གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
ནུབ་ཕྱོགས་སུ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་ཀྱི་སྙན་ཞུ།
༄༅།།དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ངོ་དོན་གཅོད་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པའི་ཞབས་དྲུང་དུ།
ཆེད་གསོལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བའི་དགོངས་གཞི་གཅིག་ནི། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པ་ཐུགས་ལ་བཅངས་ནས། འཕྲལ་མར་དགོན་སྡེ་དང་སློབ་གྲྭ་སོགས་གསར་འཛུགས་ཀྱི་བཀའ་དྲིན་བསྐྱངས་ཡོད། དེ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རིག་གནས་བཅས་རྒྱུན་འཛིན་དང་དར་སྤེལ་གྱི་ལས་གཞིར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
ཡིན་ནའང་། ཉེ་བའི་མི་ལོ་༢༠ ལྷག་གི་ནང་དུ་བཙན་བྱོལ་བོད་མི་འབོར་ཆེན་བྱང་ཨ་རི་སོགས་སུ་གནས་སྤོར་བྱེད་ཚད་ནི་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། རིམ་འབྱོར་བྱུང་བའི་བོད་པ་དག་ཀྱང་ས་གནས་སོ་སོའི་མི་རིགས་མང་པོའི་ཁྲོད་དུ་མཚོ་ལ་ཁ་བ་བབས་པ་བཞིན་འཐིམ་ཞིང་ཡལ་བཞིན་པའི་སྣང་ཚུལ་འཇིགས་སུ་རུང་བ་ཞིག་བྱུང་དང་འབྱུང་བཞིན་མཆིས།
ད་ལྟ་ཆེས་ཛ་དྲག་ཏུ་འགྱུར་བཞིན་བའི་དཀའ་ངལ་དང་ཉེན་ཁ་ཞིག་ནི། བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་ཉམས་ཆག་ཏུ་རྦད་དེ་འགྲོ་བཞིན་པ་དེ་རེད། ད་ལྟ་བྱང་ཨ་རིར་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་ན་གཞོན་མང་པོའི་ངག་ནས་བོད་སྐད་མི་ཤེས་པ་དང་། ཕྱག་ནས་བོད་ཡིག་མི་འཁྱོངས་པའི་གནས་སྟངས་ཆེས་ཛ་དྲག་ཏུ་གནས་ཡོད། དེ་མིན་ཕྱི་རྒྱལ་དུ་འཚར་བཞིན་པའི་བོད་རིགས་ན་གཞོན་མང་པོས་བོད་སྐད་ཡིག་ཕར་ཞོག ཐ་ན་བླ་རུ་བཀུར་བའི་བོད་མིའི་གཤིས་ཀ་ཡང་ཉམས་ཚར་བའི་གནས་སྟངས་སྐྱི་གཡའ་བ་འབྱུང་མུས་སུ་ཡོད་པས། ད་ལྟར་མཚོན་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་ལ་འབད་དགོས་པའི་དུས་ནི་འཕྱི་མེད་ན་སྔ་མེད་པ་ཤིན་ཏུ་གསལ། ད་ལྟ་ནས་ཀྱང་མི་རིགས་རང་གི་འདུ་ཤེས་རྩ་བ་ནས་མེད་པའི་རྟགས་མཚན་ཡིད་སྐྱོ་བ་མང་དུ་འབྱུང་བཞིན་འདུག་པས། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐུ་ངོ་དོན་གཅོད་མཆོག་རྣམ་གཉིས་ཀྱིས་གཙོས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པས། གཤམ་གྱི་རེ་འདུན་དོན་ཚན་ཁག་ལ་ལེགས་བཅོས་གང་ཐུབ་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུ།
༡ དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཏུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་འགན་ཁུར་ཏེ། གནས་ཡུལ་རྒྱལ་ཁབ་ནང་དུ་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་བརྒྱུད་དེ་མང་ཚོགས་ལ་རོགས་སྐྱོར་གནང་བཞིན་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ནང་དུ་བོད་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་གསར་བསྐྲུན་གནང་ཐབས་ལ་འབད་དེ་མི་རིགས་ཀྱི་ཚེ་སྲོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ།
