ནེའུ་ཡོག་ཏུ་དགུན་གནང་གི་བདུན་གཉིས་ཙམ་རྫོགས། དེའི་རིང་ལ། བོད་རིགས་འཛོམས་ས་ཁ་ཤས་ལ་ཕྱིན་པ་ཡིན། གནས་ཚུལ་རེ་བསྒྲིག་ནས་ཅིག་འབྲི་དགོས་བསམ་མོད། དུས་ཚོད་ཀྱིས་ཡོང་གི་མི་འདུག ད་དུང་བདུན་གཅིག་སྡོད་ཁོམ་འདུག ཁ་སང་གཟའ་ཉི་མའི་ཉིན། ནེའུ་ཡོག་གི་ས་འོག་ལྕགས་ལམ་བརྒྱུད་ཀོ་ལིམ་སྤི་ཡ་གཙུག་ལག་སློབ་ཁང་གི་ཕྱོགས་སུ་ཕྱིན་པ་ཡིན། གཙུག་ལག་སློབ་ཁང་དེའི་འགྲམ་གྱི་ལྷ་ཁང་ཞིག་ཏུ། བཀའ་ཁྲིའི་འོས་དམིགས་ཀྱི་བགྲོ་གླེང་དེ་འཚོགས་སོང་། བཀོད་སྒྲིག་བྱེད་མཁན་ནེའུ་ཡོག་དང་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་རེད། གཙོ་སྐྱོང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཀརྨ་རྒྱ་མཚོ་རེད། བགྲོ་གླེང་གནང་མཁན། བཀའ་ཟུར་བཀྲ་ཤིས་དབང་འདུད་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བློ་བཟང་སེང་གེ་བཅས་རེད། བགྲོ་གླེང་ལ་བཅར་མཁན། བོད་མི་ཆིག་སྟོང་བརྒལ་བ་འདུག རྐུབ་སྟེགས་མ་རག་པར་རྒྱབ་ཏུ་ལངས་མཁན་བོད་རིགས་གང་འཚམ་འདུག བགྲོ་གླེང་དེ་ཁྱོམ་བསྡོམས་དུས་ཚོད་གསུམ་ལྷག་བྱས་སོང་། མི་མང་གི་ཁྲོད་ནས་དྲི་བ་གཏོང་མཁན་བདུན་ལ་གོ་སྐབས་སྤྲད་སོང་། གཙོ་སྐྱོང་བས་དྲི་བ་བཅུ་གཅིག་བཏང་སོང་། དྲི་བ་དང་པོ་དང་གཉིས་པ་གཉིས་འདྲ་སེ་འདུག དམིགས་བསལ་ཁྱད་པར་མི་འདུག
གཙོ་སྐྱོང་བས་དྲི་བ་ཁག་སྡེ་ཚན་ལྔ་ལ་དབྱེ་ཡོད་ཟེར། དང་པོ། བོད་ཀྱི་རྩ་དོན་དང་བོད་རྒྱ་ཞི་མོལ་ལ་འབྲེལ་བའི་སྐོར། གཉིས་པ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རྒྱས་ཀྱི་སྐོར། གསུམ་པ། བོད་མིའི་སྤྱི་ཚོགས་སྲ་བརྟན་དང་ཕྱི་རྒྱལ་གཏོང་ཕྱོགས་སྐོར། བཞི་པ། རྒྱལ་སྤྱིའི་ཐོག་བོད་ཀྱི་རྩ་དོན་གླེང་ཕྱོགས་སྐོར། ལྔ་པ། སྐུ་སྒེར་དང་འབྲེལ་བའི་དྲི་བ་ཁག་ཅིག་བཅས་རེད། འོན་ཀྱང་། སྡེ་ཚན་ལྔ་པའི་སྒང་ལ་དྲི་བ་བཏང་མ་སོང་། བགྲོ་གླེང་དེ་འཁྲུགས་ཆ་དོད་པོ་གང་འཚམ་བྱུང་སོང་།
དྲི་བ་བཞི་བ་དེར། བཀྲ་ཤིས་དབང་འདུད་ཀྱིས་ལན་ཁ་གསལ་བརྒྱབ་མ་སོང་། དེ་ནས། བཀྲས་མཐོང་གི་དྲི་ལན་ལ། བློ་བཟང་སེང་གེས་འཕྲོས་བཤད་བྱས་བྱུང་། བློ་བཟང་སེང་གེའི་འཕྲོས་བཤད་དེའི་རྔ་མ་བཀྲ་ཤིས་དབང་འདུད་ཀྱིས་འཇུས་སོང་། སྡེ་སྲིད་ལྷན་ཚོགས་དང་རྒྱལ་ཚབ་ཀྱི་གནད་དོན་ཐད་གསལ་བཤད་གནང་སོང་། དྲི་བ་དེའི་འོག་ནས་བཟུང་། བཀྲ་ཤིས་དབང་འདུད་ཀྱིས་བློ་བཟང་སེང་གེའི་དྲི་ལན་འགར་ཞུ་དག་གཏོང་གིན་གཏོང་ཕྱིན་སོང་། བཀྲ་ཤིས་དབང་འདུད་ཀྱི་དྲི་ལན་ཁག་ཀྱང་ཇེ་གསལ་གཏིང་གསལ་ལ་ཕྱིན་སོང་། བཀྲས་མཐོང་ནི་དེ་ཙམ་དེ་ཙམ་ཞིག་བྱས་ནས་བསྡད་སོང་། དྲི་བ་དྲུག་པ་དེའི་སྐབས་སུ། གཙོ་སྐྱོང་བ་དྲི་ལན་གནང་མཁན་ཚོའི་སྒང་ལ་མཆོངས་སོང་། མཆོངས་སྟངས་དེ། བློ་བཟང་སེང་གེས་དྲི་ལན་གནང་ཚར་བ་དང་། གཙོ་སྐྱོང་བ་ཀརྨ་རྒྱ་མཚོས།
“བློ་བཟང་སེང་གེས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེ་མཐོང་ཡོད་མེད་གསུངས་བ་ནང་བཞིན། ད་ལྟའི་ཆར་ཆེ་མཐོང་མ་བྱེད་མཁན་མང་པོ་འདུག་ག དེ་རྒྱུ་མཚན་ཡང་དག་རེད་”ཞེས་གསུངས་སོང་།
