སོག་ཚང་བློ་བྷེ།
ལ་དྭགས་སུ་འགྲུལ་བཞུད།
སྤྱི་ལོ་༢༠༡༤ ཟླ་༧ པའི་ཚེས་༣ ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་རྒྱལ་ས་གླེ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་མ་༣༣པ་དང་། ལ་དྭགས་རང་གི་ས་གནས་སུ་དུས་འཁོར་དབང་ཆེན་ཐེངས་མ་གསུམ་པ་གནང་གཏན་ཁེལ་ཡོད་པས། ཕྲན་རང་དུས་དབང་ཞུ་ཞོར་དུ་གསར་འགྱུར་བསྡུ་སྒྲིག་ཏུ་ཕྱིན་པ་ཡིན། རྒྱ་གར་ཧི་མ་ཅལ་མངའ་སྡེ་ནས་སྤྱི་ལེ་བདུན་བརྒྱ་ལྷག་གི་སར་ཕྱིན་ན་ལ་དྭགས་སུ་བསླེབ་ཐུབ།ལམ་བར་དུ་རི་ལམ་དཀྱག་དཀྱོག་དང་རྒྱ་མཚོའི་ངོས་ལས་ཧྥི་ཁྲི་ཆིག་ཁྲི་བརྒལ་བའི་རི་རྒན་ལྔ་ཙམ་བརྒལ་ཏེ་འགྲོ་དགོས་པས། ས་མཐོའི་སྒང་དུ་གསོ་རླུང་དཀོན་པས་རྒྱ་གར་རླངས་འཁོར་ཁ་ལོ་བས་ང་ཚོའི་གླ་འཁོར་གཏོང་མ་ཐུབ་པར་ལས་རོགས་བོད་མི་ཞིག་ནས་གཏོང་དགོས་ཐུག་སོང་།
ལམ་བར་དུ་གསེར་ཆུར་འབོད་པའི་སྤང་ལྗོངས་དང་སྔོ་རྩྭ་གང་འཚམས་ཡོད་པའི་ས་གནས་ཤིག་ཏུ་ཞག་སྡོད་བྱས་པ་ཡིན་ལ། ས་ཚིགས་དེར་ལྕགས་ཤོག་གིས་བརྒྱབས་པའི་ཚོང་ཁང་དང་ཟ་ཁང་མང་ཙམ་ཡོད་པ་ཁག་གི་སྦྱིན་བདག་ཕལ་ཆེར་གར་འཁྱིལ་ཟངས་དཀར་གྱི་མི་ཞེ་གཅིག་རེད།ང་རང་གི་ཕ་ཡུལ་དུའང་ཟངས་དཀར་ཟེར་བའི་འབྲོག་སྡེ་ཆུང་ཆུང་ཞིག་ཡོད་པ་མ་ཟད། ང་རང་ཆུང་དུས་ཀྱི་དགེ་རྒན་བཀའ་དྲིན་ཅན་ཚང་ཡང་སྡེ་བ་དེ་ནས་ཡོང་བས།ཁོང་ཚོ་ཚང་མ་ཟངས་དཀར་ནས་ཡིན་ལབ་དུས་སེམས་ནང་ཚོར་བ་ཐག་ཉེ་འདྲ་བོ་ཅིག་སྐྱེས་སོང་། ཡ་མཚན་པོ་ཅིག་ནི་སྟོད་ཟངས་དཀར་གྱི་མི་འདི་ཚོའི་གདོང་དབྱིབས་ནི་མདོ་སྨད་འབྲོག་ཕྱོགས་ཀྱི་མི་ཚོ་དང་ཧ་ཅང་འདྲ་བ་མ་ཟད། ཁ་སྐད་ཀྱང་སྤྱིར་འབྲོག་སྐད་དང་ཡང་དགོས་སུ་མདོ་སྨད་ཟངས་དཀར་བ་ཚོའི་སྐད་ལུགས་དང་དམིགས་བསལ་འདྲ་ས་ཁ་ཤས་འདུག
ཁོང་ཚོར་དབུས་སྐད་བཤད་ན་གོ་བརྡ་ཡག་པོ་འཕྲོད་དཀའ་རུང་འབྲོག་སྐད་བཤད་ན་གོ་བརྡ་གང་འཚམས་འཕྲོད་འགྲོ་བས། འབྲོམ་སྟོན་པས་འབྲོག་པའི་སྐད་ནི་ཆོས་ཀྱི་སྐད་གསུངས་བར་ངེས་ཤེས་ཅུང་བརྙེད་སོང་ལ། ཟངས་དཀར་གྱི་མི་འདི་ཚོ་མང་ཆེ་བ་གཤིས་ཀ་དྲང་པོ་དང་འཇམ་པོ།ལྷད་མེད་པ་འདྲ་བོ་མཐོང་སོང་བས་ཕ་ཡུལ་གྱི་མི་རྣམས་དྲན་གསོ་ཐེབས་པ་བྱུང་། གང་ལྟར་ཕྱིར་ཉིན་ལམ་ལ་ཆས་ཏེ་དཀྱ་མ་དཀྱོག་གི་བྱེ་མའི་རི་ལམ་མང་པོ་བརྒྱུད་དེ་ལ་དྭགས་རྒྱལ་ས་གླེ་རུ་འབྱོར་སོང་།
རྒྱལ་ས་གླེ་ནི་སྔ་མོ་ནས་ལ་དྭགས་རྒྱལ་པོ་རྣམས་ཀྱིས་མཁར་ཐོག་མ་རྣམ་རྒྱལ་རྩེ་སོགས་བཙུགས་ཏེ་ཆོས་སྲིད་ཀྱི་ལྟེ་གནས་བྱས་པས། དགོན་པ་དང་གྲོང་པ་མང་པོ་འདུས་ཏེ་གང་འཚམས་རྒྱ་ཆེན་པོར་ཆགས་ཡོད་པ་མ་ཟད། རི་ཆུང་ཆུང་རེ་རེའི་མགོ་ལ་དགོན་པ་དང་ཕོ་བྲང་སོགས་བརྩིགས་ནས་ས་ཆ་ཆགས་དབྱིབས་དང་སེང་གེ་གཙང་བོའི་རྒྱུ་ཕྱོགས། མཁར་དང་གྲོང་པ་གང་ལ་བལྟས་ཀྱང་བོད་ཀྱི་རྒྱལ་ས་ལྷ་སའི་པར་རྙིང་ཁག་པར་བཀབ་པ་ལྟ་བུར་གདའ། འོན་ཀྱང་། ལ་དྭགས་ས་ཆ་འདི་ནི་རྒྱ་ནག་དང་པ་ཀི་སི་ཐན་ལ་ས་མཚམས་འདབས་འབྲེལ་རྐྱེན། དམག་ཇུས་ཀྱི་རྟེན་གཞི་ཧ་ཅང་གལ་གནད་ཆེན་པོར་སོང་། དམག་སྒར་དང་དམག་དཔུང་ཧ་ཅང་མང་པོ་ཡོད་པའང་རྒྱལ་ས་ལྷ་ས་དང་འདྲ་སེ་འདུག
རེད་དེ། དམག་དཔུང་འཕོན་ཆེ་ཡོད་པ་དེས་དོན་དངོས་སྟེང་ལ་དྭགས་པ་ཚོར་ཁེ་ཕན་ཆེན་པོ་བྱུང་ཡོད་པ་ཚོར་བྱུང་། གླེ་ས་གནས་སུ་སློབ་གྲྭ་བསྡོམས་སུམ་བརྒྱ་ཙམ་དང་དགོན་སྡེ་མང་པོའི་སྟེང་། དམག་དཔུང་གིས་འགྲིམ་འགྲུལ་སྟབས་བདེ་དང་ལ་དྭགས་པ་ཤིན་ཏུ་མང་པོ་ཅིག་དམག་དཔུང་དང་ལྟོས་འབྲེལ་གྱི་ལས་ཀ་བྱས་ཏེ། འཚོ་བའི་དཀའ་ངལ་ཅན་མཐོང་དཀོན་པོ་རེད། ལྷག་པར་ལ་དྭགས་ས་གནས་ནི་གཏོར་བཤིག་མ་ཐེབས་པའི་བོད་ཀྱི་རིག་གཞུང་གི་ཁྱད་གཤིས་ཡོད་ས་ཅིག་ཡིན་པས། ཡུལ་བསྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཅིག་ལོ་རེ་རེར་དབྱར་ཁ་བལྟ་བསྐོར་དུ་ཡོང་བཞིན་པ་དེས་དཔལ་འབྱོར་ཁེ་ཕན་དང་ཡར་རྒྱས་ཀྱི་བཟོ་མི་འདྲ་བ་ཅིག་འཐོན་བཞིན་པ་རེད།
དེ་ལས་ཀྱང་སྤྲོ་སྣང་འཕེལ་བ་ཞིག་ནི་རྒྱལ་ས་གླེ་ནང་དུ་ཚོང་ཁང་དང་ཟ་ཁང་ཚང་མ་ཐ་ན་ཁ་ཆེའི་ཚོང་ཁང་སྒོ་བྱང་དུའང་བོད་ཡིག་རྐྱང་བྲིས་འདུག་པས། ལ་དྭགས་པ་ཚོ་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་ཐད་ཧུར་པོ་ཡོད་པ་མཐོང་སོང་།
ལ་དྭགས་ཀྱི་མེས་པོ།
དེ་ལྟ་བུ་བོད་ཡུལ་དང་འདབས་འབྲེལ་ཆོས་རིག་གོམས་གཤིས་གང་ཅི་བོད་དང་ཧ་ཅང་འདྲ་མཚུངས་ཡིན་པའི་ཡུལ་འདིའི་བྱུང་བ་སྙིང་བསྡུས་ཤིག་བྲིས་ན། བོད་མི་དོ་སྣང་ཅན་ཚོར་ཕན་ཁྱད་ངེས་པར་འདོན་ཐུབ་མོད།ད་ལྟ་བར་དྲ་ཐོག་ཚོར་སྣང་ཙམ་རེ་འབྲི་མཁན་བྱུང་བ་མ་གཏོགས། ལོ་རྒྱུས་དངོས་འབྲི་མཁན་མཐོང་ལམ་དུ་མ་གྱུར་བས་རྟ་ཁལ་བུང་བུས་ཁུར་ཏེ་ལ་དྭགས་ལོ་རྒྱུས་ཀྱི་དཀྱུས་སུ་འཇུག་ན།