༢ བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་ས་གནས་སུ་སྐད་ཡིག་གི་རིན་ཐང་གླེང་མོལ་ཚོགས་འདུ་གང་མང་བསྐོང་རྒྱུ་དང་། སྐབས་སྐབས་སུ་སྐད་ཡིག་རིག་གནས་ལ་མཁས་པའི་སློབ་དཔོན་ཆེན་པོ་ཁ་ཤས་གདན་དྲངས་ཏེ་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་བར་གསོལ་འདེབས་ཞུ་རྒྱུ།
༣ བྱིས་པའི་སློབ་གསོ་གཙོ་གཉེར་བྱེད་པའི་ས་གནས་སུ་བོད་སྐད་བརྙན་འཕྲིན་ཁང་རེ་བཙུགས་ཏེ། ཕ་མ་དང་བུ་ཕྲུག་ལ་བོད་ཀྱི་སྐད་ཡིག་རྒྱུད་འཛིན་བྱེད་པའི་ཆ་རྐྱེན་བསྐྲུན་རྒྱུ།
༤ བོད་ཀྱི་སྐད་ཡིག་རིག་གནས་དང་ཡུལ་ལུགས་གོམས་གཤིས་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པའི་བྱང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ནང་དུ་དབྱིན་ཡིག་བཀོལ་སྤྱོད་བྱེད་པ་རྒྱུགས་ཆེ་བ་དང་བོད་ཡིག་ལ་དེ་ཙམ་དོ་སྣང་མི་སྤྲོད་པའི་གོམས་སྲོལ་ངན་པ་ཞིག་ཁྱབ་བཞིན་འདུག་པར་བསྒྱུར་བཅོས་གཏོང་རྒྱུ།
༥ བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་བཀོད་ཁྱབ་དང་གསལ་བསྒྲགས་བོད་ཡིག་ཁོ་ནའི་སྟེང་སྤེལ་མ་ཐུབ་ནའང་ངེས་པར་དབྱིན་བོད་ཤན་སྦྱར་དུ་སྤེལ་རྒྱུ།
༦ བོད་རིགས་ཁེ་གཙང་གི་ཚོགས་འདུ་སོགས་སུ་ཕྱི་སྐད་བཤད་པའི་གོམས་གཤིས་རྒྱུན་འཇགས་སུ་འགྲོ་བཞིན་པ་བསྒྱུར་བཅོས་གནང་རྒྱུ།
༧ བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭ་འཛིན་སྐྱོང་བྱེད་མཁན་དེ་བོད་སྐད་ཡིག་རིག་གནས་ལ་མཁས་པ་ཞིག་དང་། རྒྱུན་འཛིན་དང་སྲུང་སྐྱོབ་ལ་བྱེད་ཐབས་ཡོད་པ། ཆོད་སེམས་བརྟན་པོའི་ཤ་ཚ་དང་ལྷག་བསམ་ཡོད་པ་ཞིག་དགོས་རྒྱུ།
༨ སློབ་མ་ཡག་པོ་ཞིག་གསོ་སྐྱོང་བྱེད་པ་ལ་ཆེས་གལ་ཆེ་བ་ལྷག་བསམ་དང་ཤེས་ཡོན་ཀྱི་བྱེད་ཐབས་འཛོམས་པའི་དགེ་རྒན་ཡིན། དེས་ན་བྱང་ཨ་རིའི་ནང་གི་བོད་ཀྱི་བྱིས་པ་རྣམས་བོད་རིགས་རྣལ་མ་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་དུ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་འོས་འཚམས་ཀྱི་གླ་ཆ་ཡག་པོ་སྤྲད་དེ། དགེ་རྒན་ལེགས་པོ་བསྐོ་བཞག་བྱེད་ཐབས་སུ་གཞོལ་རྒྱུ།
༩ དགེ་རྒན་རྣམས་ཀྱི་སློབ་ཁྲིད་གྲ་སྒྲིག་དང་། ཁྲིད་ཐབས་ཁྱད་པར་བ། འཛིན་ཁང་དོ་དམ། ཁྱིམ་བདག་མཉམ་དུ་བྱིས་པར་རོགས་རམ་བྱེད་ཐབས་སོགས་ལ་ཆེད་མཁས་པ་གདན་དྲངས་ཏེ་དུས་ནས་དུས་སུ་གསབ་སྦྱོང་སྤྲོད་རྒྱུ།
༡༠ འཚོ་བ་དངོས་དང་འབྲེལ་བའི་རྒྱུན་སྤྱོད་ཐ་སྙད་དང་ཚིག་གྲུབ་སྟབས་བདེ་སྟེ། དཔེར་ན། ནང་མིའི་སྐོར། ཁང་བའི་ཕྱི་ནང་གི་སྐོར། སློབ་གྲྭའི་སྐོར། རྩེད་མོའི་སྐོར། ཁྱིམ་སྤྱོད་ཅ་ལག་གི་སྐོར་སོགས་བྱིས་པ་རྣམས་ལ་ཁ་བརྡ་བྱེད་རྒྱུ་དང་། ཤེས་སླ་ལ་བློར་འཛིན་བདེ་བའི་བྱིས་གླུ་ལེན་དུ་འཇུག་རྒྱུ།