གཞིས་ཆགས་སྲ་བརྟན་སྐོར་གྱི་དྲི་ལན་དེར། བློ་སེང་དང་བཀྲས་མཐོང་གཉིས་ཀར་ལན་ཞིབ་ཚགས་དེ་འདྲ་མི་འདུག གཉིས་ཀས་དཔལ་འབྱོར་ཡར་རྒྱས་གཏོང་དགོས་བའི་སྐོར་འདྲ་ཞིག་བཤད་སོང་། བློ་སེང་གིས་སུམ་མདོ་ཁག་ཏུ་ཚོང་ཁང་རྒྱག་དགོས་བའི་དཔེ་མཚོན་ཞིག་ཀྱང་བཞག་སོང་། བསྐྱར་དུ། བཀྲ་ཤིས་དབང་འདུས་ནས། རང་ཉིད་ནང་སྲིད་བཀའ་བློན་ཡིན་པའི་སྐབས་ཀྱི་ཉམས་མྱོང་དང་སྦྱར་ནས། གཞིས་ཆགས་ཁག་གི་གནས་སྟངས་དང་འཕྲེལ་སེལ་གྱི་བསམ་བློ་གཏོང་སྟངས་སྐོར་འགྲེལ་བཤད་ཞིབ་ཚགས་ཤིག་བརྒྱབ་སོང་། དེ་ནས།
རྒྱལ་སྤྱིའི་ཐོག་བཙན་བྱོལ་བོད་གཞུང་ངོས་འཛིན་ཡོང་ཐབས་ཀྱི་དྲི་བ་དེར། བློ་སེང་དང་བཀྲས་མཐོང་གཉིས་དྲི་བའི་སྒང་ནས་མ་བསྡད་པར་ཕྱོགས་གཞན་ལ་མཆོངས་སོང་། བཀྲ་ཤིས་དབང་འདུད་ཀྱི་དྲི་བ་གཙུགས་སུ་བཟུང་ནས་དྲི་ལན་ཁ་གསལ་ཞིག་བརྒྱབ་སོང་། འདི་ལྟར། གཙོ་སྐྱོང་བའི་དྲི་བ་ཁག་ལ། བློ་སེང་དང་བཀྲས་མཐོང་གཉིས་ལས། བཀྲ་ཤིས་དབང་འདུད་ཀྱི་དྲི་ལན་དེ་ཚོ། ཁ་གསལ་བ་དང་གཏིང་ཚུགས་པ། དངོས་ཡོད་དང་ཐག་ཉེ་བ་བཅས་འདུག་བསམ་སོང་། སྤྱི་ཡོངས་ནས། བློ་བཟང་སེང་གེས་ལྟ་གྲུབ་འདྲ་འཁྱེར་ནས་དྲི་ལན་གནང་སོང་། བཀྲས་མཐོང་གིས་དེ་འདྲ་ཞིག་ཡག་ག་མེད་འགྲོ་ཟེར་བཞིན་དྲི་ལན་གནང་སོང་། བཀྲ་ཤིས་དབང་འདུས་ཀྱིས་འདི་ལས་ལྷག་ཅིག་བྱེད་རྒྱུ་ཡོད་མ་རེད་ཟེར་བཞིན་དྲི་ལན་གནང་སོང་།
མི་མང་གི་དྲི་བ་གཏོང་མཁན་ཚོའི་ཁྲོད་ནས། བྷོ་སི་ཀྲོན་གྱི་མི་གཅིག་གིས་བློ་བཟང་སེང་གེ་འཇུས་སོང་། དེ་ནི་ཉེ་ཆར་ཀུན་གླེང་ཐོག། བློ་བཟང་སེང་གེས་ང་ལ་བྷོ་སི་ཀྲོན་གྱི་མི་མང་གིས་རྒྱབ་སྐྱོར་ཡོད་ཟེར་བའི་སྐད་ཆ་དེ་དང་འབྲེལ་བ་འདུག དྲི་བ་གཏོང་མཁན་དེས། བློ་སེང་ལ་རྒྱབ་སྐྱོར་གྱི་ཡིག་ཆ་དེར་ས་ཡིག་རྒྱག་མཁན་མི་ལྔ་བཅུ་མ་གཏོགས་མི་འདུག་ཚུལ་དང་། བྷོ་སི་ཀྲོན་ཏུ་བོད་རིགས་དྲུག་བརྒྱ་ལྷག་ཡོད་པ་གཉིས་དཀྱིས་གཅིག་ལ་བཞག་ནས་བློ་སེང་ཅུང་ཙམ་བཙུར་སོང་། ཡང་དྲི་བ་གཏོང་མཁན་གཞན་ཞིག་གིས། བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་གཉིས་ཅུང་བཙུར་སོང་། དེ་ལ་བཀྲས་མཐོང་གིས་དྲི་ལན་མཁས་པོ་ཞིག་གནང་སོང་། བཀྲ་ཤིས་དབང་འདུད་ཀྱིས་དྲི་ལན་མེད་གསུངས་སོང་། གནད་དོན་གཞན་ཞིག་ལ།
གཙོ་སྐྱོང་བས་དུས་ཚོད་འཕྲོ་བརླག་ལ་མ་གཏོང་ཟེར་གིན་ཟེར་གིན། དྲི་བ་གཅིག་དེ་བགྲོ་གླེང་བ་རེ་རེར་བསྐྱར་འདྲི་བྱས་ནས་དུས་ཚོད་གང་འཚམ་ཟོས་སོང་། དྲི་བ་ཁ་ཤས་ལ་འགྲེལ་བཤད་འདྲ་ཡང་བརྒྱབ་ནས་འགོར་སོང་། འོན་ཀྱང་། བགྲོ་གླེང་བ་ཚོའི་དྲི་ལན་གྱི་དུས་ཚོད་ལ་གཙོ་སྐྱོང་བས་སྟངས་འཛིན་གང་འཚམ་ཡག་པོ་གནང་སོང་།
མཇུག་སྡོམ་གསུང་བཤད་ཀྱི་སྐབས་སུ། བཀྲ་ཤིས་དབང་འདུས་ཀྱིས་། བགྲོ་གླེང་བ་ཚོའི་རྒྱབ་སྐྱོར་རྣམ་པས། ནང་ཁུལ་དུ་གླེང་རྙོག་མ་བཟོ་རོགས་ཞེས་རེ་སྐུལ་བྱས་སོང་། དེ་ལ་མི་མང་གིས་དགའ་བསུ་ཆེན་པོ་གནང་སོང་། བཀྲས་མཐོང་གིས་ཀྱང་དེ་འདྲ་བ་ཞིག་བཤད་སོང་། བློ་བཟང་སེང་གེས། མི་མང་གིས་གཞོན་པ་ཞིག་འདེམས་དང་རྒན་པ་ཞིག་འདེམས་བསམ་བློ་གཏོང་དགོས་རེད་ཟེར་བ་འདྲ་བའི་ཚིག་འགའ་མི་མང་ཁྲོད་གཡུགས་སོང་། དེ་ལ་མི་མང་ནང་སྐད་ཅོར་རྒྱག་མཁན་བྱུང་སོང་། ཕལ་ཆེར་རྒྱབ་སྐྱོར་མེད་ཟེར་བའི་བརྡ་རྟགས་ཡིན་པ་འདྲ།
