར་ཅིག །
ནོར་སྡེ་ཟེར་བ་འདིས་རྒྱ་གཞུང་གིས་བོད་ཀྱི་རིག་གནས་གཏོར་བཤིག་ཏུ་གཏོང་གི་མེད་ཚུལ་བཤད་པ་ཞིག་དབྱིན་ཡིག་ཏུ་བསྒྱུར་ནས་དྲྭ་རྒྱར་བཏང་འདུག རྒྱ་གཞུང་གི་ཁྱབ་བསྒྲགས་དྲྭ་རྒྱ་ཞིག་རེད་འདུག རྩོམ་ཡིག་དེའི་ནང་དུ་དེ་ལྟར་བཤད་མཁན་གྱི་བོད་མི་ཁ་ཤས་ཤིག་འདུག་མོད་ནོར་སྡེ་ཟེར་བ་དེ་ནི་དེའི་གྲས་ཀྱི་མཁས་པའི་མིང་ཡོད་མཁན་ཞིག་རེད་འདུག གཞན་དེ་ཚོ་ཚོང་པ་དང་ལས་བཟོ་བ་ལྟ་བུ་རེད་འདུག་སྙམ།
དབྱིན་ཡིག་གི་དྲ་བ་དེ་འདིར་འགོད་ཐུབ་བམ་
སྙན་ངག་འདི་ལ་གོང་ཚད་ཅིག་རྒྱག་རྒྱུ་ངའི་རེ་བ་ཡིན། ནོར་སྡེ་མ་སྡེ་ང་ལ་མི་དགོས།
ཡ་་་་ད་ཡིན་ན་ཡིག་ཕྲེང་གཅིག་བུ་འདིའི་གོང་ཚད་ཅིག་བརྒྱག་ཁ་བྱས་ཤོག “རླབས་ཆེན་ཏང་གི་སྲིད་ཇུས་བཟང་པོའི་གཟི་བྱིན་སྟོང་འབར་རྫོགས་ལྡན་ཞོགས་པའི་དུས་ཀྱིས་བྱས།།” དགྲ་དགའ།
ཨ་ལགས་ཁྱེད་ཀྱིས་ཚིགས་བཅད་འདི་ལ་གོང་བརྒྱག་རོགས་ཟེར། ངེད་ཀྱི་རྨོངས་འཆར་ལྟར་ན།
ཚིགས་བཅད་འདིར་སྡེབ་སྦྱོར་དང་སྙན་ཆ་ཡག་གི། དོན་དག་མེད་གི། སྲོག་མེད་གི། སྲོག་མེད་བེམ་པོ་ཞིག་ལ་རྒྱན་ཆ་གཡོགས་པ་ལྟ་བུ་རེད་འདུག
ང་ཡིན་ན། འདི་ལ་རྒྱ་སྒོར་གཅིག་ཀྱང་མི་སྤྲོད། རྩོམ་པ་པོའི་བསམ་བློ་ཧ་ཅང་སྐྱོ་གི། ཕལ་ཆེར་རྩོམ་པ་པོ་འདི་གུང་ཁྲན་ཏང་གི་གཅེས་ཕྲུག་ཅིག་ཡིན་པ་འདྲ།
དེ་མིན་ན། ད་དུང་ཡང་འདི་འདྲ་བྲིས་བསྡད་ན་ངོ་ཚ་དགོས་གི། རྩོམ་གྱི་གོང་ཁོ་རང་གིས་བརྒྱབ་འདུག་ག། ང་ཚོས་གོང་དམིགས་བསལ་ག་རེ་བརྒྱག་ག
རྒྱ་བོད་མི་རིགས་མཛའ་བརྩེ་མཚོན་པའི་དཔང་རྟགས་མེ་ཏོག་འབུམ་ཕྲག་བཞད་པའི་བསུང་ཞིམ་གྱིས། །
ཀྲུང་ཧྭ་དབྱིག་འཛིན་སྒེག་མོའི་ཁྱོན་ལ་མི་ཤིག་མཐུན་སྒྲིལ་རྡོ་རྗེའི་ལང་ཚོ་རྨང་ནས་གྲུབ། །
གཞན་ཡང་བོད་ལྗོངས་གསར་བའི་སྐྱེ་སྟོབས་ཆབ་དཔལ་རིག་གནས་ཚན་རིག་སྦྲང་རྩིའི་རྩེ་དགའ་ལ། །
ལོངས་སུ་སྤྱོད་པའི་རིགས་འདུས་འབངས་མི་རྐང་དྲུག་བྱེ་བ་བདེ་སྐྱིད་དྲོད་ཀྱིས་མྱོས་པའི་གླུ། །