༡༡ གཟའ་མཇུག་སློབ་གྲྭ་རྣམས་ལ་འཛིན་ཁང་གི་དཀའ་ངལ་ཡོད་པ་སེལ་དགོས་པ་དང་། འཛིན་ཁང་ནང་གི་མཛེས་བཟོ་དང་འཛིན་ཆས་སོགས་བོད་རང་གི་ཁྱད་ཆོས་ཡོད་པ། དགེ་རྒན་རྣམས་ཀྱིས་འཛིན་ཁང་དུ་བོད་ཆས་གྱོན་ཞིང་བོད་སྐད་བཤད་དེ། བྱིས་པ་ཚོའི་སེམས་ཁམས་སུ་མི་རིགས་རང་གི་བག་ཆགས་བརྟན་པོར་འཇོག་ཐབས་གནང་རྒྱུ།
༡༢ བོད་ཀྱི་བྱིས་པའི་རིག་གནས་དང་འབྲེལ་བའི་དཔེ་ཚོགས་ཇི་དགོས་བོད་ཕྱི་ནང་གཉིས་ནས་བསྡུས་ཏེ་བྱིས་པའི་དཔེ་མཛོད་ཁང་རེ་འཛུགས་རྒྱུ།
༡༣ བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ཀྱིས་སློབ་ཡོན་དུ་ཕུལ་བའི་དངུལ་དེས་བོད་ལུགས་ཀྱི་སྒྲིག་ཆས་གསར་བ་བྱིས་པར་ལོ་རེར་ཐེངས་རེ་ཉོས་ཏེ་སྤྲོད་རྒྱུ།
༡༤ བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བྱིས་པའི་དོ་སྣང་འདྲེན་ཐུབ་པའི་གནའ་དེང་གི་ཀློག་དེབ་གོ་བདེ་ལ་ཀློག་སླ་བ་དག་འཚོལ་བསྡུ་དང་བོད་སྒྱུར་བྱས་ཏེ། དགེ་རྒན་དང་ཕ་མ། བྱིས་པ་ལ་མཐུན་རྐྱེན་བསྐྲུན་རྒྱུ།
༡༥ བྱིས་པའི་ཆུང་དུས་ཀྱི་སེམས་ཁམས་ནི་དཀར་གཙང་གི་རས་གཞི་ལྟ་བུ་ཡིན་པས། ཕ་མ་དང་དགེ་རྒན། སློབ་དེབ་སོགས་ནི་བྱིས་པ་བཟང་ངན་ཅི་ཞིག་བཟོ་མིན་ལ་རག་ལས་ཡོད་པ་ཆེད་མཁས་མང་པོས་གསུངས་ཡོད། དེ་ལྟར་ན་དང་པོ་ཉིད་ནས་བྱིས་པ་ལ་བོད་སྐད་དང་བོད་གཤིས་རྣལ་མ་ཞིག་ཆགས་པའི་ལམ་དུ་འཁྲིད་རྒྱུ་གལ་ཆེན་དུ་འཛིན་རྒྱུ།
༡༦ བྱིས་པ་ཞིག་གིས་བོད་སྐད་ཤེས་དང་མི་ཤེས་ཀྱི་གནད་དོན་དེ་ཕ་མ་གཉིས་ལ་རག་ལས་པ་ཞིག་ཡིན་པ་ལས། གཟའ་མཇུག་སློབ་གྲྭ་ཁོ་ནས་བསྒྱུར་བཅོས་བྱེད་ཐུབ་པ་ཞིག་མིན་པས། ཕ་མ་རྣམས་ལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་ཀྱི་གསབ་སྦྱོང་མང་ཙམ་སྤྲད་དེ། བྱང་ཨ་རིའི་བོད་རིགས་བྱིས་པས་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་འདིར་བསྒྱུར་བཅོས་ཡོང་ཐབས་བྱེད་རྒྱུ།
༡༧ བོད་སྐད་གཙང་མ་བཤད་ཤེས་པ་དང་བོད་གཤིས་གཙང་མ་རྒྱུད་ལ་འཇགས་པའི་བྱིས་པ་དང་བྱིས་པའི་ཕ་མར་གཟེངས་བསྟོད་དང་བྱ་དགའ་ཕུལ་ཏེ་མཐོང་ཆེན་གནང་རྒྱུ།
༡༨ བོད་ཀྱི་སྐད་ཡིག་ལ་དུང་བ་འཕེལ་ཕྱིར་ས་གནས་སུ་བྱ་དགའ་ཡོད་པའི་བྱིས་སྒྲུང་འགྲན་བསྡུར། དག་ཆ་འགྲན་བསྡུར། གླུ་གཞས་འགྲན་བསྡུར་ལ་སོགས་པའི་བྱ་འགུལ་གང་མང་སྤེལ་རྒྱུ།
༡༩ ཕ་སྐད་རྒྱུད་འཛིན་བྱེད་ཐབས་དང་བྱིས་པ་གསོ་སྐྱོང་བྱེད་ཐབས་སྐོར་གྱི་ཕྱི་ནང་གི་ཆེད་མཁས་པ་གདན་དྲངས་ཏེ་ས་གནས་མི་མང་ལ་ཟབ་སྦྱོང་གང་མང་སྤྲོད་རྒྱུ།
༢༠ ས་གནས་སོ་སོར་བོད་ཀྱི་བྱིས་པའི་སློབ་གསོའི་དུས་ཆེན་རེ་གསར་གཏོད་གནང་སྟེ། དམངས་ཁྲོད་དུ་དར་བའི་བྱིས་པའི་རིག་རྩལ་འགྲན་བསྡུར་གྱི་བྱ་འགུལ་གང་མང་སྤེལ་རྒྱུ།
༢༡ བོད་ཡིག་སློབ་ཁྲིད་གནང་བའི་དཔུང་སྡེ་ཞིག་རྩ་འཛུགས་བྱས་ཏེ། བོད་རིགས་ཕན་ཚུན་ལ་གཅིག་ཕན་གཅིག་གྲོགས་ཀྱི་ཁོར་ཡུག་གསར་བཟོ་གནང་རྒྱུ།