འདི་ཉིན་ཐོའི་ངོ་བོ་མ་གཏོགས་དབྱེ་ཞིབ་ཀྱི་ངོ་བོར་བྲིས་མེད། ཉིན་ཐོ་འདི་གང་བྱུང་བ་དེ་ཚོ་མཉམ་གཅིག་ཏུ་བསྒྲིགས་པ་ལྟ་བུ་ཞིག་ཡིན།
ཆབ་སྲིད་ཡིན་ན་འདིས་མི་ཉན་གི ཁ་སྔོན་ཞིག་ལ་བློ་སེང་ཅིག་ཨེ་དྲག་བསམས་སོང་ཡང་ད་ནི་བཀྲིས་དབང་འདུས་ཨེ་དྲགས་བསམ་གིན་འདུག ཁྱོད་ཚོས་ངའི་ཁ་ལ་ཉན་ན་བློ་སེང་ཕྱི་ཡི་བཀའ་བློན་དང་བཀྲས་མཐོང་ནང་གི་བཀའ་བློན། བཀྲ་དབང་གསང་བའི་བཀའ་བློན་དུ་བསྐོ་རོགས་གནངས། སྐུ་མཁྱེན། ངས་ཚང་མ་འཆོར་གི་འཇུག་ན་མི་འདོད་ཀི་ཡ།
རྒན་ཀླུ་སྨྱོན་ལགས་ཀྱིས་འདྲ་བོ་གསུངས་འདུག ཧ་ཧ།
ཙཱ་རི་བ་བཀྲ་ཤིས་དབང་འདུད་ལགས་རང་ཉིད་ལ་བཀའ་བློན་ཐོབ་རྒྱུའི་རེ་མེད་པ་ཤེས་བཞིན་དུ་འཚང་ག་རྒྱག་པའི་ཀུན་སློང་ཡག་པོ་ཞིག་རྩ་བ་ནས་མ་རེད། ཕལ་ཆེར་བཀྲས་མཐོང་ལ་བསམ་གནག་རེད་འདོད།
དེ་འདྲ་རང་ད་ཨེ་ཡིན། ང་ཚོར་མི་ཚེ་འདིར་སངས་རྒྱས་ཐོབ་རྒྱུའི་རེ་བ་ཕལ་ཆེར་མེད་པ་ཤེས་བཞིན་དུ་མ་ཎི་སྒྲོང་བཞིན་ཡོད་པ་མ་རེད་དམ། ཡིན་གཅིག་མིན་གཉིས་ཚེ་འདིར་སངས་རྒྱས་དགོས་སམ་ཡང་ན་མ་ཎི་བསྐྱུར་དགོས།
བཀའ་ཁྲི་འོས་གཞི་གསུམ་གྱི་བར་མི་དམངས་ནང་བགྲོ་གླེང་གནང་བར་ཡག། བགྲོ་གླེང་གཙོ་སྐྱོང་བའི་ངོས་ནས་དྲི་བར་
འདོད་པ་འགྲོ་མ་སོང་། གང་ཡིན་ཞེ་ན་ཁོང་རང་གིས་རྒྱུན་དུ་དྲི་བ་དེ་རང་མ་གཏོགས་མི་འདུག། ད་དུང་ཡང་དྲི་ལེན་ལས་དྲི་བའི་དུས་ཚད་མང་བ་སྤྱོད་ཀྱི་འདུག། མ་གཞི་དེ་ནི་ཀརྨ་རྒྱལ་མཚོ་ཡིས་བགྲོ་གླེང་གི་གཤེས་ཀ་ཞིག་རེད། རྒྱུན་དུ་ཁོང་གི་གསར་འགྱུར་བགྲོ་གླེང་སྐབས་སུ་གསར་འགོད་པའི་དྲོ་བ་་རྩ་བ་ནས་མེད་ཤོག་རྟོག་དང་ཡང་ན་རང་ཉིད་བསམ་ཚུལ་གཙོ་འདོན་གནང་མཁན་ཞིག་རེད། མི་རྒན་ལ་བཅོས་སྒྲུར་དཀའ་ཡང་དེའི་སྐོར་བསམ་བློ་ཅུང་ཟད་གཏོང་ན་ཅི་མི་ལེགས་སོ།
རིག་འབྱུང་གིས་ངེད་ཚོར་བགྲོ་གླེང་འདི་བསྟན་པ་ལ་ཐུགས་རྗེ་ཆེ།
བཀྲིས་དབང་འདུས་ལགས་དང་བཀྲས་མཐོང་གཉིས་ལ་ངོ་མ་ཉམས་མྱོང་འདུག ཁོང་གཉིས་མི་ཡང་བཟང་པོ་རེད་འདུག གཉིས་ཀ་མི་བརྟན་པོ། འཇོན་པོ། ད་དུང་གཞུང་སེམས་དག་པོ་རེད།
ཡིན་ནའང་། བོད་ཀྱི་མི་རབས་གསར་པ་ཚོས་བོད་མིའི་འགན་ལེན་པའི་དུས་ཚོད་རེད། ཕྱིས་དྲག་མེད་ནའང་། སྔ་དྲག་མེད། དེར་བརྟེན་བློ་སེང་དང་ན་གཞོན་ཚོ་ཡར་འགྲོ་དགོས་འདུག
འདི་ནས་བརྩི་པའི་ལོ་བཅུའི་ནང་རྒྱལ་བ་རིན་པོ་ཆེ་དགུང་གྲངས་༨༧ཙམ་ལ་ཕེབས་ཀྱི་ཡོད། བཀྲ་ཤིས་དབང་འདུས་དང་བཀྲས་མཐོང་གཉིས་ཀ་ལོ་༧༠ནང་ལ་ཕེབས་ཀྱི་ཡོད།
དེའི་སྐབས་ལ་རྒྱལ་དབང་མཆོག་སྐུ་ཞིང་ལ་ཕེབས་ན། ན་གཞོན་ཚོས་རྒྱུན་མཐུད་ནས་བོད་ཀྱི་གདོང་ལེན་བྱེད་པའི་གོ་སྐབས་ཤོར་འཚར་བ་རེད། དེ་དུས་གཞི་ནས་བསམ་བློ་འཁོར་གྱི་རེད། འ་ཙི་ད་ག་འདྲ་བྱེད་དམ་ཟེར་དུས་ཕྱིས་དྲག་འཚར་པ་རེད།
ད་ལྟ་ནས་བསམ་བློ་འདི་བཏང་ནས་ན་གཞོན་ཚོར་གོ་སྐབས་སྤྲོད་པ་འདི་ང་ཚོའི་ལས་འགན་ནང་ནས་ཨང་དང་པོ་དེ་རེད། འདི་བློ་སེང་གི་འཇོན་ཐང་དང་ནུས་པ་ལ་འབྲེལ་བ་ཆེན་པོ་མེད། གཙོ་བོ་ཁོ་ན་གཞོན་ཤེས་ཡོན་ཅན་ཞིག་ལ་སྦྱོང་བརྡར་སྤྲད་ནས་བོད་མིའི་འཐབ་བརྩོད་མུད་མཐུད་སྤེལ་བའི་བྱ་བ་བརྩམས་དགོས།