ལ་དྭགས་ལོ་རྒྱུས་སྨྲ་བ་བཀྲ་ཤིས་རབ་རྒྱས་སོགས་ཀྱིས་རྒན་རབས་རྣམས་ཀྱི་ངག་རྒྱུན་བཀོད་པའི་ནང་དུ། ལ་དྭགས་ཀྱི་ས་ལའང་བོད་ཀྱི་ཡུལ་དབུས་དང་འདྲ་བར་མིའི་འགྲོ་བ་བྱུང་སྔ་བོ་ཡིན་ཁོངས་ནས། ཐོག་མའི་ཆར་ལ་དྭགས་སུ་གནས་འཆའ་བའི་མི་རིགས་ནི་རོང་ཕྱོགས་ནས་ཡར་མཆེད་པ་མོན་རིགས་དང་རྡ་ཧ་ནུ་འབྲོག་རིགས་ཡིན་པར་གྲགས་ཤིང་། བོད་ཀྱི་ལོ་རྒྱུས་རྒྱ་བོད་ཡིག་ཚང་དང་རུས་མཛོད་ཁ་ཤས་སུ་གསལ་བ་ལྟར་ན། མོན་པ་རིགས་གསུམ་བྱུང་བ་ནི།མོན་རང་རྒྱུད་པ་དང་། རྒྱ་བོད་མཚམས་ཀྱི་མི་ཉག། རྐོང་པོ་དང་གསུམ་མོ།། ཞེས་འཁོད་ཡོད་པས། ཤར་མོན་རྟ་དབང་ནས་བཟུང་འབྲུག་དང་འབྲས་ལྗོངས། བལ་ཡུལ་ནང་གི་མངའ་རིས་ཡ་རྩེ་རྒྱལ་ཁོངས་ནས་ལ་དྭགས་བར། རོང་ཁུལ་གྱི་གདོད་མའི་མི་རིགས་མང་པོར་མོན་པ་རང་དུ་འབོད་ཀྱིན་ཡོད་པ་མ་ཟད། དེའང་བོད་མིའི་རུས་རྙིང་པ་ཞིག་ཏུ་རུས་མཛོད་ཁ་ཤས་ནང་ངོས་འཛིན་བྱས་ཡོད་ཅིང་།
རྡ་ཧ་ནུ་ཟེར་བ་ནི་ཆོས་ལུགས་ཀྱི་ཆ་ནས་མང་པོ་ཅིག་འབྲི་གུང་བཀའ་བརྒྱུད་ཡིན་མོད། གདོང་གི་དབྱིབས་དང་ཤ་མདོག་བཅས་ནུབ་ཕྱོགས་པ་དང་ཧ་ཅང་འདྲ་བོ་ཡོད་ལ། ལོ་རྒྱུས་སྨྲར་བ་མང་པོས་ནུབ་ཕྱོགས་གྷི་རི་སི་ཡི་མ་ས་རྡོ་ནི་ཡན་གྱི་རྒྱལ་པོ་གྲགས་ཅན་ཨ་ལེགས་ཟན་རྡར་གྱི་དམག་རྒྱུད་ཡིན་པར་བཤད།
གང་ལྟར་རིམ་པར་ལ་དྭགས་ཞང་ཞུང་གི་མངའ་ཞབས་སུ་ཚུད་དེ་དུས་ཡུན་རིང་སོང་ནའང་། སྲོང་བཙན་སྐབས་ཞང་ཞུང་བོད་ཀྱིས་གཏོར་ཕམ་བཏང་སྟེ་བོད་ཁོངས་སུ་བཅུག་པ་ནས་ལ་དྭགས་ཀྱང་བོད་ཀྱི་མངའ་འབངས་དུ་གྱུར།
ལ་དྭགས་ཀྱི་རྒྱལ་པོ་བྱུང་བ།
དུང་དཀར་ཚིག་མཛོད་ལྟར་ན་བོད་རྒྱལ་ཐ་མ་གླང་དར་རང་ལོ་སོ་དགུར་སླེབས་པ་སྤྱི་ལོ་༨༤༡ལོ་ནས་ལོ་གཅིག་དང་ཟླ་བ་ཁ་ཤས་རྒྱལ་པོ་བྱས་ཤིང་། ཐོག་མའི་ཟླ་བ་དྲུག་རིང་སྔར་སྲོལ་ལྟར་ཚུལ་མཐུན་བྱས་ཏེ།འབྲི་ཡི་གཙུག་ལག་ཁང་དང་སྤ་བྲོ་སྟག་ཁུག་གི་གཙུག་ལག་ཁང་སོགས་བཞེངས། དེ་ནས་རིང་པོ་མ་སོང་བར་རྒྱ་ནག་ནས་བོན་པོ་འགའ་ཞིག་གིས་བོད་ཀྱི་ཆབ་སྲིད་ཕུང་བའི་མཐུ་སྔགས་བྱས་པའི་དངོས་པོ་ཁག་གསུམ་རྒྱལ་པོ་དང་། བཙུན་མོ། བློན་པོ་བཅས་ལ་ལག་རྟགས་སུ་བསྐུར་བ་འབྱོར་རྗེས་རྒྱལ་བློན་བཙུན་མོ་རྣམས་སེམས་གྱུར་ནས་ཆོས་ཁྲིམས་བཤིག་པའི་ངན་གྲོས་བཤམས། ཞེས་གསལ་བ་ལྟར། རྒྱལ་པོ་གླང་དར་གྱིས་ཆོས་ལུགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་རྐྱེན། སྤྱི་ལོ་༨༤༢ ལོར་གླང་དར་ལྷ་ལུང་དཔལ་རྡོར་གྱིས་བསད་དེ་བོད་ཁམས་སིལ་འཐོར་དུ་གྱུར།
དེའི་རིང་བཙན་པོའི་གདུང་རྒྱུད་དངོས་མ་འོད་སྲུང་དང་གདུང་སྲས་རྫུན་མ་ཡུམ་བརྟན་བར་འཐབ་རྩོད་མང་པོ་བྱུང་སྟེ་མཐར་འབངས་གྱེན་ལོག་སྐབས། འོད་སྲུང་གི་གདུང་རྒྱུད་མངའ་བདག་དཔལ་འཁོར་བཙན་དཀྲོངས་ཏེ་དེའི་བུ་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་དང་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་མངའ་རིས་སུ་བྲོས།
མངའ་རིས་ནི་ཆོས་རྒྱལ་གྱི་གདུང་རྒྱུད་ཚོས་དབང་བསྒྱུར་ཆབ་འབངས་སུ་གཏོགས་པའི་དོན་ཡིན་ཞིང་། མངའ་རིས་སྐོར་གསུམ་ནི་ལི་དང་བྲུ་ཤ། སྦལ་ཏི་གསུམ་བསྐོར་གཅིག།(དེང་སང་མང་ཆེ་བ་པ་ཀི་སི་ཐན་ཁོངས་སུ་ཡོད) མང་ཡུལ།(ལ་དྭགས) ཟངས་དཀར། སྤུ་ཧྲེངས་གསུམ་སྐོར་གཅིག། ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་སྐོར་གཅིག་བཅས་མངའ་རིས་སྐོར་གསུམ་དུ་གྲགས་ཤིང་།
སྟོད་ཕྱོགས་སུ་བྲོས་མཁན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བསྡད་པ་དང་། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྲོས་ཏེ་མངའ་རིས་སྐོར་གསུམ་ཐབས་མཁས་ཀྱིས་དབང་དུ་བསྡུས། ཁོང་དང་ཡུམ་ཅོག་རོ་བཟའ་ལ་སྲས་རིག་པ་མགོན་དང་བཀྲ་ཤིས་ལྡེ་མགོན། ལྡེ་གཙུག་མགོན་གསུམ་བྱུང་། དེ་ཚོ་ལས་ཆེ་བ་རིག་པ་མགོན་གྱིས་ལ་དྭགས་བཟུང་སྟེ་ལ་དྭགས་རྒྱལ་རབས་བྱུང་འགོ་བརྩམས།
ལ་དྭགས་པ་རྣམས་རྒྱལ་རབས་མང་པོ་ཅིག་གི་རིང་བོད་ཀྱི་ཆོས་རིག་གཙང་མའི་ངོ་བོར་གནས་ཡོད་ནའང་། རྒྱལ་ཐོག་༢༤ འཇམ་དབྱངས་རྣམ་རྒྱལ་སྐབས་སུ་སྦལ་ཏི་དང་དམག་འཁྲུག་གིས་སྦལ་ཏི་ཁ་ཆེ་རྒྱལ་པོས་བཙོན་དུ་བཟུང་། དེའི་རིང་ཁ་ཆེ་རྒྱལ་པོས་རང་གི་སྲས་མོར་འཇམ་དབྱངས་རྣམ་རྒྱལ་ལ་ཞབས་ཏོག་བསྒྲུབས་བཅུག་སྟེ། མཐར་འཇམ་དབྱངས་རྣམ་རྒྱལ་གློད་གྲོལ་སྐབས་སྲས་མོ་དེ་ཁབ་ཏུ་གསོས་ནས་ལ་དྭགས་དུ་ཁྲིད། དེ་ལ་བརྟེན་ལ་དྭགས་སུ་སྦལ་ཏིའི་ཁ་ཆེ་མང་པོ་སླེབས་འགོ་བཙུགས་པ་དང་། ལ་དྭགས་རྒྱལ་བློན་ཚོས་བོད་ཡིག་མ་གཏོགས་མི་མཁྱེན་པས་རྒྱལ་ཁབ་གཞན་ལ་འབྲེལ་བ་འཛིན་པར་ཁ་ཆེའི་ཡི་གེ་བྲི་བར། ཕོ་བྲང་དུ་ཁ་ཆེའི་དྲུང་ཡིག་ཁག་ཅིག་ཉར་བ་ནས་བཟུང་ལ་དྭགས་སུ་ཁ་ཆེའི་ཡི་གེའང་དར་འགོ་བརྩམས་འདུག