༢༢ བྱང་ཨ་རིའི་ནང་དུ་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་བསྒྱུར་བཅོས་དང་། མ་འོངས་བོད་ཀྱི་བདག་པོ་བོད་རིགས་བྱིས་པ་རྣམས་ཀྱིས་བོད་སྐད་སྨྲ་ཤེས་པ་དང་བོད་ཡིག་འབྲི་ཤེས་པ་ཡོང་བ་ལ། ཚོགས་སྒེར་ཐུན་མོང་གི་ནུས་པ་ཆིག་སྒྲིལ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ།
༢༣ བོད་མིའི་གྲངས་འབོར་ངེས་ཅན་ཡོད་པའི་གྲོང་ཁྱེར་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་གི་མཚོན་པའི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་གནང་སའི་བོད་མིའི་གྲོང་སྡེ་གསར་འཛུགས་གནང་ཕྱོགས་ཀྱི་བྱེད་ཐབས་སྐོར་ལ་དགོངས་བཞེས་ཟབ་མོ་གནང་དགོས་པ་དུས་ལ་བབ་ཡོད་དོ།།
གོང་ཞུས་དོན་ཚན་དེ་དག་གི་ནང་དུ་ནོར་བ་དང་འཁྲུལ་བ་གང་ཡོད་ལ་བཟོད་གསོལ་དང་ལྷན་དུ་ཉེན་ཁའི་ཕྱོགས་སུ་སྐྱོད་བཞིན་པའི་བྱང་ཨ་རིའི་བོད་པའི་སྤྱི་ཚོགས་དེ་སྐྱོབ་ཐབས་ཀྱི་ཐབས་ལམ་ཞིག་བཙལ་བ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐབས་སུ་འགྲོ་བ་གོང་ཞུས་དོན་ཚན་དེ་དག་གི་ནང་དུ་ནོར་བ་དང་འཁྲུལ་བ་གང་ཡོད་ལ་བཟོད་གསོལ་དང་ལྷན་དུ་ཉེན་ཁའི་ཕྱོགས་སུ་སྐྱོད་བཞིན་པའི་བྱང་ཨ་རིའི་བོད་པའི་སྤྱི་ཚོགས་དེ་སྐྱོབ་ཐབས་ཀྱི་ཐབས་ལམ་ཞིག་བཙལ་བ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐབས་སུ་འགྲོ་བ་དང་། གཞན་ཡང་བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་མཐུན་རྐྱེན་དུ་འགྱུར་བའི་རེ་བ་བླ་ལྷག་དང་བཅས་ཏེ། གུས་པ་ཚོས་སྙིམ་པ་མཐོ་བར་བཏེགས་པའོ།།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་ནས་སྤྱི་ཟླ ༩ ཚེས ༡༨ ཉིན་གུས་ཕུལ།
www.wildyaks.com
གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞི།
ལས་གཞི་འདི་ནི་སྤྱི་ལོ་ ༢༠༡༡ ལོའི་སྤྱི་ཟླ་བདུན་པའི་ཚེས་ ༦ ཉིན། ༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་བཟང་དང་བསྟུན་ནས་ང་ཚོ་དང་བླངས་པ་ཁ་ཤས་ཀྱིས་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གསར་དུ་བཙུགས་ཏེ་གཡག་རྒོད་དྲྭ་ཚིགས་དངོས་སུ་སྒོ་འབྱེད་བྱས་པ་ཡིན།
ང་ཚོས་མི་ལོ་ཧྲིལ་བོ་ལྔ་དང་ཟླ་བ་ ༤ ལྷག་གི་རིང་ལ་བོད་ཀྱི་བྱིས་པའི་སློབ་གསོའི་ལས་དོན་ལ་ཞུགས་ཏེ་བྱིས་སྒྲུང་གསར་རྩོམ། ཕྱི་རྒྱལ་གྱི་བྱིས་སྒྲུང་བོད་བསྒྱུར། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ངག་རྒྱུན་སྒྲུང་གཏམ་བསྡུ་སྒྲིག་དང་ལེགས་བཅོས། ལྷ་སྒྲུང་དང་འདྲེ་སྒྲུང་། དངོས་སྒྲུང་། བྱིས་གླུ། མགུར། ཁེད། ཐ་སྙད་གསར་བ། སྒྲ་ལྡན་བྱིས་སྒྲུང་། བྱིས་པའི་བརྙན་འཕྲིན། བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་ཆེད་རྩོམ་ལ་སོགས་པའི་བོད་ཀྱི་བྱིས་པའི་སློབ་གསོའི་སྐོར་གྱི་བརྩམས་ཆས་གྲངས ༣༠༠ ལྷག་དྲྭ་ཚིགས་སུ་བཀོད་དེ། ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཁ་འཐོར་དུ་གནས་པའི་བོད་ཀྱི་ཕ་མ་དང་བུ་ཕྲུག་རྣམས་ལ་དྲ་ལམ་ནས་ཞབས་ཞུ་ཞུས་དང་ཞུ་མུས་ཡིན།