དོན་འདི་ལ་བརྟེན་ནས་ད་རེས་ང་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། མ་གཞི་ནས་ང་བློ་སེང་སྣང་བ་འགྲོ་གི་མིན་འདུག
ཁོ་ཁམས་ཕྲུག་ཀྲོག་ཀྲོག་ཚ་པོ་དང་། ཁ་བདེ་པོ། མཚམས་རེ་མགོ་བདེ་པོ་ཡང་འདུག ཡིན་ནའང་། ང་ཚོ་བོད་མིའི་མ་འོངས་པའི་མདུན་ལམ་ལ་བསམས་ནས་ཁོ་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། བཀའ་ཁྲིའི་ལས་གནས་འདིའི་སྟེང་ནས་བློ་སེང་ཉམས་མྱོང་གསོག་པ་དང་སྦྲགས་མི་ངོ་མ་ཞིག་ཆག་རྒྱུར་རེ་བ་རྒྱག་གི་ཡོད།
འདི་ཡིན། ཨ་ཁུ་ཀླུ་སྨྱོན་གྱིས་བཤད་པ་ལྟར་སངས་རྒྱས་ཀྱི་མེད་པ་ཤེས་བཞིན་དུ་མ་ནི་བགྲང་གི་ཡིན། ད་དུང་། དོ་དགོངས་དགའ་མོ་འདིས་རྣམ་འགྱུར་ལེགས་ཙམ་སྟོན་སྟངས་ལ་བལྟས་ན་ཞིམ་པོ་ཞིག་ཀྱང་རག་ས་རེད་བསམས་ནས་རེ་བ་ཡང་ཡག་ས་ནས་རྒྱག་གི་ཡོད།
བགྲོ་གླེང་ཡག་པོ་གནང་ཡོད་པ་འདྲ། གང་ལྟར་འཁྲུག་ཆ་ཞིག་འབྱུང་འདུག བློ་སེང་གིས་བསྐྱར་དུ་རང་ཉིད་ཤེས་ཡོན་དང་གོ་རྟོགས་ཆེ་ཚུལ་བཤད་ནས་བཀའ་ཁྲིའི་སྐུ་སྟེགས་ལ་རྔམས་ཡོད་པ་ཐག་ཆོད། བཀྲས་མཐོང་གིས་དེ་འདྲ་མིན་འགྲོ་ཟེར་བ་དང༌། ལས་སླ་པོ་ཡོད་མ་རེད་ཟེར་བཞིན་མཐའ་མའི་ཐག་གཅོད་མི་མང་གིས་གནང་དགོས་པའི་བརྡ་ཞིག་སྤྲད་ནས་ཡང་དག་པའི་དམངས་གཙོའི་ཕྱོགས་སུ་འགྲོ་གང་ཐུག་བྱེད་ཡོད་ཤས་ཆེ། བཀྲ་དབང་གིས་རང་ཉིད་རང་ཚུགས་ཐོག་ཡོང་ཡོད་ཚུལ་གྱིས་གང་ལྟར་བློ་སེང་དང་བཀྲས་མཐོང་གཉིས་ཀྱི་འོས་ཤོག་ཁ་ཐོར་དགུ་ཐོར་འགྲོ་རྒྱུའི་ཐབས་ཤེས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་ཡོད་པ་ཐག་ཆོད་ཆོག།
པར་རིས་ལ་བལྟས་ན་ཨ་རིའི་ནང་ཡོད་པའི་བོད་པ་ཚོས་ཐེངས་འདིའི་བཀའ་ཁྲིའི་བགྲོ་གླེང་ལ་དོ་སྣང་ཧ་ཅང་ཆེ་ཚུལ་ཞིག་མངོན་འདུག མ་ཟད་ཉིན་ཐོ་བྲིས་པ་པོས་མི་དམངས་ཆིག་སྟོང་ལྷག་ཚང་འཛོམས་བྱུང་ཡོད་རབས་བཤད་འདུག འོན་ཀྱང་མི་མང་གི་ངོ་བོའི་ཐོག་ནས་ཉིན་ཐོའི་གནས་ཚུལ་ལ་མ་འདང་ས་མང་པོ་ཡོད་ཀི། རྒན་རབས་དང་གཞོན་སྐྱེ་བའི་གྲངས་ཚད། ད་དུང་བུད་མེད་ཀྱི་ཆ་ཤས་ག་འདྲ་ལེན་ཐུབ་ཡོད་མེད་སོགས་ནི་ཉིན་ཐོའི་ཞན་ཆ་ཤིག་རེད་སྙམ། འདི་ཐོག་གནས་ཚུལ་བསྐྱར་བཤད་ཐུབ་ཚེ་དགའ་བསུ་ཡོད།
བློ་སེང་གིས་མ་འདས་སྤྲུལ་སྐུའི་སྐོར་ལ་མང་པོ་ཞིག་བཤད་སོང་ཟེར། དེ་ནི་ཁོ་དང་འཇུ་ཆེན་གྱི་འདོད་པ་ཀརྨ་བ་ཚང་རྒྱལ་བ་རིན་པོ་ཆེ་ཚབ་ལ་འཇོག་འདོད་པ་རེད། འདི་ནི་ལོ་བཅུའི་སྔོན་ལ་ཕྲ་ཕྲུག་ངག་དབང་གིས་ཆུ་ལྒང་གི་རྙོག་ཁྲའི་སྐབས་བཤད་པའི་སྐད་ཆ་་་འཇུ་ཆེན་གྱིས་ཀརྨ་བ་བོད་ནས་ཁྲིད་ཡོང་ནས་རྒྱལ་བ་རིན་པོ་ཚབ་ལ་བཞག་ནས་ཁོ་རང་བཀའ་ཁྲི་ལ་འདུག་བསམ་གི་ཡོད་པ་རེད་ཟེར་བའི་ལུང་བསྟན་རང་རེད། བློ་སེང་གིས་ཁོ་བོ་ཨོ་བྷ་ཡིན་ཟེར་གི་ཡོད་པ་རེད། ཨོ་བྷ་མས་མ་ཐྲིན་ལོ་ཐར་ཁེན་གི་རྨི་ལམ་མངོན་གྱུར་བྱུང་སོང་ཟེར་གི་ཡོད་པ་རེད། བློ་སེང་གིས་ལོ་ངོ་བཞི་བཅུའི་ཡར་སྔོན་གྱི་ཀརྨ་བ་ཚང་འཇུ་ཆེན་སོགས་ཚོགས་པ་བཅུ་གསུམ་གྱི་མགོ་ཁྲིད་བྱས་ནས་བཙན་བྱོལ་བོད་གཞུང་གཞན་པ་ཞིག་འཛུགས་འདོད་ཀྱི་རྨི་ལམ་མངོན་གྱུར་བྱེད་བསམ་གི་ཡོད་པ་རེད། སྐབས་འདིར་ཆུ་ལྒང་གིས་ས་འོག་དར་སྐུད་ལས་གྲོས་འཚོགས་འཐུས་མི་ཉི་ཤུ་ལྷག་སླེབ་པར་ཚོད་དཔག་བྱེད་གི་ཡོད་པ་དང། འཇུ་ཆེན་དང་ཀརྨ་ཆོས་འཕེལ་་སོགས་ལྷན་ལ་ཀརྨ་བའི་དགུ་བརྒྱའི་དྲན་གསོ་བསྡུས་བ་ལ་གོ་བ་དང་དཔྱད་པ་མང་པོ་ཡོད།
