མགར་འཇམ་དབྱངས།
༼༡ ༽
ཕྱི་ལུགས་ལྟར་ཟླ་ ༧ ཚེས ༦ ཉིན་རླབས་ཆེན་གྱི་སྐྱེས་བུ་ཤེས་རབ་ཅན་ཞིག་དམུ་རྒོད་བོད་ཀྱི་སྐྱབས་དང་མགོན་དུ་བྱོན་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། འགྲོ་འདུག་སྤྱོད་ལམ་དང་སྨྲ་བརྗོད་ཀྱི་རང་དབང་ཡེ་ནས་བྲལ་བའི་གཞིས་བཞུགས་སྤུན་ཟླ་དག་ཕུད། བྱེས་གྱར་བོད་མི་དག་གིས་ལོ་ལྟར་རྣམ་པ་འདྲ་མིན་བརྒྱུད་བརྩི་སྲུང་བྱེད་ཀྱིན་ཡོད། དེ་ནི་དེང་གི་རྒྱལ་འཚོང་བ་དག་གིས་སྒྲོ་བཏགས་ཀྱི་བཤད་ཡམས་དང་། དངུལ་དངོས་ཀྱིས་རང་ཚུགས་ཤོར་བའི་རུལ་སུངས་པ་དག་གིས་འཁྲབ་སྟོན་གྱི་ལེ་ཚན་དང་གཏན་མི་འདྲ་བར། མགོན་པོ་གང་དང་འུ་ཚོའི་བར་ཐག་ལ་ཐུན་མོང་མ་ཡིན་པའི་དད་པ་དང་དུང་བ་དམིགས་བསལ་བ་ཞིག་ཡོད་པའི་བདེན་དཔང་གསོན་པོ་ཞིག་ཅི་ལ་མིན།
དེ་རིང་ཁོ་བོ་ཡང་ས་གནས་ལས་བྱེད་པ་གིས་མགྲོན་བརྡ་འབྱོར་བ་དང་སྟབས་བསྟུན། ལས་ཀའི་བྲེལ་ཟིང་གི་རྐྱེན་གྱིས་རྒྱུན་པར་ཐུག་དཀའ་བའི་བོད་མི་དག་དང་མཉམ་འཛོམས་ཀྱི་གོ་སྐབས་དེ་ནི་ཁོ་བོར་མཚོན་ན་རིན་ཐང་ཆེན་པོ་ཞིག་ཏུ་བརྩིས་ཀྱང་མ་འགྲིགས་པ་ག་ལ་ཡོད།
༼༢༽
འདིར་ཡོད་པའི་ས་གནས་བོད་མིའི་གྲངས་འབོར་ལ་གཞིགས་ན། ཚོགས་ཁང་དང་གྲ་སྒྲིག་སོགས་གང་ཅིའི་ཐད་ཅུང་འཐུས་སྒོ་ཚང་བ་ཞིག་བྱས་འདུག་ལ། གྲོང་ཁྱེར་འདིའི་ནང་དུ་གནས་སྡོད་བོད་མི་མང་ཙམ་འབྱོར་འདུག་པ་མ་ཟད། སྔོན་ཆད་མཐོང་མ་མྱོང་བའི་གསར་འབྱོར་བ་ཁ་ཤས་ཀྱང་བསླེབས་འདུག ཁོ་བོས་ངོ་མི་ཤེས་པ་དག་ལ་རེ་རེ་ནས་འཚམས་འདྲི་སྟབས་བདེ་རེ་བྱས་སྟེ། གང་ཞིག་ཏུ་བསྡད་ཡོད་མེད་དང་ལས་རིགས་ཅི་ཞིག་གཉེར་གྱིན་ཡོད་མེད་སོགས་ལས་འཕྲོས་ཕན་ཚུན་ལ་རྒྱུས་ལོན་ཅུང་ཙམ་རེ་བྱས་པ་ཡིན། དེ་ནི་ཁོ་བོའི་དགའ་ཕྱོགས་ཤིག་ཀྱང་ཡིན་སྲིད། གང་ལྟར་ངེས་གཏན་མེད་པའི་འཚོ་བ་གཡར་བོ་དེའི་གནོན་ཤུགས་ཇི་ལྟར་ཆེ་ནའང་། མཐུན་པའི་ལག་རྡང་གཅིག་ཏུ་བསྒྲིལ་ཏེ་འདི་ལྟར་མཉམ་འཛོམས་ཐེངས་རེ་བྱུང་པ་འདིས་ཀྱང་། རང་དང་སྐྱིད་སྡུག་མཉམ་པའི་དཔུང་ཁག་ཅིག་གི་དྲོད་ཁོལ་ངང་གིས་ཚོར་ཐུབ།
༼ ༣༽