ཁྱད་པར་ལོ་རབས་བརྒྱད་ཅུའི་དུས་འདིར་རླབས་ཆེན་ཏང་གིས་ཡང་དག་ཐུགས་ཁུར་ཆེར་བཞེས་ནས། །
དུང་ཕྱིར་མཚོ་ལ་བྱེ་བ་ཀླུ་ཡིས་འཁྱུད་པའི་མ་དངུལ་ཡོངས་སུ་བཏང་ཞིང་མེས་རྒྱལ་གྱི། །
ས་གནས་གཞན་གྱི་བཟོ་བོ་མཁས་པ་ཉིས་ཁྲི་བདུན་སྟོང་གཅིག་ཏུ་འདུས་པའི་བློ་གྲོས་ཀྱིས། །
འཛམ་གླིང་ཡང་རྩེ་གངས་ཀྱི་ར་བར་སྔོན་མེད་བཟོ་སྐྲུན་ནམ་མཁའ་རྒྱ་མཚོ་མངོན་དུ་བྱས། །
ཡངས་པ་ཅན་གྱི་གློག་གི་གཏེར་སོགས་ནུས་པའི་འབྱུང་ཁུངས་འགྲིམ་འགྲུལ་རྣམ་གྲངས་དུ་མ་ལ། །
བོད་ལྗོངས་མགྲོན་ཁང་གནམ་གྲུ་ཐང་སོགས་འགྲུལ་སྐྱོད་ལྟ་སྐོར་འཛུགས་སྐྲུན་གསར་བ་ནོར་ལྷའི་གྲངས། །
རིག་གནས་སློབ་གསོ་ལུས་རྩལ་འཕྲོད་བསྟེན་ལྔ་ཕྲག་གསུམ་ལ་ཚོང་ལས་ལ་སོགས་བརྒྱད་དང་བཅས། །
ཕུན་ཚོགས་ལེགས་བྱས་བཀོད་པའི་སྒྱུ་འཕྲུལ་ཇི་བཞིན་བརྗོད་ན་དབྱངས་ཅན་མ་ཡང་ངལ་བར་སེམས།
རླབས་ཆེན་ཏང་གི་སྲིད་ཇུས་བཟང་པོའི་གཟི་བྱིན་སྟོང་འབར་རྫོགས་ལྡན་ཞོགས་པའི་དུས་ཀྱིས་བྱས། །
སྙན་ངག་འདི་ནི་ལོ་ཉི་ཤུའི་གོང་ལ་བྲིས་པ་ཞིག་རེད། དེ་དུས་སུ་དེ་འདྲ་མ་བྲིས་ན་བརྩམས་ཆོས་མི་བྲིན་པ་ང་ཚོ་བོད་ནས་ཡོང་བ་ཚོས་ལོས་ཤེས། ཡིན་ན་ཡང་ད་ལྟ་ད་དུང་དེ་འདྲ་འབྲི་མཁན་ཞིག་ཡོད་ན་མི་དེར་རྩ་མི་ཚང་བ་རེད།
དོན་གྲུབ་རྒྱལ་གྱིས་ཀྱང་ཁ་བྲལ་རིང་ལུགས་ཞེས་ཚིག་མཚོན་ཇི་འདྲ་ཞིག་བཏབ་ཡོད་པ་ཁོས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྐོར་དེར་བལྟས་ན་ཤེས། དེ་བཞིན་ལྗང་བུས་ཀྱང་ནག་ཆུའི་གངས་སྐྱོན་དུ་གུང་ཁྲན་ཏང་སྤྱན་རས་གཟིགས་གསོན་པོ་ཡིན་ལུགས་བྲིས་ཡོད་མ་ཡིན་ནམ།
ཁོང་གཉིས་ཀྱིས་ཀྱང་ལོ་ངོ་ཉི་ཤུའི་ཡར་ནང་མར་ནང་དུ་དེ་ལྟར་བྲིས་པ་རེད། དེ་བཞིན་སྒྲུང་རྩོམ་པ་སྟག་འབུམ་གྱི་སྒྲུང་གཏམ་ནང་དུ་ཡང་དེ་བཞིན་རེད། ལྷ་ས་བ་བཀྲིས་དཔལ་ལྡན་གྱི་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག་ནང་དུ་ཡང་དེ་བཞིན་རེད། ཏང་ལ་བསྟོད་པ་ཐར