xxxxxxxxxxxxxxxxx
དེང་སང་སྲིད་དོན་པ་ཁ་ཤས་ཀྱི་འདི་འདྲའི་ཚོད་དཔག་ཞིག་བྱེད་ཀྱི་འདུག
བཀྲིས་དབང་འདུས་དང་རྒྱ་རི་སྒྲོལ་མ་ནི་བློ་སེང་གི་ལས་རོགས་བཀའ་བློན་ཡིན་ཁར།བློ་སེང་གིས་རབ་རིབ་ངང་བདེ་སྲུང་བཀའ་བློན་མཆོག་གི་ཤུགས་རྐྱེན་ལ་དམིགས་འཛུགས་བྱས་པ་ནི་དངོས་གནས་སྲིད་དོན་གྱི་རྩེད་མོ་འགྲན་མེད་ཅིག་རེད་ཟེར།
ཡང་ཁ་ཤས་ཀྱིས།བཀྲས་མཐོང་མེད་ན་བཀྲིས་དབང་འདུས་ཀྱིས་བློ་སེང་གི་འགྲན་རྩོད་འོས་ཤོག་བརྒྱ་ཆའི་ཚད་ངེས་ཅན་རེག་སྲིད་པར་བཤད་པ་དང།
བཀྲས་མཐོང་དང་བཀྲས་མཐོང་གི་རྒྱབ་སྐྱོར་བས་རེ་བ་སྟེ།སྔོན་འགྲོའི་འོས་བསྡུའི་རྗེས་བཀྲིས་དབང་འདུས་དགོངས་ཞུ་མ་གནང་བ་ནི་གྱོང་གུད་ཆེན་པོ་ཞིག་བརྩི་བཞིན་འདུག་ཟེར།
འོ་ན།ང་ཚོའི་བཀའ་ཁྲི་ནི་བསམ་ཚུལ་གྱི་སྤུས་ཀ་གང་འདྲ་ཞིག་དང།འོས་ཤོག་གི་ལྷག་རླུང་གང་འདྲ་ཞིག་གིས་ཁྱེར་གྱི་ཡིན་ནམ།
མ་གཞི་ནས།ཁོང་ཚོ་གསུམ་ལ་འོས་ཤོག་འཕེན་སྟངས་དེ་ཤུགས་དང་ཕྱོགས་གང་འདྲ་ཞིག་གིས་ཁྱེར་འགྲོ་འམ།
གསལ་བཤད་གཉིས་ཞུ་གི་ཡིན།
དང་པོ།
ཁ་སང་གི་དྲི་བ་དེ་ཚོ་ཀརྨ་རྒྱ་མཚོ་སྒེར་ངོས་ནས་བཟོས་བ་རེད་མི་འདུག དེ་ཚོ་བགྲོ་གླེང་བཀོད་སྒྲིག་གནང་མཁན་ཚང་མས་མཉམ་རུབ་ཀྱིས་བཟོས་བ་ཡིན་གསུངས་སོང་།
དེ་བདེན་ཤས་ཆེ་བ་འདུག དྲི་བ་ཁ་ཤས་ཁམས་པའི་མིས་བཟོས་བ་འདྲ་བོ། ཁ་ཤས་ཨ་མདོའི་དྲི་བ་གཏོང་སྟངས། ཁ་ཤས་དབུས་གཙང་གི་འདྲ་བོ་འདུག
གཉིས།
ཚོགས་ཁང་དེའི་ཤོང་ཚད་མི་ཆིག་སྟོང་ཙམ་ཡིན་པ་འདྲ། འོན་ཀྱང་། ཁ་སང་གི་བགྲོ་གླེང་ལ་རྒན་པ་དང་གཞོན་པ། བུད་མེད་སོགས་ག་ཚོད་ཡོད་མེད་རེ་རེ་བཞིན་བརྩི་མཁན་མི་འདུག
རྩིས་ལེན་མཁན་ཡང་མི་འདུག ང་ལ་ཡང་དེ་ཚོ་བརྩི་རྒྱུའི་དུས་ཚོད་རག་མ་སོང་། དེ་ཙམ་ཡིན།
བློ་སེང་གིས་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་ལ་དཔྱད་རྩོམ་ཞིག་བྲིས་ཡོད་པ་རེད་ཟེར།
དེའི་བཅའ་འདྲི་ཞུ་ཡུལ་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྐུ་སྒེར་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཡིན་ཞེས་བཤད་འདུག
དཔྱད་རྩོམ་དེར་ཁོང་གི་སློབ་གྲྭས་བདག་པོ་བརྒྱབས་པ་ཙམ་དུ་མ་ཟད།མཐོང་ཆེན་གནང་ཚུལ་ཡང་གསུངས་འདུག།དེའི་རྐྱེན་དཔྱད་རྩོམ་དེ་བོད་མི་ཚོའི་མིག་ལམ་དུ་གྱུར་ན་ཁོང་གིས་མི་རིགས་ཤིག་མང་གཙོར་ཕྱོགས་པའི་བྱུང་བ་ཅི་འདྲ་ཞིག་བྲིས་ཡོད་མེད་དེ་ལྟ་ས་ཅིག་རེད་འདོད་པས།རིག་འབྱུང་ལགས་སུ་དེ་ཅིག་བསྒྱུར་ཐུབ་བམ་ཞེས་འདྲི་ཉན་སྤྲོ་སོང།
དེ་ཙམ་ཡིན།
ང་ནི་མ་ཎི་རེ་སྒྲོང་བཞིན་གཉིད་ཁུག་གི་ཡིན་ལགས། སྡེ་བ་གཞུང་གི་ཇུས་གཏོགས་དེ་སྡེ་སྲིད་མགོ་སེར་ཞིག་གིས་བྱས་ཀྱང་ཁྱད་པར་དེ་ཙམ་མེད། གཙོ་བོ་ལྟོགས་མི་ཉན་གི གྲང་མི་ཉན་གི ན་མི་ཉན་གི ཚ་མི་ཉན་གི