དཔེ་སྐྲུན་གྱི་སྐོར་ནས་ང་ཚོས་༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་སྒྲུང་དེབ་གཅིག་དང་། ༼ཀ་འཕྲེང་བྱིས་པའི་འཇུག་ངོགས༽ཞེས་པའི་ཀ་ཁ་སྦྱོང་བྱེད་ཀྱི་དཔེ་དེབ་གཅིག ༼གྱ་སྟོན།༽་ཞེས་པའི་ཚོན་བྱུགས་རི་མོའི་དེབ་གཅིག་བཅས་དཔེ་དེབ་གསུམ་དཔར་བསྐྲུན་བྱས་ཏེ། དེབ་གྲངས་ ༧༠༠༠ ལྷག་བོད་ཕྱི་ནང་གཉིས་སུ་རིན་མེད་དུ་འབུལ་ཐུབ་ཡོད།
གཡག་རྒོད་དྲྭ་ཚིགས་དང་གཡག་རྒོད་ཀྱིས་དཔར་བསྐྲུན་བྱས་པའི་དཔེ་དེབ་ཀྱི་ཁྱད་ཆོས་གཙོ་བོ་ནི། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་རི་མོ་བྲིས་ཡོད་པ་དང་། བོད་མི་རིགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་བྱམས་སྙིང་རྗེའི་ཀུན་ཁྱབ་རིན་ཐང་གཙིགས་སུ་འཛིན་པ། ད་བར་ཁྱོན་བསྡོམས་རི་མོ་ ༤༠༠ མ་ཟིན་ཙམ་བྲིས་ཏེ་དྲྭ་ཚིགས་དང་དཔེ་དེབ་ནང་བཀོད་ཡོད།
སྤྱི་ཚོགས་ནང་དུ་བྱིས་པའི་རིག་གནས་ཀྱི་རིན་ཐང་མཐོ་རུ་འགྲོ་བ་དང་བྱིས་པའི་རིག་གནས་ལ་དོ་སྣང་ཡོང་བའི་ཆེད་དུ། བོད་ཀྱི་བྱིས་སྒྲུང་རི་མོའི་འགྲེམ་སྟོན་ཞེས་པའི་མིང་བྱང་འོག་ཏུ། ས་གནས་ཀྱི་འགྲིམ་སྟོན་ཁང་ཁ་ཤས་ཀྱི་ནང་དུ་བྱིས་སྒྲུང་རི་མོའི་འགྲེམ་སྟོན་ཐེངས་གསུམ་བྱས་ཡོད།
བོད་ནང་གི་སློབ་ཆུང་རྣམས་ལ་དམིགས་ཏེ་རིན་མེད་གློག་ཀླད་ལས་གཞི་ཞིག་སྤེལ་ཏེ་གློག་ཀླད་(Dell )གསར་བ་བཞི་བོད་ནང་གི་སློབ་ཆུང་བཞི་ལ་སྤྲད་ཡོད།
སྐབས་དང་དུས་ལ་གཞིགས་ཏེ། བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་སྒྲིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་དང་། བོད་མི་འདུས་སྡོད་བྱེད་སའི་སྤྱི་ཚོགས་ནང་དུ་བོད་སྐད་ཡིག་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་འགུལ་ཡང་གང་ཐུབ་སྤེལ་དང་སྤེལ་མུས་ཡིན། བྱིས་པའི་སློབ་གསོ་ལ་དོ་སྣང་ཡོད་པ་དང་། སློབ་ཆུང་དགེ་རྒན། ཕ་མ། བྱིས་སྐྱོང་གི་ལས་བྱེད། བྱིས་པའི་སློབ་གསོའི་ལས་གཞི་གཉེར་མཁན་གྱི་མི་སྣ་རྣམས་ལ་ཉམས་མྱོང་བརྗེ་རེས་བྱེད་སའི་དྲྭ་ཚོམས་གཡག་རྒོད་བྱིས་སྒྲུང་གླིང་ཞེས་པའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད།
མ་འོངས་པའི་ལས་འཆར། དཔར་དུ་འགོད་མ་ཐུབ་པའི་དཔེ་དེབ། ༼རྒྱལ་སྲས་དོན་འགྲུབ་༽ཅེས་པའི་བདག་ཅག་གི་སྟོན་པའི་མཛད་པ་དང་འབྲེལ་བའི་བྱིས་སྒྲུང་རི་མོ་ཅན་གཅིག་དང་། ༼པདྨ་མཚོ་དང་རྟ་རྒྱུགས༽ཞེས་པའི་ཕོ་མོ་དབྱེ་འབྱེད་ཀྱི་རྩོད་རྙོག་དང་འབྲེལ་བའི་བྱིས་པའི་དེབ་གཅིག ༼རང་དབང་དང་བདེ་སྐྱིད་འཚོལ་བ།༽ཞེས་པའི་ཡུལ་གྱར་བའི་ལོ་རྒྱུས་དང་འབྲེལ་བའི་བྱིས་པའི་སྒྲུང་གཅིགརི་མོ་ཅན་གྱི་བྱིས་པའི་ཚིག་མཛོད་གཅིག ༼གངས་སེང་འཚོལ་བ༽་ཞེས་པའི་བྱིས་སྒྲུང་གཅིག་བཅས་ལྔ་ཡོད།