དེའི་བུ་སེངྒེ་རྣམ་རྒྱལ་ནི་ལ་དྭགས་རྒྱལ་རབས་ཡོངས་ཀྱི་ནང་མངའ་ཐང་དར་ཤོས་ཡིན་པས། དེང་སང་གི་བོད་ཀྱི་གུ་གེ་ཕྱི་ནང་དང་ཁ་ཆེའི་ཡུལ་ཕྱོགས་ཁ་ཤས། སྤྱི་ཏི་དང་མ་ན་ལི། བལ་ཡུལ་གྱི་ས་ཁོངས་ཁ་ཤས་ཀྱང་དབང་འོག་ཏུ་བསྡུས་པར་བཤད།
རྒྱལ་རབས་༢༧ བདེ་ལེགས་རྣམ་རྒྱལ་དུས་ལ་དྭགས་ཀྱིས་དགེ་ཕྱོགས་སུ་ཚུར་རྒོལ་ལན་མང་བྱས་པས། ༧གོང་ས་ལྔ་བ་ཆེན་པོའི་བཀའ་ལུང་བཞིན་བཀྲས་ལྷུན་བཀའ་བཅུ་སོག་པོ་དགའ་ལྡན་ཚེ་དབང་གིས་དམག་སྤྱི་བྱས་ཏེ། བོད་སོག་གི་དམག་ལ་དྭགས་སུ་དྲངས་ནས་རྒྱལ་བློན་འཁོར་བ་དང་བཅས་པ་ཕམ་པར་བྱས་པས། ལ་དྭགས་རྒྱལ་པོ་ཁ་ཆེ་ཡུལ་ཀཤི་མེར་དུ་བྲོས་བྱོལ་གྱིས་དམག་རོགས་ཞུས་པར། ཁ་ཆེའི་དམག་མང་པོ་མངའ་རིས་སྤི་ཐུབ་ཏུ་ལྷགས་ཏེ་སྐྱེ་བོ་ཉེས་མེད་མང་པོའི་སྲོག་འཕྲོག་པ་དང་ཆོས་ལུགས་བསྒྱུར་དུ་བཅུག་ནའང་། མཐར་ཁ་ཆེའི་དམག་དཔུང་ཡང་སོག་པོ་དགའ་ལྡན་ཚེ་དབང་གིས་ཡོངས་སུ་ཕམ་པར་བྱས།
ལ་དྭགས་རྒྱལ་བློན་རྣམ་པས་འབྲུག་སྐྱབས་མགོན་མི་ཕམ་དབང་པོ་ལ་ཞུ་བ་གསོལ་ནས་བར་ཆིངས་གནང་བཅུག་སྟེ་དགའ་ལྡན་ཚེ་དབང་གི་ཞབས་སུ་མགོ་སྒུར་བས། གནོད་པ་མ་བྱས་པར་མཁར་གཞིས་ཁག་ཅིག་གནང་སྟེ་རང་འཇགས་ས་སྲུང་དུ་བསྐོས་པ་དང་ལྷན། ལོ་རེ་བཞིན་བོད་གཞུང་ལ་ཁྲལ་འུ་མང་པོ་མཇལ་དགོས་པ་དང་ལོ་ཕྱག་པ་གཏོང་དགོས་པའི་གཏན་འབེབས་བྱས་པ་ལ་དྭགས་རྒྱལ་རབས་སུ་གསལ།
ལ་དྭགས་ཀྱི་ཉེ་རབས་ལོ་རྒྱུས།།
སྤྱི་ལོའི་དུས་རབས་བཅུ་དགུ་བའི་ནང་(སྤྱི་ལོ་༡༨༣༤)དུ་དེང་སང་པཱ་ཀི་སི་ཐན་ནང་གི་ལ་ཧོར་གྱི་སིག་རྒྱལ་པོ་གྲགས་ཅན་མ་ཧ་ར་ཇ་གྷོ་ལབ་སིང་གི་དམག་སྤྱི་ཡིན་པ། དེང་སང་རྒྱ་གར་གྱི་འཇའ་མོ་རྡོག་ར་ནས་ཡིན་པ་ཛོ་ར་ཝར་སེང་ནས་ལ་དྭགས་སུ་དམག་དྲངས་ཏེ་སུན་བཙེར་ཐེངས་མང་བྱས་སྟབས། ལ་དྭགས་རྒྱལ་པོ་ཚེ་དཔལ་རྣམ་རྒྱལ་བོད་ཕྱོགས་སུ་བྲོས་བྱོལ་བྱས།
ལ་དྭགས་བཀའ་བློན་དངོས་གྲུབ་བསྟན་འཛིན་གྱིས་ཛོ་ར་ཝར་སིང་ལ་མགོ་བསྒུར་ཏེ་རང་ཉིད་ལ་དྭགས་ས་སྤྱོད་པའི་ཁྲི་ལ་བསྡད། སྤྱི་ལོ་༡༨༤༡ ནས་བོད་གཞུང་ལ་ལ་དྭགས་པས་སྒྲུབ་དགོས་ཀྱི་ཁྲལ་འུ་མང་པོ་ཕྱིར་འཐེན་དང་འབྲེལ། ལ་དྭགས་དང་སིག་དམག་འཕོན་ཆེ་མངའ་རིས་ཕྱོགས་སུ་འབྱོར་ཏེ་བཙན་འཛུལ་བྱུང་། དེ་ལ་བོད་དམག་གིས་འཐབ་འཁྲུག་བྱས་ཀྱང་གླག་མ་ཁེལ་མོད། དགུན་ཁ་གངས་ཤུགས་ཆེན་བབས་ཏེ་སིག་དམག་ཕལ་ཆེ་བ་འཁུམས་བསྡད་སྐབས་དང་བསྟུན། བོད་དམག་གིས་ཕར་རྒོལ་བྱས་ཏེ་ཛོ་ར་ཝར་སིང་དམར་གསོད་ཀྱིས་སིག་དམག་མང་ཆེ་བ་དང་ལ་དྭགས་བཀའ་བློན་གཉིས་བཙོན་དུ་བཅུག
བོད་དམག་གིས་ལ་དྭགས་གླེ་དང་མལ་ལེ་སུམ་ཅུ་ཙམ་ལས་མེད་པ་ལྡུམ་རར་སྒར་བཏབ་ཏེ་བསྡད་པར། མ་ཧ་ར་ཇ་གྷོ་ལབ་སིང་གིས་དམག་མི་བརྒྱད་སྟོང་ཙམ་བཏང་ནས་བོད་དམག་ཕམ་ཉེས་བཟོས་པ་དང་ལྷན། མདའ་དཔོན་གཉིས་དང་དམག་མི་དྲུག་ཅུ་ཙམ་བཙོན་འཇུག་བྱས་པས། ཐ་མ་བོད་དང་སིག་གཉིས་ཞི་འགྲིག་བྱས་ཏེ་བར་ཆིངས་བཞག། ལ་དྭགས་རྒྱལ་པོ་མཆེད་གཉིས་རྒྱལ་མོ་དང་བཅས་པ་བོད་ནས་རང་འཇགས་ཕྱིར་ཕེབས་ཀྱང་། རྒྱལ་པོ་ཚེ་དཔལ་རྣམ་རྒྱལ་སིག་རྒྱལ་པོས་ཁྲི་ལས་ཕབ་སྟབས་དེ་བཟུང་ལ་དྭགས་རྒྱལ་པོ་རྣམས་དབང་ཆ་མེད་པར་རྡོག་ར་རྒྱལ་ཁོངས་སུ་ཤོར།
ལ་དྭགས་ཀྱི་དེང་རབས།
སྤྱི་ལོ་༡༩༤༧ ལོར་རྒྱ་གར་དང་པ་ཀི་སི་ཏན་དབྱིན་ཇུས་གཡོ་ཇུས་འོག་ཁ་བྲལ་དུ་འགྲོ་སྐབས། ལ་དྭགས་ནི་རྡོག་ར་རྒྱལ་ཁོངས་སུ་ཡོད་པས་རང་བཞིན་གྱིས་རྒྱ་གར་གྱི་འཇའ་མོ་དང་ཀཤི་མེར་མངའ་སྡེའི་ཁོངས་ཚུད་ནའང་། སྤྱི་ལོ་༡༩༤༨ ལོར་པ་ཀི་སི་ཏན་དམག་དཔུང་གིས་ལ་དྭགས་སུ་བཙན་འཛུལ་བྱས་ཏེ་ཟངས་དཀར་དང་གར་འཁྱིལ་དབང་འོག་ཏུ་བསྡུས་པ་མ་ཟད། ལ་དྭགས་གླེ་དང་སྤྱི་ལེ་༣༠ ཙམ་གྱི་བར་ཐག་ལས་མེད་སར་སླེབས་པས། རྒྱ་གར་མཁའ་དམག་དང་རྐང་དམག་གིས་འཐབ་འཁྲུག་བྱས་ཏེ་ཟངས་དཀར་དང་ལ་དྭགས་ཀྱི་ས་ཆ་བྱིངས་ནས་པ་ཀི་སི་ཏན་དམག་ཕྱིར་ཕུད་བཏང་ཡོད་རུང་། གར་འཁྱིལ་དུ་སྤྱི་ལོ་༡༩༦༥ དང་༡༩༧༡ དང་༡༩༩༩ བཅས་དམག་འཐབ་ལན་མང་བྱེད་དགོས་བྱུང་ཡོད།
སྤྱི་ལོ་༡༩༦༠ ནས་བཟུང་ལ་དྭགས་ཧིན་དུ་དང་ཁ་ཆེ་གཙོ་ཆེ་བའི་འཇའ་མོ་དང་ཀཤི་མེར་མངའ་སྡེའི་ཁོངས་སུ་བཅུག་པར་ལ་དྭགས་ནང་པ་ཚོའི་འདོད་པ་མ་ཁེངས་པ་དང་ཡི་མི་རང་པ་ཆེན་པོ་བྱུང་བཞིན་པའི་སྐབས། སྤྱི་ལོ་༡༩༨༩ ལོར་ལ་དྭགས་དགེ་བསྐོས་ཤིག་ཁ་ཆེས་དམར་གསོད་བྱས་རྐྱེན། ལ་དྭགས་ནང་ཚོགས་ཀྱིས་ཁ་ཆེ་དང་ལྷན་སྤྱི་ཚོགས་དང་དཔལ་འབྱོར་འབྲེལ་ལམ་བཅད་དེ། ཁོང་ཚོ་ཐད་ཀར་དབུས་གཞུང་གིས་འཛིན་སྐྱོང་བྱེད་དགོས་པར་རེ་བ་བཏོན། སྤྱི་ལོ་༡༩༩༣ ལོར་རྒྱ་གར་དབུས་དང་མངའ་སྡེ་གཞུང་གི་མོས་མཐུན་ལྟར། ལ་དྭགས་རི་ལྗོངས་རང་སྐྱོང་ས་ཁུལ་དུ་གཏན་འབེབས་ཀྱིས་༡༩༩༥ ལོར་དངོས་སུ་ལག་བསྟར་དུ་ཕབ། ལ་དྭགས་ཆོས་རྒྱལ་གྱི་གདུང་རྒྱུད་རྣམས་རྒྱལ་ཐོག་བཞི་བཅུ་ཙམ་སོང་ནས་ད་དུང་ཡང་གདུང་རྒྱུད་མ་ཆད་པར་བསྡད་ཡོད་ཀྱང་། མི་སེར་དཀྱུས་མའི་ངོ་བོ་མ་གཏོགས་དམིགས་བསལ་དབང་དང་ཐོབ་ཐང་འདྲ་ཅི་གང་མེད་པར་བཤད།