སྔོན་འགྲོའི་འོས་གཞིའི་སྐབས་སུ་བཀྲས་མཐོང་དང་བཀྲིས་དབང་འདུས་གཉིས་ཡོངས་སུ་ཕམ་ཡོད་ཀྱང་། རྡ་སའི་རྒན་པོ་ཉམས་མྱོང་ཅན་ལ་ལས་དེ་ནི་བློ་སེང་ལ་ཡག་རྟགས་ཤིག་ཁྱོན་ནས་མིན་ཟེར་གྱི་ཡོད། གང་ལྟར་སྔོན་འགྲོའི་སྐབས་བཀྲིས་དབང་འདུས་དམའ་ཤོས་ཡིན་ཡང་། བཙན་བྱོལ་གྱི་གཞིས་ཆགས་ཁག་དང་གཞུང་ལས་རྣམས་ཀྱིས་ཁོང་ལ་བསྐྱར་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། མདོར་བསྡུས་ན་དངོས་གཞིའི་སྐབས་སུ་སུ་ཕམ་སུ་རྒྱལ་གྱི་དབྱེ་བ་ད་ལྟ་ད་དུང་གཅོད་མི་ནུས་པར་གནས་ཡོད། འདི་ནི་འོས་བསྡུའི་གསང་བ་ཞིག་ཀྱང་ཡིན་པར་བརྗོད།
བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་ལྷོད་ལྷོད་བྱས་ནས་ད་ནི་རེ་བ་ཡོངས་སུ་ཁེངས་པའི་རྣམ་པ་བསྟན་ཡོད་ཀྱང་། བཀྲས་མཐོང་དང་བཀྲིས་དབང་འདུས་གཉིས་ཧོབ་སྟེ་སྒང་ལ་སླེབས་པའི་ཉེན་ཁ་ཤིན་ཏུ་ཆེ་བའི་སྐོར་ཆབ་སྲིད་ལ་དོ་སྣང་དང་མཁྱེན་རྒྱ་ཡངས་མཁན་ལ་ལས་གསུང་གི་འདུག
རྡོག་རྡོག་གོང་དུ་རྟོགས་ལྡན་ཀླུ་སྨྱོན་གྱིས་གསུང་བ་བཞིན། མི་འདི་གསུམ་ཆ་གཅིག་ལས་གཅིག་ཡག་པ་དང་གཅིག་ལས་གཅིག་མཁོ་བ་རྐྱང་ཡིན་པ་དང་། དེའི་ནང་ནས་སྐུ་ངོ་བཀྲིས་དབང་འདུས་ནི་དེ་བས་ཀྱང་རང་རེ་རྣམས་ལ་བཀྲིན་ཆེ་བ་དང་བྱས་རྗེས་ཡོད་པ། དམིགས་དཔེར་འཛིན་འོས་པའི་མི་སྣ་རླབས་ཆེན་ཞིག་ཡིན་པ་བཙན་བྱོལ་གཞུང་ལ་རྒྱུས་མངའ་ཡོད་པ་ཚོས་གླེང་། གང་ལྟར་ད་རེའི་བགྲོ་གླེང་ལ་ཞུགས་པའི་མི་སྣ་འདི་གསུམ་ཆ་གངས་ཅན་སྐྱིད་གཞུང་གི་ར་བར་སླེབས་ཐུབ་ན་སྙམ་པའི་རེ་བའི་རྨི་ལམ་དེ་ཡོད་དོ།།
འོས་མི་རྣམས་གྲྭ་ས་ཁག་ལ་བགྲོ་གླེང་དུ་མ་སོང་ན་ཡག་པོ་ཡོད་རེད། སོང་ནའང་འགྲོ་སོང་དང་ཆུ་ཚོད་འཕྲོ་བརླག་རེད། གྲྭ་བ་ཚོས་གནས་ལུགས་ལ་ཉན་ཤེས་བསམ་ཤེས་བྱེད་ཀི་མ་རེད། ཁོ་ཚོས་སེམས་ནང་ན་དམིགས་ཡུལ་རེ་ཡོད་པ་དེ་འགྲུབ་ཆེད། ལས་རྒྱུ་འཁྲབ་རྒྱུ་ཡོད་ཚད་བསྒྲུབ་ཀི་རེད་མ་གཏོགས། སུ་ཞིག་ལ་ཤེས་མྱོང་ཡོད་མེད་ལ་རྩད་གཅོད་གཏོང་གི་མ་རེད། གྲྭ་བ་ཚོའི་ཀླད་པ་རྡོ་དང་གཅིག་པ་རེད། འབྲེལ་བ་བྱས་མ་བྱས་ཡོད་མ་རེད། ཁོ་རང་ཚོས་ག་རེ་ལས་ན་དེ་ག་རང་ལས་བཅུག་ནས་བཞག་འཇོག་པ་ལས་ཡོད་མ་རེད། གྲྭ་བ་ཚོས་དྲི་བ་འདྲི་དུས་ཀྱང་ངོ་ཚ་ཚེར་སྣང་སྤུ་ཙམ་བསྟེན་ཤེས་ཀྱི་མི་འདུག ཁོ་ཚོ་བགྲོ་གླེང་ཞུགས་ནའང་རང་ཉིད་མི་དགའ་སའི་མི་དེ་ནག་པོ་བཟོ་རྒྱུར་འཆང་ཡངོ་གི་འདུག འཛེམ་མེད་བྱེད་ཀྱི་འདུག
རྡོ་སྐུའི་མི་རྣམས་ནང་དུ་འདྲེན་པ་ལས།།
ལུང་སྟོང་འུག་པ་འབབ་སར་བཞག་ན་དགའ།།
ཕྱོགས་ཆད་གྲྭ་བར་གནས་ལུགས་བགྲང་བ་ལས།།
ལྷོ་ཕྱོགས་རྒྱ་མཚོའི་མཐའ་ནས་བརྗེད་ན་དགའ།།
ཨ་ཁུ་ཀླུ་སྨྱོན་དང་གནམ་ལྕགས་ལགས་གཉིས་ཀྱི་བཤད་པ་ལྟར། ཁོང་ཚོ་གསུམ་པོར་བཙན་བྱོལ་བོད་གཞུང་གི་ཆས་མཐོའི་དཔོན་རིགས་སུ་བྱོན་པར་ཤོག སུ་ཕམ་སུ་རྒྱལ་མེད། བོད་རྒྱལ་ཁབ་ཆེན་མོར་སླར་ཡང་མངའ་ཐང་རྒྱས་པར་ཤོག བོད་མིའི་བསམ་དོན་འགྲུབ་པར་ཤོག བོད་རྒྱལ་ལོ།།
ངའི་རེ་བའི་རྨི་ལམ་ནང་གི་བཀའ་ཤག་ལྷན་ཚོགས་ནི། རྒྱ་རི་སྒྲོལ་མ་ནང་སྲིད་བཀའ་བློན། བློ་བཟང་སེང་གེ་ཕྱི་སྲིད་བཀའ་བློན། བཀྲ་ཤིས་དབང་འདུས་བདེ་སྲུང་བཀའ་བློན། བློ་བཟང་སྦྱིན་པ་ཆོས་དོན་བཀའ་བློན། ཀརྨ་དགེ་ལེགས་ཤེས་རིག་བཀའ་བློན། འཆི་མེད་རིག་འཛིན་ཆོས་སྐྱབས་པ་འཕྲོད་བསྟེན་བཀའ་བློན། བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་འོས་པོ་འདུག གཞན་རྣམས་ལ་དགོངས་དག་ཞུ། འདི་ནི་ང་ལ་ཡོད་པའི་འོས་ཤོག་ཡིན།