་ཐོར་དེ་འདྲ་བྲིས་ཡོད་པའི་བོད་རིགས་རྩོམ་པ་པོ་བརྩིས་ནས་མི་ཚར་གི་ཡ། ཆེ་ས་ནས་ཨ་ལགས་དུང་དཀར་དང་ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། དོར་ཞི་དང་བསེ་ཚང་ལྟ་བུའི་བླ་ཆེན་མཁས་ཆེན་གྱི་གསུང་འབུམ་ཁྲོད་དུ་ཡང་ཤིག་བཙལ་བཙལ་བྱས་ན་དེ་འདྲ་རེ་རྙེད་ཐུབ་པའི་ཡིད་ཆེས་ཡོད་ཀྱང་ཁོང་རྣམ་པ་འུ་ཐུག་པའི་ཚིག་རྡོག་རེ་ཡིན་རྒྱུ་རེད་མ་གཏོགས་ངེས་པ་དོན་གྱི་བསྟོད་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།
དེ་འདྲ་ཡིན་ན། ང་སྐྱེས་ནས་ལོ་གསུམ་བཞིའི་བར་དེ་རེད། ལོ་ངོ་ཉི་ཤུའི་སྔོན་ཡིན་ན་ཁག་ཡོད་ཀྱི་མ་རེད་བསམ་གི། དོན་གྲུབ་རྒྱལ་གྱིས་ཀྱང་དེང་རབས་ཅན་བཞི་དང་མེས་རྒྱལ་ལབ་ནས་རྩོམ་གྱི་ནང་ལ་མང་པོ་བྲིས་འདུག་ག དྲ་གྲོགས་ཚོ། དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་ཞེས་བའི་ལྷུག་རྩོམ་སྐད་གྲགས་ཅན་དེ་རེག་ཐུབ་རེ་མེད་ལ་།
ང་ལ་དེ་དགོས་མཁོ་ཧ་ཅང་ཆེན་པོ་འདུག དོན་དག་གཞན་མེད། རྐང་ལམ་ཕྲ་མོའི་སྒང་ལ་རྨོངས་འཆར་ཐུང་ཐུང་ཞིག་འབྲི་ན་འདོད། རྐང་ལམ་ཕྲ་མོ་དེ་དང་ངའི་བསམ་བློའི་དབར་ན་མི་མཐུན་ས་ཧ་ཅང་མང་གི། སྔོན་མ་ངས་ཀྱང་དེ་བྐླགས། ཐེངས་གཅིག་མིན། ཐེངས་མང་པོ་བྐླགས། འོན་ཀྱང་། དེ་རིང་སང་ཉིན་ཕྱིར་འཁོར་ནས་བསམ་བློ་བཏང་ན།
རྐང་ལམ་ཕྲ་མོའི་བསམ་བློའི་སྒོམ་གཞི་སྐྱོ་གི་ རྐང་ལམ་ཕྲ་མོ་དེ་རེག་ན་རྩོམ་པ་པོའི་བསམ་བློའི་རྨང་གཞིའི་ཐོག་ལ་་རྨོངས་འཆར་འགའ་སྤེལ་འདོད་པ་དེ་ཡིན།
ཐབས་ཤེས་ཤིག་འཐེན་རོགས་། སྐུ་མཁྱེན།
ལོ་ཆུང་ཡིན་དུས་རྐང་ལམ་ཕྲ་མོ་དང་ཁོང་མང་རྫོང་ལ་ཡོང་དུས་ཤིག་བྲིས་ཤིང་པར་སྐྲུན་ནམ་ཡང་བྱས་མེད་པའི་ཡིག་ཆུང་གཅིག་གི་བློས་བསླངས་ཞེས་པའི་ལྷུག་རྩོམ་དེ་གཉིས་བློ་ཐོག་ནས་སྐྱོར་རྒྱུ་ཡོད་ཀྱང་ད་ལྟ་ན་རྒས་རྫི་ལྡིབ་ཏུ་གྱུར་པས་ཁྱེད་ལ་རྔོ་མི་ཐོག་གི