ལ་དྭགས་དུ་བོད་མི་སྐྱབས་བཅོལ་བ།
ལ་དྭགས་ནང་སྤྱི་ལོ་༡༩༥༩ ལོ་ཙམ་ནས་བོད་མི་མང་པོ་སྐྱབས་བཅོལ་དུ་སླེབས་ཏེ་རྒྱལ་ས་གླེ་གཅིག་པུར་བོད་མི་སུམ་སྟོང་ལྔ་བརྒྱ་ལྷག་གཞིས་ཆགས་བརྒྱབས་ཡོད་ཅིང་། བྱང་ཐང་ཁུལ་དུ་བོད་མི་སྐྱབས་བཅོལ་བ་བཞི་སྟོང་ཙམ་འབྲོག་ལས་ཁོ་ན་གཉེར་བཞིན་བསྡད་ཡོད་པ་རེད། རྩ་བའི་ལ་དྭགས་པ་ཚོ་ནི་གཤིས་ཀ་འཇམ་པོ་དང་སེམས་རྒྱུད་བཟང་པོ།ཆོས་དད་ཆེ་བ་དང་གཡོ་སྒྱུ་ཆུང་བ། བོད་མི་དང་སྐད་ཡིག་གོམས་གཤིས་གང་ཅི་འདྲ་བོ་ཡིན་པས། སྐྱབས་བཅོལ་བོད་མི་ཚོ་ལ་དེ་ཙམ་དཀའ་ངལ་ཆེན་པོ་འཕྲད་བཞིན་མེད་ནའང་། མཚམས་ལན་རེར་ལས་སྣེ་འགོ་བྱེད་རེ་ཟུང་གིས་བྱེད་སྟངས་ཁྱད་མཚར་བོ་དང་དབྱེ་འབྱེད། ཐུབ་ཚོད་དང་ཐོབ་ཐང་གཏན་ནས་མི་མཚུངས་པ་དེ་འདྲའང་ཅུང་ཙམ་བྱུང་བཞིན་པ་ནི་མིའི་སྤྱི་ཚོགས་ཀུན་གྱི་ཆོས་ཉིད་རེད།
མདོར་རྩ་ཟངས་དཀར་དང་གར་འཁྱིལ་སོགས་མ་ཚུད་པའི་ལ་དྭགས་གཅིག་པུའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་བརྒྱད་ཁྲི་ཙམ་ཡོད་ཅིང་། མི་གྲངས་འབུམ་ཁ་ཤས་གནས་འཆའ་བཞིན་པ་དང་། གྲོང་གསེབ་མང་ཆེ་བའི་ཕྲུ་གུ་ཚོར་སློབ་སྦྱོང་འཐོབ་ཀྱིན་པ་དང་ཆབས་ཅིག། རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ནང་དུའང་ལ་དྭགས་པ་དགེ་བཤེས་ལྷ་རམས་གྲགས་ཅན་མང་པོ་ཡོད། དཔེར་ན། དེང་སང་གི་དགའ་ལྡན་ཁྲི་པ་རི་རྫོང་རྒྱལ་སྲས་རིན་པོ་ཆེ་ལ་དྭགས་རྒྱས་སྲས་ཤིག་ཡིན་པ་སོགས། ལ་དྭགས་ལོ་རྒྱུས་བྱུང་བ་མདོ་ཙམ་བརྗོད་པའོ།།།།
༷འདི་དག་ཚང་མ་བསྐྱར་ཟློས་རང་རེད། འདི་ཚོ་ས་གྲགས་གནམ་གྲགས་ལས་གསར་བ་གང་ཡང་མ་རེད།
བོད་ཡིན་ནི་རེད། ཁོང་ཚོ་བོད་ཡིན་ནི་རེད། DNA ཚང་མ་བོད་ཡིན་ནི་རེད། རྒྱལ་བོ་བཏགས་ན་འདྲ། དཔོན་པོ་བཏགས་ན་འདྲ། གང་ལྟར། ཁམས། ཨ་མདོ། ལ་དྭགས་ལ་སོགས་ན། རྒྱལ་རྒྱུད་འདེད་རྒྱུ་མང་ནི་རེད། ཡིན་ན་རེད་ཨ། བོད་ཡིན་ནི་རེད། བོད་རྒྱལ་འབངས་ཡིན་ནི་རེད། བོད་རྒྱལ་གྱི་མངའ་ཐང་ཡིན་ནི་རེད།
བཀའ་དྲིན་ཆེ།
བོད་མི་ལོ་གཞོན་ཚོ་ལ་དྭགས་ལྟ་བུར་རྒྱུས་མྱོང་ཆུང་ཆུང་ཡིན་པས།འདི་ལ་འབྲེལ་ཡོད་ལ་དྭགས་བློ་འཇམ་པ་སོགས་ཀྱིས་བསམ་ཚུལ་བརྗོད་ན་ཡག་པོ་ཡོད་སྙམ།
ལ་དྭགས་པ་རྣམས་ནི་སྐད་ཀྱི་ཆ་ནས་ཧ་ལམ་བརྒྱ་ཆ་༩༩བོད་སྐད་ཁོ་ན་དང་ལྷག་པར་ཡིག་སྐད་དེ་འདྲ་རེད།
གདོང་དབྱིབས་ཀྱི་ཆ་ནས་ཀྱང་རེ་ཟུང་ཀ་ཤེས་མིར་གྱི་ཁ་ཆེ་འདྲ་བོ་མ་གཏོགས་མང་ཤོས་བོད་མི་དང་གཅིག་པ་རེད།
ཁང་པ་དང་འཚོ་བ་སྐྱེལ་སྟངས་སོགས་ནི་བོད་དབུས་དང་སྟོད་ཕྱོགས་དང་གཅིག་པ་གཅིག་རྐྱང་རེད།
གྱོས་གོས་སྟེང་ལ་དྭགས་པ་ཚོ་རིགས་གཅིག་གིས་བོད་མངའ་རིས་ཕྱོགས་དང་གཅིག་རྐྱང་གྱོན་གྱིན་འདུག་མོད།རིགས་གཅིག་གིས་སོག་ཆས་འདྲ་བོ་ཅིག་གྱོན་འདུག
ཆོས་ལུགས་ནི་ཚང་མ་བོད་ཀྱི་ནང་ཆོས་རང་འཇགས་རེད།
འོན་ཀྱང་།ལ་དྭགས་པ་སུ་ཐུག་ན་ཁོང་ཚོ་བོད་ཀྱི་བརྒྱུད་ཡིན་པར་ངོས་ལེན་གཏན་ནས་གནང་གི་མི་འདུག་པར།ཁ་ཆེ་དང་རྒྱ་གར།སོག་པོ་དང་བོད་བཅས་འདྲེས་བསྡད་པ་འདྲ་བོ་ཅིག་ཡིན་ལུགས་དང་།བོད་ཀྱི་ཆོས་ཀྱིས་ཤུགས་རྐྱེན་ཐེབས་པ་འདྲ་བོ་གསུང་གིན་འདུག་མོད།བོད་ཀྱི་ཆོས་དར་ས་སོག་པོའི་ཡུལ་ཁག་དང་རྒྱ་ནག།མན་ཇུ་དང་བལ་བོ་སོགས་གང་སར་ཁྱབ་ཡོད་ནའང་།བོད་ཀྱི་ཆོས་དར་ནས་ཡུལ་དེ་ཚོས་རང་གི་ཕ་མེས་ཀྱི་སྐད་ཡིག་བརླག་སྟེ་བོད་སྐད་བོད་ཡིག་ལ་འགྱུར་མྱོང་མེད།
ལ་དྭགས་ལ་ནི་ཁོ་རང་ཚོའི་ཕ་མེས་ཀྱི་སྐད་དང་ལུང་སྐད་གང་འདྲ་ཅིག་བརྒྱབས་རུང་བོད་ཡིག་ནང་མེད་པའི་ཚིག་གཅིག་ཧ་ལམ་མེད་པས།ད་དུང་བོད་པ་མིན་པར་ཨུ་ཚུགས་བརྒྱབས་པར་མགོ་འཐོམས་སོང་།འདི་ལ་དྲ་ཐོག་གི་ལ་དྭགས་པ་ཚོས་ལན་རེ་གནང་རོགས་མཁྱེན།