དགོང་ཟས་ཟོས་མཐར། གློག་འོད་ཁྲ་ཆེམ་ཆེམ་དུ་འབར་བའི་སྟངས་སྟབས་འོག་ན། རང་ཉིད་སོ་སོར་བདག་པའི་གླུ་སྐད་དང་གྲེ་འགྱུར་གྱི་དབྱངས་རྟ་བསིལ་བོའི་ཁྲོད་དུ། ཞབས་བྲོའི་སྒྱུ་རྩལ་གྱི་རྣམ་པ་ཅུང་ཐོན་པའི་གར་མ་རེ་ཟུང་གི་གཟུགས་པོའི་སྒེག་ཉམས་ཀྱི་མཛེས་པ་ངོམ་སོར་བྲེལ་གྱིན་འདུག་ལ། སྐོར་དང་སྐོར་བྱས་ཏེ་རང་ཉིད་ཀྱི་དགའ་མོས་ལྟར་རྒྱན་འཇོག་པ་དང་ཁ་བརྡར་གློད་པ་སོགས། གང་ཟག་སོ་སོའི་ཁམས་དང་མོས་པ་གཙིགས་སུ་འཛིན་པའི་རང་དབང་གི་འཚོ་བ་འཁྲུག་ཆ་དོད་པོ་ཞིག་གི་འུར་ཟིང་གི་ཀློང་ན་འཐིམ་འདུག འདི་ནི་ནུབ་སྡོད་བོད་མི་དག་གིས་སྤྱི་མཚུངས་ཀྱི་འཚོ་བ་རོལ་སྟངས་ཞིག་དང་འཁྲུངས་སྐར་བརྩི་སྲུང་བྱེད་སྟངས་ཀྱི་རྣམ་པ་དངོས་ཞིག་ལས་གཞན་ཅི་ཡང་མ་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། སྐུའི་འཁྲུངས་སྐར་ཆེན་མོ་ཞེས་པའི་མིང་བྱང་བརྗིད་པོ་དེ་དང་། བརྩི་སྲུང་བྱེད་སྟངས་གཉིས་ཀྱི་བར་ལ་ཆ་མི་མཉམ་པའི་བར་ཐག་རིང་བོ་ཞིག་གི་ཁད་ཀྱིས་ཆོད་འདུག་པའི་ཚོར་སྣང་བྱུང་ཡང་། རང་ཉིད་ཀྱི་ཉེ་འཁོར་ལ་མིག་གིས་བལྟས་ཤིང་རྣ་བས་ཉན་རྒྱུ་ལས། གཞན་ཁོ་བོས་ཅི་ཞིག་བྱ་ཐུབ་ཨང་།
༼༤༽
ད་ནི་ཁོ་བོའི་མིག་སྔུན་དུ་ཤོམ་གྱིན་པའི་ལྟད་མོ་མང་དུ་འགྲོ་འགོ་བརྩམས་སོང་། དེ་ནི་ཐོག་མར་ལྷན་འཛོམས་སྐབས་ཀྱི་འཛུམ་མདངས་དང་དགོད་སྒྲ་དེ་མ་ཡིན་པར། ཆང་ཤེལ་ཕོར་བ་གང་རེ་བཙན་གྱིས་བཏུང་རྗེས་ཀྱི་ངོ་གདོང་དམར་བོ་དང་ལྷན་དུ་འཐབ་པའི་སོ་སྒྲ་དང་ཀི་སྒྲའི་ངོ་བོར་འཕོས་འདུག ད་དུང་ཆང་དྲི་དང་ལྷན་དུ་བསྐྱུགས་པའི་སྐད་ཆ་གཟན་པོ་དག་གིས་ཡོད་ཚད་ལ་སུན་གཙེར་བྱེད་ཀྱིན་འདུག མ་གཞི་ར་རོར་གྱུར་པའི་བཟི་བོ་ཞིག་དང་ཁ་རྩོད་རྒྱག་པ་ནི་རང་ཉིད་བཟི་བོ་ཞིག་ཡིན་པའི་ཁུངས་སྐྱེལ་བྱས་པ་ལས་ཅི་ཡང་མེད་སྟབས། སྔ་ཙམ་ནས་ཁོ་ཚོ་དང་དང་རྒྱང་ཐག་རིང་དུ་བཀྱེད་པ་ཡིན། ཡིད་སྐྱོ་བ་ཞིག་ལ། ཁོ་བོསགོ་ཐོས་ལྟར་ན་ཡོད་ཚད་འུར་ཆི་ལིའི་ཁྲོད་དུ་མཇུག་སྡོམ་བྱས་འདུག་ཟེར།
ཡིད་སྐྱོ་བ་ཞིག་ལ། ཁོ་བོསགོ་ཐོས་ལྟར་ན་ཡོད་ཚད་འུར་ཆི་ལིའི་ཁྲོད་དུ་མཇུག་སྡོམ་བྱས་འདུག་ཟེར། ནུབ་གླིང་ཡོང་ལ་གོ་དགོས་པ་ཨེ་རེད་་སྦེལ་འཇམ་ས་གནས་antwerpenདུ་༧དཔལ་ས་སྐྱ་གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་༧གོང་ས་མཆོག་གི་འཁྲུངས་དཀར་དུས་གཏོན་ཧ་ཀྱང་དྲ་རྒྱས་པོ་གཏང་གནང་སོང་བ་༏་ནུབ་ཕྱོགས་ཡུལ་གྲུ་ཀུན་ནས་བོད་མི་གྲང་༢༨༠༠ལྷག་ཕེབས་འདུག་བ་