དྲ་གྲོགས་ཚོའི་སོ་སོའི་རང་དབང་རྣམ་སྤྱོད་ཀྱིས་བསམ་ཚུལ་གླེང་མོ་མང་དག་གནང་བ་དགའ་བསུ་ཞུ་།
ང་ཚོའི་མ་འོང་བཀའ་ཁྲི་དེ་སུ་སླེབས་མིན་ད་ལྟར་ང་ཚོའི་ལག་དུ་ཡོད་པས་ཡིད་གཟབ་གནང་གལ་ཆེ་བ་ཤིན་དུ་ནས་མཐོང་། གཏམ་དཔེར་ཞིག་ལ་ ་་ བསམ་བློ་སྔོན་ནས་བཏང་ན་མཁས་པ་དང་། འགྱོད་པ་རྗེས་སུ་སྐྱོ་བ་བློན་པོ་ཡིན་ཟེར་བ་བཞིན་ནོ་།
ངེས་པར་དུ་བསམ་དགོས་པ་ཞིག་ལ་སྐབས་གཉིས་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་གསར་འགོད་པ་ཞིག་གི་དྲི་ལན་དུ་༸གོང་ས་མཆོག་གིས་འདི་ལྟར་གསུང་མྱོང་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་ཅན་ཞིག་ལ་རེ་བ་བྱས་ཀྱང་སྟབས་མ་ལེགས་པ་ཞིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་བདམས་འདུག་གསུང་པ་དང་།
དེའི་རྗེས་སུ་ཡང་གསར་འགོད་པ་ཞིག་གི་དྲི་ལན་དུ་ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་ཅན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་། ཅེས་གོང་ས་མཆོག་གིས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཞིག་ལ་ཐུགས་རེ་གནང་བའི་་གསལ་ཁ་དེ་། ང་ཚོའི་ཐུགས་ལ་ངེས་པར་དུ་བཞག་དགོས་།
མ་ཚད་ཡང་གཞིས་བྱེས་གཉིས་ཀའི་རེ་འདུན་བྱས་ས་ཞིག་བདེམས་གལ་ཆེ་བ་མཐོང་ངོ་།
སྐུ་ངོ་བཀྲས་དབང་མཆོག་གི་གདོང་རིས་གཞི་ནས་གསལ་སོང་། ང་ལྟ་བུར་མཚོན་ན་བཀྲས་དབང་མཆོག་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཀྱང་ད་ཐེངས་ཁོང་གིས་ཡ་མ་གཟུགས་ཀྱིས་གནང་སྟངས་དེ་རང་ནས་ཁོང་གི་འདས། མ་འོངས། ད་ལྟའི་གནས་བབ་ཡོངས་སུ་རྟོགས་སོང་།xxxxxxxxxxxxxx
very good
བསྟན་འཛིན་འཕགས་པས་བཤད་པའི་སྐད་ཆ་ཚང་མ་བརྫུས་མ་རེད། ༸གོང་ས་མཆོག་གིས་དེ་ལྟར་ནམ་ཡང་གསུངས་མེད། ལྷག་དོན་མི་ཁ་ཤས་ཀྱིས་སྤྱི་ཚོགས་ནང་གཏམ་འཆལ་བཀྲམ་སྟེ་བློ་སེང་བཀའ་ཁྲིར་འཁོད་རྒྱུར་རྒྱ་ནག་གཞུང་གིས་ཞེད་སྣང་བྱེད་ཀྱི་ཡོད་པ་རེད་ཟེར་བ་དང་། བོད་ནང་གི་བོད་མི་རྣམས་ཀྱིས་བློ་སེང་བཀའ་ཁྲི་ཆགས་རྒྱུར་རྒྱབ་སྐྱོར་ཡོད་པ་རེད་ཟེར་བ་སོགས་རེད། ཧ་ཧ། ༸གོང་ས་མཆོག་ལྟ་བུ་འཛམ་གླིང་ནང་ཆེས་མཚན་སྙ་གྲགས་ཆེ་བའི་དབུ་ཁྲིད་གྲགས་ཅན་ཞིག་ལ་རྒྱ་ནག་གཞུང་གིས་བརྡ་ལན་གསལ་པོ་མ་བརྒྱབ་པར་གཡོལ་སྡོད་ཀྱི་འདུག་ན། བློ་སེང་ལྟ་བུ་ཞིག་ལ་ཞེད་རྒྱུ་བྱིས་པ་བསམ་མེད་ཀྱི་སྐད་ཆ་རང་རེད། ཞེད་ངོ་མ་བསྟན་རྣམ་བཀའ་ཁྲི་ཆགས་ན་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱབ་མི་ངམ་ངམ་སྙམ་སྟེ་རྒྱ་གཞུང་ཞེད་སྲིད་པ་ཞིག་རེད། རྒྱ་གཞུང་ནས་དུས་གཏན་དུ་སྤྱི་ཚོགས་རྙིང་པ་དང་སྐུ་དྲག་གཏོར་ཕམ་གཏོང་དགོས་ཞེས་ཤོད་ཀྱི་མི་འདུག་གམ བློ་སེང་འབྱོར་མེད་གྲལ་རིམ་གྱི་བུ་ཕྲུག་ཞིག་བཀའ་ཁྲི་ཆགས་ན་རྒྱ་མིས་བཤད་ལྟར་འབྱོར་མེད་རིམ་གྱིས་སྲིད་དབང་ཟིན་པ་རེད། དེ་རྒྱ་མི་ལ་དགོས་རྒྱུ་དེ་རེད། ག་དུས་ཡིན་ཀྱང་ནང་འགལ་གྱི་གཏམ་འཆལ་མ་བཀྲམ་རོགས།
ཕྱི་སྡོད་བོད་མིའི་མདུན་ལམ་དང་། བཙན་བྱོལ་གཞུང་གི་རྣམ་པ་གསར་དུ་བརྗེ་དགོས་ན་བློ་བཟང་སེངྒེ་འདེམས་དགོས། བོད་དང་བོད་གཞུང་གི་ཁ་མདོག་སྔར་བཞིན་མ་འགྱུར་བར་འདུག་དགོས་ན་བཀྲས་མཐོང་འདེམས། གཞན་བཤད་མི་དགོས་ནི་བྱོས།