ཡིག་ཆུང་གཅིག་གི་བློས་བསླངས་ཀྱི་མཇུག་ཏུ། ་་་ ་་་ “འཕྲིན་དེ་ལས་བདག་གི་རྣ་ལམ་དུ་ཅི་ཡང་ཐོས་པར་མ་གྱུར་ལ་ཐོས་ཀྱང་སྲིད་རྒྱུ་མ་རེད་”ཅེས་པ་ཞིག་ཡོད།
ཡིན་ན་ཐང་། ལྗང་བུའི་འབྲོང་གི་ཤི་རྐྱེན་དེ་རེག་ཐུབ་རེ་མེད་ལ། དེ་ལ་ཡང་རྨོངས་འཆར་ཞིག་འབྲི་ན་འདོད།
ད་གཉིད་ཀྱི་ཡིན། ྐླད་པས་ལྕོགས་ཀྱང་གཟུགས་པས་མི་ལྕོགས་གི
སྐུ་ཞབས་རིག་འབྱུང་ཚང་ལགས།
ད་དེ་ཚོ་དོན་མེད་ལ་དོན་ཡོད་དུ་སྒོམ་མ་འདུག རང་གྲོལ་གྱི་ལྷུག་རྩོམ་དེ་དང་ལྗང་བུའི་སྙན་ངག་དེ་གཉིས་ལ་དཔྱད་བརྗོད་ཟེར་ནོ་མཁས་པ་ཡིན་མིན་གཉིས་ཀས་སྤེལ་སྤེལ་ནས་ད་ཁྱོད་ལ་ཅང་ལྷག་ཡོད་ནིས་མ་རེད། དེ་བས་གསར་བ་རེ་ལ་ཤུགས་རྒྱོབ་དང༌། བོད་ཕྲུག་འདི་ཚོར་ཅི་ཞིག་མ་འགྲིག་པ་ཡིན་ན། ཡི་གེ་ཡོན་ཏན་སྦྱོང་གིན་སྦྱོང་གིན་ཕྱིར་རྙིང་པ་ལ་འཐམ་འགྲོ་གི་འདུག མཚམས་ཤིག་ལ་རྦད་དེ་མུན་ནག་ལ་ལྷུང་སོང་བ་འདྲ། ཅི་ཡང་གོ་རྒྱུ་ཚོར་རྒྱུ་མེད་ཀི། ཐབས་སྐྱོ་བོ་ཞེ་དྲག་རེད།
ཨ་རོ་བློས་ཐུབ། བོད་ཕྲུག་ཚང་མ་འགྲིག་ཡོད་མེད་མི་ཤེས་དེ། ངེད་ནི་ཏན་ཏན་ཁྱེད་ཀྱིས་གསུངས་བའི་མུན་ནག་ལ་ལྷུང་མཁན་གྱི་གྲངས་ཡིན་པ་འདྲ།
ང་འདི་དེང་རབས་རིག་གནས་ཟེར་བ་དེ་སྦྱངས་ཀྱིན་སྦྱངས་ཀྱིན་རྙིང་བའི་ཕྱོགས་ལ་འཁོར་འགྲོ་གི། ང་རྙིང་པ་ཚིལ་དྲེགས་ཅན་ལ་དགའ་མཁན་ཞིག་ཡིན་པ་འདྲ།
རང་གྲོལ་གྱི་ལྷུག་རྩོམ་དེ་དང་ལྗང་བུའི་སྙན་ངག་དེ་གཉིས་རེག་ན་ངེད་ལ་དྲ་ཐོག་ནས་བསྐུར་རོགས། སྐུ་མཁྱེན།
རྗེས་མ་ནས་རྙིང་བ་ལ་མི་འཐམས། ཁྱེད་ཀྱི་ཁ་ལ་ཉན་ཆོག གནས་སྐབས་ལ་དེ་ཙམ་ཞུ། རྗེས་སུམཇལ་ཡོང་།
སྐུ་ཞབས་རིག་འབྱུང་ཚང་གིས་བདག་གི་མཆན་བུ་མཐོང་འདུག་པ་ཧ་ཅང་དགའ་སོང༌། རྗེས་ནས་ལམ་ལོག་ལ་མ་འབུད། ཀླུ་སྨྱོན་དང་འདི་ཚོའི་ཁ་མ་རྒྱུགས། མྱི་འདི་ཚོའི་རྗེས་ན་ཡག་ཅིག་དཀའ་ནི་རེད། མྱི་འདི་ཚོས་ཁྱོད་ཀྱི་མི་ཚེ་དེ་ཡང་ཁོང་ཚོ་ནང་བཞིན་གྱི་བོད་ཀྱི་སྙན་ངག་པ་ཙམ་བཟོ་བསམ་ཡོད་ནི་རེད། ཤེས་བར་གྱིས།