དེ་ནས་རིང་པོ་མ་སོང་བར་་་་རྒྱ་ནག་ནས་བོན་པོ་འགའ་ཞིག་གིས་་་་བོད་ཀྱི་ཆབ་སྲིད་ཕུང་བའི་་་་མཐུ་སྔགས་བྱས་པའི་དངོས་པོ་ཁག་གསུམ་་་་རྒྱལ་པོ་དང་། བཙུན་མོ། བློན་པོ་བཅས་ལ་ལག་རྟགས་སུ་བསྐུར་བ་འབྱོར་རྗེས་རྒྱལ་བློན་བཙུན་མོ་རྣམས་སེམས་གྱུར་ནས་ཆོས་ཁྲིམས་བཤིག་པའི་ངན་གྲོས་བཤམས། ཞེས་གསལ་བ་ལྟར།༽ ཧཧཧ་་་འུ་ཐུག་གི་སྐད་ཆ་འདི་འདྲ་བཤད་ནས་ད་རུང་མཁས་པ་ཡིན་ནམ་གཅིག། སྙིང་རྗེའི་གནས་སུ་རིགས་པར་བྱའོ། རྒྱ་ནག་ནས་བོན་པོ་འགའ་ཞིག་གིས་་་་ཟེར་བ་ནི་ངེས་བརྟན་མེད་པའི་སྐད་ཆ་རང་རེད། རྒྱ་ནག་གི་ས་ཆ་ག་བ་ནས་ཡིན་ངེས་བརྟན་མི་འདུག བོན་པོ་སུ་དང་སུ་ཡིན་ངོས་བཟུང་མི་འདུག དེ་དུས་བོད་རང་ལ་བོན་པོ་མང་ཐག་ཆོད་ཡོད་པ་རེད། གླེང་དགོས་ན་དེ་ཚོ་མི་གླེང་བར། འདིར་རྒྱ་ནག་ནས་ཟེར་ནས་དམིགས་ཀྱི་སྨྲས་དགོས་དོན་ཅི་ཡིན་ནམ། སྔོན་མ་བོད་ཡུལ་དུ་བོན་པོ་ཚོ་ལ་མཐོང་ཆུང་དང་བརྙས་བཅོས་འདི་འདྲ་བྱས་པ་རེད། ཁྱེད་རང་ཚོ་དགོངས་པ་ཡག་པོ་བཞེས། གླང་དར་མའི་སྐོར་ལ་ཞིབ་འཇུག་བྱས་པ་མང་ཐག་ཆོད་འདུག འདི་འདྲ་འུ་ཐུག་གི་སྐད་ཆ་ཤོད་དགོས་ས་མ་རེད་དོ། །
རྒྱལ་པོ་གླང་དར་གྱིས་ཆོས་ལུགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་རྐྱེན།་་་་་ཟེར་ནས་བཤད་པའི་སྐད་ཆ་འདི་དངོས་གནས་དོན་ལ་གནས་པའི་སྐད་ཆ་དྲང་པོ་ཞིག་ཡིན་ནམ། །
ཧཧཧ།བོད་ཡིག་ནང་བོན་པོ་ཟེར་བར་གོ་དོན་མང་པོ་ཡོད་ས་རེད།རྒྱ་ནག་གི་ཏོའོ་ལུགས་པ་ཚོར་ཐུའུ་བཀན་གྲུབ་མཐར་རྒྱ་ནག་གི་བོན་པོར་བཤད་ཡོད་རེད།སོག་པོའི་ཤ་མན་ཚོར་ཡང་བོད་ཡིག་ནང་སོག་པོའི་བོན་པོ་ཟེར་གྱིན་འདུག།དེ་འདྲར་སོང་བོན་ཡིན་ན་ངེས་པར་གཡུང་དྲུང་གི་བོན་ཡིན་པའི་ངེས་པ་ཡོད་ས་མ་རེད།
མ་གཞི་རྒྱ་བོད་གཉིས་བཙན་པོའི་སྐབས་མ་འགྲིག་པ་ཆེན་པོ་ཡིན་པས་རྒྱ་མིས་མཐུ་དེ་འདྲ་བྱེད་སྲིད་པ་རེད་ད།
ཆོས་ལུགས་གྲུབ་མཐས་ཀླད་པ་བཀྲུས་ཟིན་པའི་གང་ཟག་གིས་དངོས་ཐོག་བདེན་འཚོལ་གྱི་སྐད་ཞིག་ནམ་ཡང་བཤད་མི་སྲིད།
དེ་འདྲ་ཡིན་ན་་་་ཤཱི་རི་ལངྐའི་དགེ་ལུགས་པའི་གྲྭ་བ་ཚོས་ཁ་ཆེའི་མི་མང་པོ་དམར་གསོད་བཏང་བ་རེད་ཟེར་ནས་བྲིས་ན་འགྲིག་གམ། ཐཱའི་ལེན་ཊའི་སྙིང་མའི་གྲྭ་བ་ཚོས་ཁ་ཆེའི་མི་མང་པོ་ལ་གྲི་བཙུགས་པ་རེད་ཟེར་ནས་བྲིས་ན་འགྲིག་གམ། འབར་མའི་བཀའ་བརྒྱུད་པའི་གྲྭ་བ་ཚོས་ཁ་ཆའི་སྡོད་གནས་ལ་འབར་རྫས་གཡུག་པ་རེད་ཟེར་ནས་བྲིས་འགྲིག་གམ། རྣམ་ཤེས་རྐུབ་ལ་གཟུགས་མེད་ན་ད་བསམ་བློ་ཡག་པོ་ཐོངས། །
ལ་སྟོད་པ་ལགས། བོན་ཞེས་པ་ནི། ཆོས་ཞེས་པ་དང་གོ་དོན་གཅིག་པ་ཡིན་པས། དེ་མཚུངས་ཀྱིས་ཁྱབ་ཆེན་པོ་ཡིན། གདོད་མའི་བོན་དང་། གཡུང་དྲུང་བོན། བོན་ཕྱི་མ་ནི་སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་གནང་བ་དེ་ཡིན། དེ་ལའང་སྔ་དར་དང་ཕྱི་དར་གྱི་རྣམ་དབྱེ་ཡོད། བོན་པོ་བ་ཚོས། ཤེས་བྱ་ཆོས་ཅན་གྱི་དོད་དུ་ཤེས་བྱ་བོན་ཅན། གསུངས་པས་ཀྱང་ཤེས་ནུས།
ལྟས་ངན། དི་རིང་ཁ་ས་རྩོམ་གང་བཀླགས་ཀྱང་མཆན་དེ་ལ་ཆོས་ལུགས་ཀྱི་ཐེན་ཁྱེར་དུག་གིས་བཙོགས་པ་བྱས་པ་ཤ་སྟག་རེད། རྩོམ་བཞི་བཀླགས་པ་ཡིན། ཚང་མའི་འོག་དེ་ལ་ཆོས་ལུགས་ཀྱི་རྙོག་ཁྲ་ཤ་སྟག་རེད། ཐུ་ལུད་ཤོར་སོང་། རྣམ་རྟོགས། བོད་པ་གཟའ་འདྲེ་དེ་ཚོ། དགོས་པའི་ལུང་པ་ཞིག་བདག་པོ་རྒྱག་མི་ཐུབ་པར་མི་ཡུལ་ལ་ཁྱི་ལྟར་ལྡོམ། མི་དགོས་ནང་ཁུལ་གཅིག་མགོ་ལ་གཅིག་རྒྱོབ་ཨེ་ཐུབ་ཤ་སྟག། སྐྱག་པ་སྐམ་པོའི་ཆོས་པ། བོད་པའི་ཆོས་ལུགས་པའི་མི་འདི་དག་ངོ་མ་ཐ་ཤལ་ནང་གི་ཐ་ཤལ། མིའི་ནང་གི་སྡུག་ཤོས་དེ་རེད་འདུག ལྟས་ངན་པ་འདི་འདྲས་མཉམ་དུ་མི་རིགས་གཅིག་གི་ངོ་གདོང་ཁྱེར་ནས་སྡོད་དགོས་པ་འདི་ཚོགས་བསགས་མིན་འདུག
ལྟས་ངན་པ་འདི་འདྲ་མཉམ་དུ་འདུག་དགོས་པ་ངོ་མ་འགྱོད་པ་སྐྱེ་བཞིན་འདུག འཛམ་བུ་གླིང་གི་ཤེས་ཡོན་ཅན་དང་ཆོས་པ་དང་། ཆབ་སྲིད་པ་ཚོ་རང་གི་མི་རིགས་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་དང་། དཔལ་འབྱོར་དང་ཆབ་སྲིད་དོན་དུ་སྲོག་ཚུན་བློས་བཏང་ནས་འཐབ་རྩོད་འདི་འདྲ་བྱེད་དུས། ཕྱི་ལ་ཡོད་པའི་བོད་པའི་མིང་འཛིན་པའི་ཞབས་འདྲེན་པ་དེ་ཚོ་ལྟོ་ཁ་གང་རགས་ན། ལས་ཀ་གཞན་ནང་འཁྲུག་ཤ་སྟག་རྒྱག་མཁན་བདུད་འགྲོ་ལས་ཇེ་སྡུག་རེད། ཁྱི་དེ་ཚོ་ཡང་འདི་འདྲས་ནང་རྫིང་གཏོང་གི་ཡོད་དམ།
ད་ཁ་བརྡ་འདི་ལ་ཡོང་ཡས་ངོ་མ་བསུན་གྱི་འདུག འདི་ཁ་བརྡའི་སྐྱོན་མ་རེད། འདི་ལ་ཡོང་མཁན་གྱི་ཆོས་ལུགས་པ། བླ་མ་སྤྲུལ་སྐུ། གྲྭ་པ་དང་གྲྭ་ལོག་དེ་ཚོ་རེད། ག་དུས་ཡིན་ནའང་། གཞན་གྱི་སེམས་དཀྲུག་ཨེ་ཐུབ་བྱེད་པ་འདིས་ཁྱོད་ཆོའི་ཆོས་དེའི་རིན་ཐང་དཔེ་གསལ་པོ་འདུག
ཡེ་ཤུ་པ་ཚོ་སེམས་ལྷོད་པོ། གཞན་ཕན་བྱ་བ་སྒྲུབ་པ་མང་བ། གཞན་ལ་མཐུན་སྒྲིལ་དང་བསྟུན་སྟབས་ངོ་མ་བསམ་གྱི་མི་ཁྱབ་པ་རེད། ཁོང་ཚོའི་ཆོས་ལ་བཤད་པའི། དགྲ་ལ་བྱམས་པ་སྒོམས་ཟེར་བ་འདི་ཀུན་ནས་ཉམས་ལེན་བྱེད་ཀྱི་འདུག ཆོས་ལུགས་དེ་ལ་རིན་ཐང་འདུག་ལ། འཛམ་གླིང་གྱི་མི་མང་པོ་ཞིག་དེ་ལ་དད་པ་བྱེད་པ་ད་གཟོད་ཤེས་སོང་།
བསམ་ཤེས་ཐུགས་མད་དོ།།
ཆོས་ལ་རྟེན་ནས་སྡིག་པའི་ཁུར་ཆེན་ཁྱེར། ཞེས་སོ།