དེ་མིན་བྱིས་པ་ལོ་བཞི་ནས་བདུན་ཅན་གྱི་ལོ་ཚོད་དང་མཐུན་པའི་བྱིས་སྒྲུང་གི་ལས་འཆར་གཅིག བོད་རྒྱལ་མོ་ཚ་བ་རོང་གི་གོམས་སྲོལ་དང་འབྲེལ་བའི་བྱིས་པའི་དཔེ་དེབ་གཅིག གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ན་བཞུགས་པའི་བྱིས་པ་རྣམས་ལ་དམིགས་པའི་པར་རིས་ཅན་གྱི་ཀློག་དེབ་བཅས་དཔར་བསྐྲུན་འཆར་གཞི་ཡོད། ཉི་མ་རེ་ལ་འཆར་ཅན་ལྟར་དུས་ཚོད་གཉིས་དང་གསུམ་ཀྱི་དུས་ཡུན་དེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་བོད་ཀྱི་བྱིས་པའི་སློབ་གསོའི་ལས་དོན་སྟེང་དུ་སྐྱེལ་བཞིན་པའི་ཁུལ་ཡིན།
གཡག་རྒོད་བྱིས་པའི་སློབ་གསོའི་ལས་གཞི་འདིར་མཚོན་ན། གནས་སྐབས་ཙམ་གྱི་ཆེད་དུ་མ་ཡིན་པར། ཕུགས་རྒྱང་རིང་བོར་དམིགས་ཏེ་བཙུགས་པ་ཞིག་ཡིན་པས། ལས་གཞི་འདི་ཡར་རྒྱས་གོང་འཕེལ་གྱི་ལམ་དུ་བསྐྱོད་དགོས་པ་ནི་གལ་གནད་ཤིན་ཏུ་ཆེ་བར་བརྟེན། རིམ་གྱིས་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཏུ་བསྒྱུར་ཏེ། བོད་པའི་ཕ་མ་དང་བྱིས་པ་རྣམས་ལ་མི་རབས་ནས་མི་རབས་པར་ཞབས་ཞུ་བསྒྲུབ་རྒྱུ་ནི་ང་ཚོ་ཚོགས་མི་རྣམས་ཀྱི་ཕུགས་འདུན་ཡིན།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གི་མི་སྣ་རྣམས་ནི། ཨ་རུར་གནས་བཞུགས། ལྕགས་མོ་འཚོ། ཨོ་སུ་ཊི་ལི་ཡར་གནས་བཞུགས། ལྷ་ཆབ་སྦྱིན་པ་དང་གཟུངས་ཕྱུག་སྐྱིད། ཁ་ན་ཌར་གནས་བཞུགས་ཇོས་ལེས་བྷས་ཌས་དང་སུ་ཌ་སྤུ་ནེས་བྷས་ཌས། རྔ་བ་མཁས་གྲུབ་བཅས་ཡིན།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་བོད་མི་རིགས་ལ་ཤ་ཚ་དོན་ལྡན་གྱི་དྲང་གཏམ་འབའ་ཞིག་འཁོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེའི་མགོ་སྲིད་སྐྱོང་གིས་དབུས་པའི་སྲི་ཞུ་བ་ཚོར་”ད་ལྟ་ཆེས་ཛ་དྲག་ཏུ་འགྱུར་བཞིན་བའི་དཀའ་ངལ་དང་ཉེན་ཁ་ཞིག་ནི། བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་ཉམས་ཆག་ཏུ་རྦད་དེ་འགྲོ་བཞིན་པ་དེ་རེད། ད་ལྟ་བྱང་ཨ་རིར་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་ན་གཞོན་མང་པོའི་ངག་ནས་བོད་སྐད་མི་ཤེས་པ་དང་། ཕྱག་ནས་བོད་ཡིག་མི་འཁྱོངས་པའི་གནས་སྟངས་ཆེས་ཛ་དྲག་ཏུ་གནས་ཡོད། དེ་མིན་ཕྱི་རྒྱལ་དུ་འཚར་བཞིན་པའི་བོད་རིགས་ན་གཞོན་མང་པོས་བོད་སྐད་ཡིག་ཕར་ཞོག ཐ་ན་བླ་རུ་བཀུར་བའི་བོད་མིའི་གཤིས་ཀ་ཡང་ཉམས་ཚར་བའི་གནས་སྟངས་སྐྱི་གཡའ་བ་འབྱུང་མུས་སུ་ཡོད་པས། ད་ལྟར་མཚོན་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་ལ་འབད་དགོས་པའི་དུས་ནི་འཕྱི་མེད་ན་སྔ་མེད་པ་ཤིན་ཏུ་གསལ།” བའི་ངེས་ཤེས་དང་ཐུགས་ཁུར་རིགས་གཏན་ནས་མེད་པ་ལྟ་བུ་རེད།
ཁོ་ཚོས་སྤྱི་སྒེར་གྱི་དོན་དག་ཆེ་ཕྲ་ཚང་མར་ཐུག་སྐབས་༧གོང་ས་མཆོག་གི་མཚན་ནི་མར་འདྲུད་རྐྱང་བྱས་ནས་ཡོང་ཤེས་པ་ལས། ཁོ་ཚོ་རང་ཉིད་ཀྱིས་༧གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་ཀྱི་དོན་སྙིང་ལ་བརྩི་སྲུང་ཡེ་ནས་མི་བྱེད་ཅིང་། རང་ཉིད་ལ་རང་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གཉིས་པོ་སྲུང་སྐྱོབ་དར་སྤེལ་གཏོང་བའི་ལས་འགན་ཅི་ཡང་མེད་པ་ལྟ་བུ་བྱེད་ཀྱིན་ཡོད།