སྙན་ངག་འདི་གྱ་དགུ་ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་འདུག ལོ་རབས་བརྒྱད་ཅུའི་ནང་དགུ་བཅུའི་ནང་ནོར་སྡེས་སྙན་ངག་རིང་པོ་འདི་འདྲ་མང་པོ་བྲིས་འདུག ཞུ་འཕྲིན་དབྱར་གྱི་རྔ་གསང་ཞེས་པའི་སྙན་ངག་དེ་ཏང་ལ་བྲིས་པའི་སྙན་ངག་ཅིག་རེད། ྐློག་བདེ་བོ་མི་འདུག སྙན་ངག་འདི་འདྲ་འབྲི་མཁན་ཁོང་གཅིག་པུ་མ་རེད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་ས་སྐྱེས་རྡོ་སྐྱེས་རེད། མ་གཞི་ནས་རིག་གནས་གསར་བརྗེ་ཆེན་པོ་མཇུག་སྒྲིལ་བ་དང་མཉམ་དུ། གུ་ཡངས་ཀྱི་སྲིད་ཇུས་ཤིག་ཐོལ་གྱིས་སླེབས་མ་ཐག སྙན་ངག་པ་འདི་དག་གིས་རང་གི་ཚོར་འདུ་ཐམས་ཅད་སྦ་གསང་མེད་པར་ཤོག་བུ་ངོས་སུ་སྐྱུགས་པ་རེད། དེ་ལ་ཁག་ཅི་ཡོད།
འཇར་པན་པས་རང་ལ་འཁོན་ལན་མི་ཡོང་ཆེད་རྒྱ་ནག་ལ་སྒོར་དུང་ཕྱུར་མང་པོས་རོགས་རམ་བྱས་དང་བྱེད་བཞིན་པ་རེད། ཡིན་ནའང་རྒྱ་མི་མཁས་པ་ཕར་ཞོགས་ལྷམ་མགོ་བཙེམ་མཁན་སོགས་སུ་གཅིག་གིས་ཀྱང་འཇར་པན་ན་བསྟོད་གླུ་ཕུལ་མྱོང་ཡོད་པ་མ་རེད། ཡིན་ནའང་བོད་མིའི་མཁས་པ་ཡིན་ཟེར་མཁན་དགྲ་ལ་བསྟོད་གླུ་འབུལ་མཁན་གྲངས་འདིར་ཁག་མེད་སོང་བ་ག་ལ་ཡིན། ཁོག་ན་རྩ་མ་གཏོགས་མེད་སོང་བ་རེད། མིན་ན་རྒྱ་ལྷམ་བཙེམ་གྱིས་ཚེ་སྲོག་རྩ་ཆེར་བརྩི་ཤེས་སར་ཁོ་ཚོར་ཅི་བྱུང་བ་རེད། བོད་མི་འབུམ་བཅུ་གཉིས་༼༡༩༤༩–༡༩༧༩༽ལྷག་གི་ཚེ་སྲོག་ལ་སྒོར་རྡོར་གཅིག་གི་རིན་ཐང་ཡང་མེད་སོང་བ་ཨེ་རེད། འདིའི་སྐོར་ལ་བསམ་བློ་བཏང་ཚེ་ཆབ་སྤེལ་དང་དགེ་ལེགས། འབྲོང་བུ་སོགས་རང་གི་ཕོ་བ་མ་གཏོགས་བསམ་མི་ཤེས་མཁན་བོད་ཀྱི་མཁས་དབང་དེའི་གྲངས་ངའི་འཁྲིས་ལ་ཡོད་ཚེ་ཟོས་བཏང་ན་འདོད་ཀི
ཨོ་་་་་་་་ཧ་ལས་ཡ་ལ། ཁ་སང་ཧི་གཟིགས་ཟིན་བྲིས་སྟེང་ལ་རེབ་གོང་བ་རྗེ་བཙུན་སྐྱབས་ཡིན་ན་ཅིག་གིས”ཏང་ལ་བསྟོད་པ”ཟེར་བས་དགྲ་བསྟོད་འདོམ་འཇལ་མ་ཞིག་བྲིས་འདུག དེར་མི་མང་པོས་ཁ་རྡུང་གཏོང་གིན་འདུག ང་ཡང་སོང་ནས་སྐྱག་པ་རྒྱ་མ་གང་ཟོ་ཟེར་ནས་ཡོང་བ་ཡིན། ཅུང་མ་འགོར་བར་ཁོས་ཟིན་བྲིས་དེ་བསུབ་འདུག