བསམ་ཤེས་ལགས་སོགས་ནས་རི་བོང་གནམ་རྡིབ་ཀྱི་སྡུག་སྔལ་མྱོང་དགོས་དོགས་མེད།མིའི་རྣམ་རྟོག་ལ་མཐའ་མེད་དུས་མིའི་སྤྱི་ཚོགས་ནང་རྙོག་བྲ་ཡོང་ངེས་གཏན་རེད།མི་ཁ་ཤས་ལ་ཁྱེད་ཕར་ག་ཚོད་ཡག་པོ་བྱས་ཀྱང་ཚུར་སྡང་ཟུག་ཆེན་པོ་བྱེད་པ་དེ་འདྲ་ཚུན་ཡོང་གི་རེད།དེ་ཁྱེད་རང་གི་སྐྱོན་མིན་རུང་ཕར་ཕྱོགས་པོས་སོ་སོའི་རྣམ་རྟོག་གིས་བཟོས་ལེ་རེད།
གང་ལྟར་རྙོག་བྲ་མེད་པའི་སྤྱི་ཚོགས་དག་ཞིང་འདྲ་བོ་ཅིག་ནམ་ཡང་རག་གི་མ་རེད།ད་དུང་སྤྱི་ཚོགས་མང་པོ་ཅིག་ང་ཚོ་བོད་པ་ལས་ཀྱང་ཧ་ཅང་གིས་སྡུག་ཅག་ཡོད་རེད།དྲ་ཐོག་གི་ཁ་རྩོད་ཙམ་གྱིས་སེམས་ཤུགས་ཆགས་དུས་ཁྱོན་ནས་མི་ཡུལ་དུ་གནས་རྒྱུ་དཀའ་མོ་རེད།
འཛམ་གླིང་གི་མི་ཡག་ཤོས་འཚེ་བ་མེད་པ་ཉམས་ལེན་བྱེད་མཁན་གྷན་ངྷི་དང་མ་ཁྲིན་ལི་ཐར་ཁེན་སོགས་ཀྱང་གཞན་གྱིས་གང་བྱུང་དམར་གསོད་བྱས་པ་རེད།མིའི་ཉོན་མོངས་དང་རྣམ་རྟོག་མ་ཟད་བར་གང་ལྟར་ཉོག་བྲ་ནི་ལྷག་གི་རེད།
དེ་ཡང་བདེན་པ་རེེད།
ཁ་སྔོན་ཞིག་ལ་༧གོང་ས་མཆོག་གིས་ཆོས་ལུགས་པས་བློ་གཟུ་བོར་གནས་པའི་སྐད་ཆ་བཤད་ཐུབ་ཀི་མི་འདུག དེ་ལས་ཚན་རིག་པ་ཚད་ལྡན་དེ་ཚོ་ཧ་ཅང་བློ་གཟུ་བོར་གནས་པོ་རེད་གསུངས་སོང་། དངོས་གནས་ཆོས་པ་འདི་ཚོར་ཞེན་ཁོགས་ཟེར་ན་རི་རབ་ནང་བཞིན་རེད། ཕྲག་དོག་ཟེར་ན་རྒྱ་ཁབ་ཕྲ་མོའི་བུ་ག་ནང་བཞིན་འགྲོ་ས་ཞིག་མི་འདུག བོད་ཀྱི་ལོ་རྒྱུས་ནང་དུ་བན་དེའི་ཕྱོགས་ནས་བོན་ལ་དད་པའི་བློན་པོ་ལ་བདུད་བློན་དུའང་བཏགས་འདུག བོན་གྱི་ཕྱོགས་ནས་ཀྱང་དེ་མཚུངས་མིང་ངན་བཏགས་ཡོད་པས་དེ་ནི་སྐབས་དེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་རིང་ལུགས་འཛིན་ཕྱོགས་ཤིག་ཡིན་པ་ངེས་པར་དེ་རེད་ཟེར་གྱི་མེད་མོད། ད་ལུང་དྲངས་པའི་སྐབས་ལ་ཇི་བཞིན་པ་མ་དྲངས་རང་དྲངས་རེད་དོ།
ཟིན་མཐོ་ཡིན་པ་འདྲ་བོ། ལོ་རྒྱུས་ཡིན་པ་འདྲ་བོ། ཆོས་འབྱུང་ཡིན་པ་འདྲ་བོ། ཧང་སང་པ་ཞིག་བཤད་ཡོད་མདོག་མདོག་གིས་ལུང་འདྲེན་དང་བཤུ་འབྲིའི་ཉོག་རིང་ཞིག་སྤེལ་འདུག་མོད། གང་ལྟར་ཆེ་ཐག་ཆོད་ཅིག་བཤད་དགོས་བསམ་ནས་འཁྱོང་མི་འདུག “ལོ་རྒྱུས་སྨྲར་བ་མང་པོས་ནུབ་ཕྱོགས་གྷི་རི་སི་ཡི་མ་ས་རྡོ་ནི་ཡན་གྱི་རྒྱལ་པོ་གྲགས་ཅན་ཨ་ལེགས་ཟན་རྡར་གྱི་དམག་རྒྱུད་ཡིན་པར་བཤད།”ཟེར་བ་དེ་ཆེ་ཐག་ཆོད་ཀྱི་ནང་གི་ནོར་ཐག་ཆོད་དེ་རེད། དམག་འཛིན་འདི་སྤྱི་ལོའི་སྔོན་གྱི་ལོ་ ༣༥༦ ཡས་མས་ཀྱི་སྐད་ཆ་རེད། ཧི་མ་ལའི་རི་རྒྱུད་གཙོས་ལ་དྭགས་སྟོད་སྨད་ནང་དེའི་སྔོན་ནས་བཟུང་མིའི་ཚོ་ཁག་ཆགས་ཡོད་པ་ཡོངས་གྲགས་ཆགས་ཡོད། ལ་དྭགས་ནུབ་བྱང་དང་ཤར་བྱང་ཕྱོགས་ཀྱི་མི་རིགས་ཁག་ནུབ་ཕྱོགས་གྷི་རིག་གི་དམག་འཛིན་གྲགས་ཆེན་ Alexander གྱི་དམག་རྒྱུད་ཡིན་པའི་བཤད་སྲོལ་ཞིག་ཡོད་པ་རེད། དེའི་ཁྲོད་དེང་གི་རྒྱའི་འོག་གི་ཤར་ཏུར་ཀི་སི་ཐན་ཡང་ཚུད་པ་རེད། དེ་ལ་ཞྭ་དཔེ་ལྷམ་འགེབ་མ་བྱེད་རོགས། དེང་སྐབས་ལོ་རྒྱུས་ཐན་ཐུན་མི་ཤེས་མཁན་ཡོད་པ་མ་རེད། ལོ་རྒྱས་ཚན་རིག་གི་ཞིབ་དཔྱོད་གྲུབ་དོན་ལས་ལ་དྭགས་ཀྱི་ཆེས་ཐོག་མའི་མི་རྒྱུད་དེ་ཧི་མ་ལ་ཡའི་ཤར་ལྷོའི་མི་རིགས་ཁག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཉི་ཧོང་དང་ཀོ་རི་ཡ། རྒྱ་ནག་ནུབ་བྱང་ཕྱོགས་ཀྱི་མི་རིགས་ཁག་དང་བོད་སོགས་ནི་རིགས་རྒྱུན་གྱི་འབྲེལ་བ་ངེས་ཅན་ཡོད་ཀྱང་མཆེད་ཁུངས་ཀྱི་ཐད་ནས་ཤར་ནས་བྱང་ལ་མཆེད་པ་དང་ཡང་ན་བྱང་ནས་ཤར་ལྷོའི་ཕྱོགས་སུ་མཆེད་མིན་དོགས་གཞིར་གྱུར་ཡོད་པ་རེད་དོ།།
ལ་དྭགས་ཀྱི་སྐོར་གཞི་རྩའི་ངོ་སྤྲོད་ཡག་པོ་ཞིག་འདུག ཐུགས་རྗེ་ཆེ།
རྒྱ་ནག་དང་པ་ཀི་སི་ཐན་གྱི་ས་མཚམས་ཟེར་ན་ཅི་ཟེར་ལེ་རེད། ཨཱ།
དིང་སང་གི་བོད་པ་ཟེར་བ་དང་། ༡༩༥༩་ ནས་ ༡༩༥༧ ང་བོད་གཙང་དུ་ཡོད་པའི་སྐབས་ཀྱི་བོད་པ་ཟེར་བ་གཉིས་མི་འདྲ་བ་མངོན་སུམ་གྱིས་གྲུབ། དེ་དུས་ཁམས་པ་དང་། ཨམ་མདོ་ལ་བོད་པ་མི་ཟེར། དེ་དུས་བོད་པ་ཡིན་ན། དབུས་གཙང་གང་རུང་ཡིན་དགོས། ཨ་མ་ལ་དྭགས་མ་ཡིན་པ་དང་། དེའི་བུ་མོ་སྐར་མ་བཟང་མོ་ཟེར་བའི་བུད་མེད་ཅིག་ཡོད། དེ་ཡི་བོད་སྐད་རྒྱབ་པ་མཐོང་སྟེ། གཙང་པ་གྲྭ་པ་འཚེམ་པོ་པ་ཞིག་གིས། མོའི་སྐད་ལ་བོད་སྐད་ཐང་ང་ལ། བོད་པ་ནང་བཞིན་རྒྱབ་ཀྱི་འདུག་བཤད་པ་ད་ལྟ་ཡང་མི་རྒན་ངའི་དྲན་པར་གནས། ད་ལྟའི་ལ་དྭགས་པ་དག་ལ་དེའི་དུས་ཀྱི་བསམ་བློ་དེ་ད་ལྟ་ཡང་། མི་ཀུན་གྱི་སེམས་ལ་གནས་པ་དེ་ཡིན་འདུག གཞན་ཡང་། ལ་དྭགས་པ་ནང་པ་ཞིག་ལ་། ཁྱོད་བོད་ཡིན་ནམ་མ་ཡིན་ཞེས་འདྲི་ན། ལ་དྭགས་པ་ནང་པ་དེ་ཡིས། ཐག་བཅད་ནས། ང་བོད་ཟེར་བ་ངེས་པ་ཡིན། གཏམ་འདི་བདེན་པ་ཡིན་མིན་ཀློག་པ་པོས་དག་གིས་གསུང་དགོས།