དོན་དངོས་སུ་ཁོ་ཚོ་ནི་་་གཞན་ལ་བཀའ་བཀོད་བྱེད་པའི་ཁ་ལྕེ་ཡོད་མཁན་ལས། རང་གིས་བཀོལ་སྤྱོད་བྱེད་པར་ལག་པ་མེད་མཁན་ཞེ་ཅིག་རེད།
འབོད་སྐུལ་ཡག་པོ་གནངས་འདུག དེར་བཀའ་དྲིན་ཆེ་ཞུ། གཡག་རྒོད་རྩོམ་སྒྲིག་པ་ཚོས། གཡག་རྒོད་དྲ་ངོས་ཀྱི་ཡིག་ནོར་དེ་ཚོ་གཙང་མ་ཞིག་བཟོ་ཐུབ་ན། དེ་ཡང་སྐད་ཡིག་ཡར་རྒྱས་ཀྱི་ཞབས་འདེགས་སུ་འགྲོ་བ་རེད། དེ་མིན་སོ་སོས་དྲམལམ་ལ་ཡིག་ནོར་གང་སྤེལ་བསྡད་ནས། གཞན་ལ་འབོད་སྐུལ་ཞུ་ནི་དེ་ཙམ་ཞིག་རེད། ད་ལྟའི་འབོད་སྐུལ་ཞུ་ཡིག་ནའང་ཡིག་ནོར་འདུག གཞན་དཔེར་ན། ༼སྐད་ཡིག་ཉམས་ཆག་ཏུ་རྦད་དེ་འགྲོ་བཞིན་པ་དེ་རེད།༽ འདི་བོད་སྐད་ཀྱི་འགྲོས་ཤིག་མ་རེད།
མི་རིགས་ཞིག་གི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཐུབ་པ་ལ་དང་པོ་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྔོན་འཐོན་བྱས་བས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་ལས་འགུལ་དེ་རང་བཞིན་དུ་ཡོང་རྒྱུ་ཡིན་པ་ལས་ བོད་མི་རིགས་འདི་ཐོག་མ་ཉིད་ནས་གྲངས་ཉུང་ཡིན་པ་དང་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་གནོན་འོག་བོད་ཀྱི་སྐད་ཡིག་ལ་རང་དབང་གི་ཐོག་ནས་འགན་འཁུར་ཐུབ་པའི་འཁོར་ཡུག་མེད་པ་དང་ བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་འཐོར་བ་ནང་་བཞིན་དུ་གནས་ཡོད་ན་ གལ་ཆེ་ཤོས་དེ་བོད་མི་རིགས་སྲུང་སྐྱོབས་ཐུབ་པའི་ཆེད་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མིའི་སྒྲིག་གཞི་བཟོས་ནས་བོད་མི་རིགས་འདི་ཞ་ལེའི་སྟེང་སྲན་མ་གཏོར་བ་ནང་བཞིན་བྱས་ནས་མི་ཚེ་བསྐྱལ་མ་དགོས་པར་ སྒྲིག་འཛུགས་ལྡན་པའི་ཐོག་ནས་མི་རིགས་སྲུང་སྐྱོབས་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཐུབ་དགོས་པ་ལས་ ད་མུས་བཞིན་འཛམ་གླིང་གི་ལུང་མང་པོའི་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་བལྟོ་གོས་ཚོལ་ཐུབ་པ་ཙམ་གྱི་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ནམ་ཡང་སྲུང་སྐྱོབས་མི་ཐུབ་པ་དེ་ཡང་མཁྱེན་པ་གནང་དགོས་།
ཨོ་ད་ཡིན་ན་ལྟད་མོ་གྲངས་མེད་བདའ་སྡིག་པ་འཁུར། སྐད་ཡིག་སྲུང་སྐྱོབ་ཅེས་པའི་ཚིག་སྙན་མོ་དང་ལས་འཆར་རྨི་ལམ་འདྲ་བ་མང་པོ་འདུག་པར་བསྔགས་འོས་སུ་མཐོང་། ཚོགས་པའི་མཚན་ཡན་ཐབས་དགོད་བྲོ་བོ་འདུག གཡག་རྒོད་ཟེར་ལེ་དེ་འབྲོང་ལ་གོ་དགོས་པ་ཡིན་ནམ། ཡང་ན་གཡག་མ་རབས་དེ་ལ་གོ་དགོས། དེར་མ་ཟད་ལས་འཆར་དང་དྲ་ངོས་སུ་ཡིག་ནོར་དང་བརྡ་མ་འཕྲོད་པའི་ཚིག་འབྲུ་ཡང་དཀྲ་མོ་བདའ་ཞུ་རྒྱུ་ཡིན།
གཡག་རྒོད་ཟེར་ན་གང་རེད་།
བྱ་རྒོད་དང་མི་རྒོད་ཕོ་རྒོད་ཟེར་བ་ལས་གཡག་རྒོད་ཟེར་ན་གང་
ཡིན་ཤེས་མ་སོང་ན་འབྲེལ་བཤད་གནང་རོགས་གནང་།
གཡག་རྒོད་ཅེས་པ་འབྲོང་སྟེ་མིས་བདག་བྱེད་པའི་གཡག་ལས་གཟུགས་སྟོབས་དང་རྩལ་ཆེ་བ་ཡོད་པས་དེ་ལྟར་ཐོགས། མཇུག་ཏུ་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གི་མི་སྣ་རྣམས་ནི། ཨ་རུར་གནས་བཞུགས། ཞེས་པ་ཨ་རིར་མིན་ནམ་སྙམ། དེ་ཡིན་ན་ནོར་འདུག་ཅེས་ཞུ་འདོད་བྱུང་།