འདི་ལྟར་ད་ཡིན་ན་ང་ཚོའི་གཞི་རིམ་མང་ཚོགས་ཡན་ཆད་གཉིད་སད་ཡོད་ནའང་། ཤེས་ཡོན་པའི་སྡེ་ན་ད་དུང་མིག་བཙུམ་ནས་འགྲོ་མཁན་ཡང་འདུག ཁ་དཔེར། གོ་བ་མེད་པའི་གླང་རྒན་ལ། རྒྱལ་བོའི་བཀའ་ལས་དབྱུག་པ་བཙན་ཟེར་བ་ལྟར་ཞབས་འདྲེན་དེའི་རིགས་ལ་ཁ་ཡག་བཤད་རྒྱུ་ལས། སོ་བ་དང་རྒྱུགས་ཁྱི། རྒྱལ་འཚོང་བ་སོགས་སྙིང་ལ་ཕོག་པའི་ཚིག་ཡོད་ཚད་བེད་སྤྱད་ན་བསམ་ཤེས་མགྱོགས་པ་འདུག ཨ་ལགས་ཀླུ་སྨྱོན་ཚང་གིས་རེབ་གོང་དང་གཅན་ཚ་གྲངས་འདི་གཞན་དང་མི་འདྲ་ཟེར་བ་བདེན་ནའང་། ངོ་མ་ཆོས་ཟབ་ས་ན་བདུལ་ཀྱང་ཟབ་ཀི་ཡ།
ད་དུང་བོད་ནང་ན་ཡོད་དུས་སུས་ཀྱང་མ་བཅོལ་བའི་ལས་དགྲ་ལ་བསྟོད་རྩོམ་བྲིས་བྲིས་ནས་སྐྲག་མི་དགོས་ས་བཙན་བྱོལ་ལ་འབྱོར་རྗེས་དཔའ་སྐད་འཐེན་གི་ཡོད་པ་སྐོར་ཞིག་ཀྱང་ཡོད། མི་དེའི་གྲངས་ཀྱི་དགྲ་རྩོམ་དེའི་རིགས་ལག་སོན་བྱུང་ན་ག་ལེར་མཚམས་སྦྱོར་བྱེད་ཡ།
དཀོན་མཆོག་ཁྱོད་ཀྱི་ང་ལ་དོག་འདྲི་ཞིག་བྱས་འདུག་པ་དེའི་སྐོར་ལ་ཉིན་ཤས་སྔོན་དུ་གསལ་བཤད་ཀྱི་མཆན་རིང་པོ་བྲིས་ཡོད། མཐོང་སོང་ངམ།
ཨ་རོགས་ཚོ། འབྲོང་བུ་ཚེ་རིང་རྡོ་རྗེའི་རྩོམ་ཡིག་དེ་ཚོ་ལ་དཔྱད་པ་རྒྱག་མཁན་འདྲ་ཡོད་དམ། ངེད་ཀྱིས་ཁོང་གིས་ནུབ་ཕྱོགས་ཤེར་རྟོགས་རིག་པའི་སྐོར་ལ་བྲིས་བའི་དེབ་དེ་ཚོ་ཚང་མ་བྐླགས་པ་ཡིན། ཕལ་ཆེར། ཉིས་སྟོང་གསུམ་ལོར་བཏོན་པའི་བསྐལ་བའི་གཏམ་གླེང་དམར་ལྡང་མ་དེའི་རྗེས་སུ། དེབ་གཞན་པ་དཔར་བསྐྲུན་བྱས་མེད་པ་འདྲ།
ངེད་ཀྱིས་དོན་དག་གཅིག་ཀྱང་གོ་ཡི་མི་འདུག ག་རེ་བཤད་ཀྱི་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག
སྤོབས་པ་ལགས། ད་སོ་མ་སོང་ནས་བལྟས་པ་མ་ཟད། ཁྱོད་ལ་ལན་རིང་པོ་ཞིག་བྲིས་ནས་བསྐུར་དུས་ལག་ཉེས་ཤོར་ནས་བསུབས་དང་ཐལ། ད་ཡང་བསྐྱར་རིང་པོ་ཞིག་འབྲི་རྒྱུ་དུས་ཚོད་ཀྱིས་ལོངས་ས་མ་རེད། གང་ལྟར་ཡིད་འགུགས་ཐེབས་ནས་དྭོགས་པ་སངས་ཐལ། ཐུགས་རྗེ་ཆེ།