ང་བོད་ཟེར་བ། ང་བོད་ཡིན་ཟེར་བ། ཞེས་བཅོས་སོ།
སྤྱིར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལས་བྱུང་བ་ལྟར། ཀུན་དགའ་རྒྱལ་མཚན་ལགས་ཀྱིས་མཆན་བཏབ་པ་བཞིན། ཆུ་གཉིས་བར་གྱི་གྲམ་ཐང་ལ་གླེ་ཞེས་བྲི་སྲོལ་ཡོད་ནའང༌། དེའི་སྐོར་ལ་ཁོ་བོ་ལ་འོས་འགན་ཆེན་པོ་ཞིག་མེད་རྐྱེན། ན་ནིང་དབྱར་ཁ་ཁོ་བོ་ལ་དྭགས་པའི་རྒྱལ་ས་གླེ་དང༌། དེ་དང་བར་ཐག་རིང་བའི་ཤམ་ཕྱོགས་ཀྱི་གླེ་མདོ་ཞེས་པར་འགྲོ་རྒྱུའི་གོ་སྐབས་རག་བྱུང༌། ཡིན་ནའང་ས་ཕྱོགས་དེ་དང་དེར་ཕྱིན་པ་ཙམ་ལས་ཞིབ་ཚགས་ཀྱི་དཔྱད་པ་བྱེད་རྒྱུས་བསམ་བློ་གང་ཡང་བཏང་མེད། སྐབས་འདི་དང་འབྲེལ་ཏེ་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ལ་ཞུ་རྒྱུ་གཅིག་ལ། ལ་དྭགས་སམ། ལ་ཐག མང་ཡུལ་ལམ། མར་ཡུལ་ཞེས་པའི་སྐོར་ལ་འབྲེལ་བཤད་ཡག་པོ་ཞིག་སྐྱོན་རོགས་ཞུ་རྒྱུ་ཡིན།
ཨ་སྙིང་རྗེ།ཚེ་རྒྱལ་ཟེར་མི་དེ་ཅི་གང་མགོ་ཚོས་མི་པ་ཅིག་ཡིན་ས་རེད།ཚེ་རྒྱལ་ཟེར་བ་དེས་(ལོ་རྒྱུས་སྨྲར་བ་མང་པོས་ནུབ་ཕྱོགས་གྷི་རི་སི་ཡི་མ་ས་རྡོ་ནི་ཡན་གྱི་རྒྱལ་པོ་གྲགས་ཅན་ཨ་ལེགས་ཟན་རྡར་གྱི་དམག་རྒྱུད་ཡིན་པར་བཤད།”ཟེར་བ་དེ་ཆེ་ཐག་ཆོད་ཀྱི་ནང་གི་ནོར་ཐག་ཆོད་དེ་རེད།)རེད་ཟེར་ནས་མགོ་མེད་མཇུག་དུམ་གྱི་ལུང་ཚིག་འདྲ་དྲངས་འདུག་མོད།
གོང་རྩོམ་ནང་(རྡ་ཧ་ནུ་ཟེར་བ་ནི་ཆོས་ལུགས་ཀྱི་ཆ་ནས་མང་པོ་ཅིག་འབྲི་གུང་བཀའ་བརྒྱུད་ཡིན་མོད། གདོང་གི་དབྱིབས་དང་ཤ་མདོག་བཅས་ནུབ་ཕྱོགས་པ་དང་ཧ་ཅང་འདྲ་བོ་ཡོད་ལ། ལོ་རྒྱུས་སྨྲར་བ་མང་པོས་ནུབ་ཕྱོགས་གྷི་རི་སི་ཡི་མ་ས་རྡོ་ནི་ཡན་གྱི་རྒྱལ་པོ་གྲགས་ཅན་ཨ་ལེགས་ཟན་རྡར་གྱི་དམག་རྒྱུད་ཡིན་པར་བཤད།)ཅེས་ལ་དྭགས་ནང་གི་རྡ་ཧ་ནུ་པ་ཚོ་ནུབ་ཕྱོགས་ཡིན་པར་བཤད་པ་ལས་སྤྱིར་ལ་དྭགས་ཡོངས་ནུབ་ཕྱོགས་མི་རིགས་ཡིན་པར་བཤད་མི་འདུག།དེ་ལ་ཁག་མེད་རེད།རྡ་ཧ་ནུ་པ་ཚོ་གདོང་པ་ཁོ་རང་ནུབ་ཕྱོགས་ཀྱི་མི་རིགས་རང་ཡིན་པ་མ་གཏོགས་ཤར་ཨེ་ཤེ་ཡའི་གདོང་པ་ཁོ་རང་མེད་རེད།མངོན་སུམ་དུ་གདོང་པ་ཕྱི་གླིང་པ་དོད་བསྡད་པ་ཅིག་ཨེ་ཤེ་ཡའི་ཀོ་རི་ཡ་དང་ཉི་ཧོང་སོགས་རེད་ཅེས་ག་འདྲ་སེ་སྒྲུབ་དགོས་རེད།དེ་ཚོ་དངོས་གནས་སྣང་བ་དག་དྲག་པ་དང་ལྐུགས་པའི་སྐད་ཆ་རེད།ཧཧཧ
དེ་ནས་ཚེ་རྒྱལ་གྱིས་( ལོ་རྒྱས་ཚན་རིག་གི་ཞིབ་དཔྱོད་གྲུབ་དོན་ལས་ལ་དྭགས་ཀྱི་ཆེས་ཐོག་མའི་མི་རྒྱུད་དེ་ཧི་མ་ལ་ཡའི་ཤར་ལྷོའི་མི་རིགས་ཁག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཉི་ཧོང་དང་ཀོ་རི་ཡ། རྒྱ་ནག་ནུབ་བྱང་ཕྱོགས་ཀྱི་མི་རིགས་ཁག་དང་བོད་སོགས་ནི་རིགས་རྒྱུན་གྱི་འབྲེལ་བ་ངེས་ཅན་ཡོད་ཀྱང་མཆེད་ཁུངས་ཀྱི་ཐད་ནས་ཤར་ནས་བྱང་ལ་མཆེད་པ་དང་ཡང་ན་བྱང་ནས་ཤར་ལྷོའི་ཕྱོགས་སུ་མཆེད་མིན་དོགས་གཞིར་གྱུར་ཡོད)ཅེས་གསུང་འདུག་སྟེ།གོང་གི་མི་རིགས་དེ་ཚོ་རྒྱུད་གཅིག་པ་ཡིན་ལུགས་ཚན་རིག་པ་སུ་དང་ལོ་རྒྱུས་པ་སུས་དེབ་དང་གསར་ཤོག་གང་དུ་ག་དུས་འཁོད་འདུག་སྟོན་རོགས་ཀྱིས།གལ་ཏེ་ལུང་གསལ་བོ་དྲངས་རྒྱུ་མེད་ན་ཁྱོད་རང་གིས་ཚོད་དཔག་ཙམ་བྱས་པར་ཆ་འཇོག་སུས་ཀྱང་མི་བྱེད།
གློག་ཀླད་མཆོག་ལ།
“སྐབས་འདི་དང་འབྲེལ་ཏེ་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ལ་ཞུ་རྒྱུ་གཅིག་ལ། ལ་དྭགས་སམ། ལ་ཐག མང་ཡུལ་ལམ། མར་ཡུལ་ཞེས་པའི་སྐོར་ལ་འབྲེལ་བཤད་ཡག་པོ་ཞིག་སྐྱོན་རོགས་ཞུ་རྒྱུ་ཡིན།” དྲི་བ་བཀོད་པ་དེ་ལེགས། འདི་གནད་འགག་ཆེ། དང་པོ། མར་ཡུལ་ལ་མང་ཡུལ་ཞེས་བྲིས་པ་ནོར། ཐང་ཐོང་རྒྱལ་པོའི་རྣམ་ཐར་ན། མ་ནོར་བར་སོ་སོར་བྲིས། མང་ཡུལ་གུང་ཐང་ཞེས་པ་གངས་ཏི་སེའི་ཤར་དུ་ཡོད། མར་ཡུལ་ནུབ་ཕྱོགས་ལ་ཡོད། ས་བཀྲ་མཐོང་བ་མ་གཏོགས་མང་ཡུལ་གུང་ཐང་དུ་འགྲོ་མྱོང་མེད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་་ལམ་རིམ་བླ་བརྒྱུད་ན་ལ་འཐག་ཅེས་བྲིས། ལ་དྭགས། ཞེས་པ་གཅིག་གིས། རྡོ་རྗེ་གཅོད་པ་སོགས་ན། ཚིག་བླ་དྭགས་སོ། ཞེས་པ་བཀླགས་ཏེ། ལ་དྭགས། ཞེས་བཏགས་པར་མངོན། ལ་དྭགས་གོང་ཀ་ཞེས་པའི་ལ་ཞིག ལ་དྭགས་གཤམ་ཕྱོགས་དང་སྟོད་པའི་བར་ན་ཡོད། ལ་དེའི་མིང་མར་ཡུལ་ཡོངས་ལ་ཆགས་ཞེས་ལོ་རྒྱུས་སྨྲ་བ་ཡོ་སོབ་དགེ་རྒན་གྱིས་ལ་དྭགས་རྒྱལ་རབས་ན་བྲིས་སོ།
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ནས་ལན་གནང་བ་ལ་བཀའ་དྲིན་ཆེ་ཞུ་ཡི་ཡིན།