འོ་ཐུགས་རྗེ་ཆེ་འབྲོང་དང་འབོང་དོན་གཅིག་ཡིན་ལེ་འདའ་
འབྲོང་སྟོད་འབྲོང་སྨད་ཡང་ན་འབོང་སྟོད་འབོང་སྨད་
ཟེར་སྲོལ་འདའ་།
གཡག་རྒོད་རྩོམ་སྒྲིག་པ་ཚོ།
ཚིག་སྐྱོན་དང་ཡིག་སྐྱོན་འདི་དག་བཅོས་ན་ལེགས་འདུག
སྐད་ཡིག་སྲུང་སྐྱོབ་ནི་རང་ཉིད་ནས་མགོ་འཛུགས་ཐུབ་དགོས་པའི་ཕྱིར་ན། ང་ཚོས་སྣང་མེད་བྱེད་པའི་དུས་མ་རེད་ཅེས་འབོད་སྐུལ་ཞུ་བ་ཡིན།
༼སྐད་ཡིག་ཉམས་ཆག་ཏུ་རྦད་དེ་འགྲོ་བཞིན་པ༽
༼ན་གཞོན་མང་པོའི་ངག་ནས་བོད་སྐད་མི་ཤེས་པ༽
ལྷག་བསམ་དང་ཤེས་ཡོན་༼ཀྱི་༽བྱེད་ཐབས་འཛོམས་པ
དུས་ནས་དུས་སུ་༼གསབ༽་སྦྱོང་སྤྲོད་རྒྱུ
སྐད་ཡིག་རྒྱུན་འཛིན་བྱེད་ཐབས་ཀྱི་༼གསབ༽་སྦྱོང་
སློབ་གསོའི་དུས་ཆེན་རེ་གསར་༼གཏོད༽་གནང་སྟེ།
སློབ་གསོའི་སྐོར་གྱི་བརྩམས་༼ཆས༽་གྲངས ༣༠༠
ས་གནས་ཀྱི་༼འགྲིམ༽་སྟོན་ཁང་ཁ་ཤས་ཀྱི་ནང་དུ་
དུས་ཚོད་གཉིས་དང་གསུམ་༼ཀྱི༽་དུས་ཡུན་
མི་རིགས་སྲུང་སྐྱོབས་སྐད་ཡིག་གནས་པའི་སྲོག་རྩ་རེད་།
སྐད་ཡིག་རིག་གཞུང་མི་རིགས་འཚོ་བའི་སྲོག་རྩ་རེད་།
དེ་གཉིས་ཁ་བྲལ་མི་རིགས་སྐད་ཡིག་འཇིག་རྒྱུ་རེད་།
འདུ་བྲལ་བྱེད་པ་དངོས་པོ་ཀུན་གྱིས་གཤིས་ལུགས་རེད་།
ཨ་ཡ་མཚན། སྐད་ཡིག་སྲུང་ཞིང་སྐྱོབ་ཀྱི་ཡིན་ཟེར་མཁན་གྱི་རིག་གཞུང་སྲུང་སྐྱོབ་ཚོགས་པ་ཞིག་གི་མིང་ལ་གོ་རྒྱུའི་དོན་དང་མཚོན་རྒྱུའི་དཔེ་ཙམ་ཡང་འོས་འཚམ་འདོགས་མ་ཐུབ་ན་བོད་ཀྱི་སྐད་དང་ཡི་གེ་སྲུང་ཞིང་སྐྱོབ་ཐུབ་བམ། འོག་ལ་འགྲེལ་བརྗོད་མ་བྲིས་ན་མིང་དེ་ལ་གོ་རྒྱུ་ཙམ་ཡང་མེད་ལ། བྲེ་སེར་འབྲོང་ནི་དུད་འགྲོ་ཞིག་ཡིན་པས་ལས་འཆར་དང་མཚན་གཉིས་རྒྱབ་འགལ་དུ་སོང་བ་མ་ཡིན་ནམ། ལྷ་མིན་ན། སྡིག་པ་འཁུར། ཚོགས་མི་དག་ཀླུའུ་དགའ་བྱམས་གྱི་ཕ་ཡུལ་གཅིག་པ་འདྲ་རྐྱང་རྐྱང་ནི་མིན་པར་སྨོན།
སྐད་ཡིག་གི་སྲོག་རྩ།
ཁ་བཤད་ཀྱི་ལེགས་བྱང་།
ག་ལེར་ལ་སོམས་དང་།
ང་ཁྱོད་ཀྱི་ལེགས་བཤད།
དེང་དུས་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཁ་གི་སྲུང་།
སྔ་མོ་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ལག་ལེན་ལྟར༑།
ལག་ལེན་མེད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་རྒོད་རེ་བྲོ་།
ལག་ལྟར་མེད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཡ་རེ་ང་།
་་་་་་་་་ཁ་གི་སྲུང་།
འདི།
ཁ་ཡིས་བསྲུངས།
མི་རིགས་ཁ་འཐོར་སྐད་ཡིག་སྲུང་སྐྱོབས་།
མི་རིགས་ཁ་འཐོར་རིག་གཞུང་སྲུང་སྐྱོབས་།
མི་རིགས་མཉམ་འདུས་སྐད་ཡིག་གསོན་པོ་།
མི་རིགས་མཉམ་འདུས་རིག་གཞུང་གསོན་པོ་།
སྐད་ཡིག་སྲུང་སྐྱོབས་མི་རིགས་ཁ་འཐོར་།
རིག་གཞུང་སྲུང་སྐྱོབས་མི་རིགས་ཁ་འཐོར་།
སྐད་ཡིག་སྲུང་སྐྱོབས་མི་རིགས་མཉམ་འདུས་།
རིག་གཞུང་སྲུང་སྐྱོབས་མི་རིགས་མཉམ་འདུས་།
དྲང་པོའི་གཏམ་དང་འདྲོང་པོའི་མདའ་།
བཤད་འཕེན་ཐུབ་མཁན་རེ་རེ་ཙམ་།