ཆུ་གཉིས་བར་གྱི་གྲམ་ཐང་ལ་གླེ་་་་ཟེར་བ་དང་་་་བྱེ་ཐང་ཁྲོད་ཀྱི་གཤིན་ས་ལ་གླེ་་་ཟེར་བ་བཅས་ལ་བསམ་བློ་ནན་མོ་བཏང་ན་དོན་དག་ཡང་སྙིང་གོ་བ་དེ་་་ས་་་ལིང་ཙེ་བ་ཞིག་ལ་བརྗོད་ཀྱི་ཡོད་པ་རེད། ཞང་ཞུང་སྐད་ཀྱི་་་སླས་་་ཅེས་པ་དེ་ལ་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་བོད་སྐད་ཀྱི་ས་གཞི་ཞེས་པ་དེ་ལ་གོ་བ་དང་། དེ་འདྲའི་སླས་གཞི་དང་ས་གཞི་འདི་མཐའ་ཡི་རྒྱ་མཚོའི་དཀྱིལ་ལ་ཆགས་བསྡད་པའི་གླེ་ཆེ་ཤོས་དེ་ཡིན་པ་ཤེས་དགོས་པ་རེད། བོད་ཡིག་ནང་དུ་བྲིས་པའི་་་གླེ་་་ཞེས་པ་དེ་ཞང་ཞུང་སྐད་ཀྱི་་་སླས་་་ཅེས་པ་དེ་ལས་སྒྲ་ཟུར་ཆགས་སུ་སོང་ནས་བོད་པས་བོད་ཡིག་གི་དག་ཆ་གསར་བཟོ་བྱེད་པའི་སྐབས་སུ་་་གླེ་་་ཞེས་སུ་བྲིས་པ་ཡིན་སྲིད་པ་རེད། དོན་དག་ཡང་སྙིང་གོ་ས་དངོས་གནས་དེ་ནི་མཐའ་ཡི་རྒྱ་མཚོའི་དཀྱིལ་ལ་ཆགས་པའི་ཞང་ཞུང་སྐད་ཀྱི་་་སླས་་་ཅེས་པ་དེ་རང་ལ་གོ་བ་ཡིན་པ་ཤེས་པར་བྱའོ། །
བོན་པོ་ལགས་འདི་རིགས་ལ་ཨུ་ནན་བྱས་ནས་ཕན་ཐོགས་མི་འདུག ཁོ་རང་ཚོ་རང་སར་བཞག་ན་ལེགས། ཁོང་ཚོས་ཁོང་རང་ཚོའི་ལོ་རྒྱུས་ཡུན་རིང་དེ་སྤྲེལ་བྲག་མིར་གྱུར་ཚུལ་གྱི་ལོ་རྒྱུས་དེ་རང་ལ་ཡིད་ཆེས་བྱེད་ཀྱི་རེད། ཁོ་རང་ཚོའི་ཕ་མྱེས་ཀྱི་རིག་གཞུང་ཞང་ཞུང་གི་སྐད་ཡིག་དེ་བཀའ་དང་བཀའ་བསྟན་ལ་བཏུག་གི་རེད། ཁོ་རང་ཚོ་ལ་ཤོན་ཟེར་བ་ཞང་ཞུང་གི་རིག་གནས་བླ་ན་མེད་པ་ཞིག་ཡོད་འདུག་དེ་ཡི་གླུ་ཚིག་དང་གོར་གཞས་ལ་འགྲོ་དུས་བོན་བསྐོར་རམ་གཡས་བསྐོར་དུ་འགྲོ་བ་དེ་ཡང་གཡོན་བསྐོར་རམ་བན་བསྐོར་དུ་བོད་ཀྱི་བླ་ཆེན་ཞིག་གིས་བསྒྱུར་དགོས་ཚུལ་བཤད་ནས་ད་ལྟ་བསྒྱུར་བའི་སྐད་ཆ་འདུག ད་ལྟ་ཁུ་ནུ་ལ་ཤོན་འཁྲབ་དུས་བོན་བསྐོར་རང་འགྲོ་བཞིན་འདུག
བན་དེ་བ་ལགས་ཁྱེད་ཐུགས་བདེན། ཞང་ཞུང་དང་བོད་མིན་མདོག་མདོག་བྱས་ནས་ཉིན་མ་གཅིག་ཞྭ་མོ་དང་ལྷམ་གོག་དང་ཕྱུ་བ་དེ་ཚོ་སེང་གེ་གཙང་པོའི་ནང་དུ་གཡུག་ཐག་ཆོད་རེད། ཀྱེ་མ། །
གཤེནད། གཤེན། གཤེད། གང་འདོད་དུ་འབྲི་རོགས་ཞུ། སྲོག་གི་གཤེད་མ། སྲོག་གི་གཤེན་མ། ལུང་པ་སོ་སོའི་སྨྲ་ལྕེ་ལ་བདེ་བའི་སྒྲ་ཞིག་ཡོད། གང་ལྟར་ཁ་ཆེ་བ་འདྲ་བོ་རེད།
ད་ཡིན་ན་བླ་སྤྲུལ་རྣམ་པའི་མཚན་ཟུར་ལ་བ་ཡོད་ན་བུང་གུ་དང་། ཁ་ཡོད་ན་ཁྱི། ཏ་ཡོད་ན་རྟ། ས་ཡོད་ན་སྲམ། ད་ཡོད་ན་དོམ། ཕ་ཡོད་ན་ཕག་པ། ང་ཡོད་ན་ངང་པ། ཙ་ཡོད་ན་ཙི་ཙི་རེད་ཟེར་ནས་ཤོད་ཤོག་ཨ།
རེད་རེད་ལྷ་མ་ཡེ་ཤེས་འོད་ཀྱིས་དུས་གཅིག་ཏུ་བོན་པོ་རྣམས་ཁང་པ་གཅིག་ཏུ་བཅུག་ནས་དམར་གསོད་གསོན་བསྲེག་བཏང་བ་ནང་པའི་ཆོས་འཚེ་བ་མེད་པ་རེད་ཟེར་བ་དེ་ཡིན་གྱི་རེད། སི་རི་ལང་ཀ་དང་བྷར་མ་ཅེས་སུ་ཁ་ཆེ་བ་བརྒྱ་ཕྲག་མང་པོ་ནང་པའི་རྗེས་འཇུག་པས་དམར་གསོད་མི་རྒྱུ་འཕྲོག་བཅོམ་ཁང་པ་མེར་སྲེག་བཏང་བ་དེ་ཚོ་ནང་པའི་འཚེ་བ་མེད་ཅེས་པ་དེ་ཡིན་གྱི་རེད། བསམ་ཡས་མཁན་པོས་བོད་བཙན་པོ་ལྐོག་གསོད་མདའ་འཕེན་བྱེད་པ་དེ་ཡང་ནང་པའི་འཚེ་བ་མེད་པ་ཟེར་བ་དེ་ཡིན་གྱི་རེད། ར་ལོ་ཙཱས་ས་ཐོབ་བཅུ་ཕྲག་བསད་པ་དེ་ཡང་ནང་པའི་འཚེ་བ་མེད་པ་དེ་ཡིན་གྱི་རེད། རྡ་སར་དགེ་སློང་དགེ་ཕྲུག་དང་བཅས་པ་གྲི་བཙུགས་ཀྱིས་དམར་གསོད་དེ་ཚོ་ནང་པའི་འཚེ་བ་མེད་པ་ཟེར་བ་དེ་ཡིན་གྱི་རེད། མི་ངོ་ལ་ངོ་ཚ་དང་ལྷ་ངོ་ལ་ཁྲེལ་མེད་ཅིང་ངོ་ལ་སྤུ་རྩིད་མཐུག་པོ་སྐྱེས་ཡོད་མཁན་དེ་ཚོས། གཏམ་ཨ་ཕས་ཤོད་རྒྱུ་དེ། མནའ་མས་བཤད་ཡོང་གི་འདུག་ག
ད་གང་ལྟར་དངོས་ཡོད་གནས་ཚུལ་གཞིར་བཟུང་ན།སྲོང་བཙན་གྱིས་རྒྱ་གར་ནས་ནང་ཆོས་བོད་དུ་དྲངས་པའང་གསར་བརྗེ་ཅིག་ཡིན་པ་རེད།གསར་བརྗེ་དེའི་ཆེད་དུ་བོན་པོ་མང་པོ་བསད་པའང་དངོས་ཡོད་གནས་ཚུལ་ཡིན་ས་རེད།ཡང་བཙན་པོ་ཐ་མ་ཨུ་དུམ་བཙན་གྱིས་ཆོས་ལུགས་མེད་པར་བཟོས་པའང་གསར་བརྗེ་ཅིག་ཡིན་ངེས་གཏན་རེད།
འོན་ཀྱང་།གསར་བརྗེ་སྔ་མ་དེ་ལམ་འགྲོ་བྱུང་བ་རེད།ཕྱི་མ་དེ་ལམ་འགྲོ་མ་བྱུང་བ་རེད།
དེ་བཞིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་རྣམ་ཐར་དུ་འཁོད་པ་ལྟར་ན།དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེར་བོན་རྣམས་ཀྱིས་བོད་དུ་སེམས་ཅན་ཁྲི་ཚོ་མང་པོ་བསད་དེ་དམར་མཆོད་བྱེད་བཞིན་པ་དེ།གུ་རུ་རིན་པོ་ཆེས་བཅད་རེད་ཅེས་བཤད་འདུག།
ཡང་བན་དེ་ཚོས་ཀྱང་བོན་བློན་གྲགས་ཅན་མ་ཞང་བྲོན་པ་སྐྱེས་དང་སྟག་སྒྲ་ཀླུ་ཀོང་སོགས་ཐབས་སྣ་ཚོགས་ཀྱིས་བསད་འདུག།གང་ལྟར་བན་བོན་གཉིས་ཀ་འདྲ་བོ་རེད།
རེད་རེད་ལ་སྟོད་པས་གསུངས་པ་ལྟར། བོད་འདིར་རིག་གནས་གསར་བརྗེ་ཐེང་ཁ་ཤས་ཞིག་བྱུང་བ་དང་གསར་བརྗེ་ཕལ་ཆེར་བོན་པོའི་སྟེང་ལ་བྱུང་། འོན་ཀྱང་གསར་བརྗེ་རྗེས་ཤོས་དེ་ནི་བན་བོན་གཉིས་ཀ་ལ་བྱུང་བ་ཞིག་ལས་བོན་པོར་དམིགས་བསལ་གྱིས་བྱུང་བ་མ་ཡིན་དུས་དེ་ནི་གནས་ཚུལ་ལོགས་ཁ་རེད།
དངོས་མ་གང་ཡིན་སུལང་གསུང་སྲོལ་མེད་པ་འདྲ།
གང་མིན་གྱི་སྒྲུང་གཏམ་སོགས་གཏན་ནས་མི་གནང་རོགས།