འགའ་རེའི་ཟེར་ན། ༧གོང་ས་མཆོག་གིས་ལས་དགོངས་ཞུས་དུས་མཉམ་མྱོང་ཅན་ཞིག་མ་འདེམས་ན་སྒོ་ང་རྡོ་ལ་རྒྱག་པའི་སེམས་སྡུག་ཡོད་ཟེར། དཀའ་ངལ་བྱུང་ན་བཀྲས་མཐོང་གིས་ཡང་བསྐྱར་བཀའ་ཁྲི་བློས་གཏོང་བའི་ཉེན་ཁ་ཨེ་ཡོད་བསམ།
bbc ཟེར་བ་བོད་མིང་ཞིག་དེ་རིང་མ་ཏོག་གོ་ཐོས་མེད་ཧཧཧ་དགོད་གྲོ་བ་།
བླ་རྒན་མགོ་དཀར་དེ་ཡང་བསྐྱར་བདེམས་འདུག་ཟེར་བ་དེ་མཁས་དབང་ཟམ་གདོང་རིན་པོ་ཆེའི་ང་ལ་གོང་ས་མཆོག་གིས་འདི་ལྟར་གསུངས་མྱོང་ཞེས་སྐྱར་ཟློས་བྱེས་མྱོང་། ཁྱེད་ཤ་ཚར་གོང་ས་མཆོག་དང་ཟམ་གདོང་མཆོག་གིས་བཀའ་སློབ་གོ་མཐོས་མེད་པ་འདྲ་། ཁྱེད་ལས་ངན་རང་རེད་།
བོད་ནང་ནས་ཤེས་ལྡན་མི་སྣ་ཚོའི་མ་འོང་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་དགོས་ཟེར་བའི་སྡུག་སྐད་ཨེ་ཤ་ཡ་རང་དབང་རླུང་འཕྲན་སོགས་ནང་མང་དག་བཤད་ཡོད་པས་། ཁྱེད་ཡང་གཉེད་སྨན་ཟ་ནས་སྡོད་པ་འདྲ་། ད་དུང་རྒྱུ་མཚན་མང་དག་ཞིག་ཡོད་པས་ཁྱེད་ལ་བཤད་ན་ཕན་ཐོག་གང་ཡང་མ་མཐོང་།
རྒན་པོ་དུར་བདག་བཀྲ་ཤིས་དབང་འདུ་ཁྱོད་ཀྱི་འདི་ལ་བསམ་ཚུལ་ཅི་ཞིག་ཡོད།
བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།
ཀླུ་སྨྱོན་གྱིས་རྒྱ་མིས་བཤད་པ་ནང་བཞིན་བཤད་འདུག
དམངས་གཙོ་ཟེར་ནའང་འདྲ་དོན་དམ་ང་ཚོའི་མི་མང་ལ་ལྟོ་གོས་ཀྱིས་དཀའ་ངལ་མེད་རབས་དང་ཀྲུང་གོའི་མིང་རྣམས་བདེ་སྐྱིད་ཡོད་རབས་བཤད་ཀྱིན་ཡོད།
དེ་ཙམ་ག་ལ་འགྲིག་
འགྲོ་བ་མི་ཡི་ཐོབ་ཐང་སྟེ།
སྨྲ་བརྗོད་རང་དབང།
ཁྲིམས་གཏུགས་རང་དབང།
ཆོས་དད་རང་དབང།
ད་མང་པོ་མི་བཤད་རང་དབང་དེ་ཚོ་མེད་ན་ཁ་ལ་ཟས་དང་རྒྱབ་ལ་གོས་ཡོད་པ་ཙམ་གྱིས་ག་ན་འགྲིག
དྲྭ་གྲོགས་ཚོ། བསམ་ཚུལ་ཧ་ཅང་ལེགས་པོ་སྤེལ་འདུག བོད་རིགས་རྩམ་ཟན་ཞིག་གིས་འགན་འཁྱེར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མུ་འཐུད་འགོད་རོགས། ངས་བསམ་ཚུལ་ཞིག་བྲིས་འདོད་བྱུང། མ་འོངས་བཀའ་བློན་རྣམ་དཔྱོད་ཅན་སུ་ཞིག་ཕེབས་རུང་ཆོག་གིས། ཡིན་ཡང་ད་ཐེངས་སྔོན་འགྲོའི་འོས་གཞི་ཁྲོད་སླར་ཡང་སྤྱི་འཐུས་སྤྱོད་ངན་དེ་དག་ཐབས་ལམ་འདྲ་མིན་རྒྱུད་སླེབས་འདུག དཔེ་མཚོན་ནི། གཞུང་སེམས་ཞན་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་དབུས་གཙང་སྤྱི་འཐུས་ནང་ལངས་ན་འོས་ཐོབ་ཀྱིས་མེད་པ་ཤེས་པའི་ཐོག་ཆོས་རྒྱུད་ནང་ལངས་ལས་འོས་ཐོབ་འདུག ཁོང་ནི་དཔེ་མཚོན་ཙམ་ཡིན། འདོར་ན། མི་མང་ཚོས་དུས་ནམ་ཡང་དངོས་གཞི་འོས་བསྡུ་ཆེན་མོར་སྤྱི་འཐུས་འདེམས་པར་མགོ་རྨོངས་མི་རུང་། གལ་ཏེ་སྤྱི་འཐུས་སྔར་རྒྱུན་བཞིན་བགྲེས་སོང་དབུ་དཀར་སྤྱོད་ངན་དག་སླར་ཡང་འདེམས་ཚེ་བཀའ་ཁྲི་སུ་ཞིག་ཕེབས་རུང་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན་པས་ཐུགས་བསམ་བཞེས་རྒྱུ་གལ་ཆེའོ།
དྲྭ་གྲོགས་ཚོས་སྤྱི་འཐུས་སྐོར་མང་ཙམ་གླེང་ཐུབ་ན་དགེ་ཚན་ཆེ་བར་སྙམ།
ང་ཡང་ཅིག་ཤོད་འདོད་བྱུང་། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དེ་བོད་བཞུགས་ཤེས་ཡོན་ཅན་མང་པོའི་དགོངས་པ་མཐུན་པ་ཡིན་གསུངས་ཡོད་ཅིག་དྲན། ཡང་བོད་ནང་གཞིས་བཞུགས་ཚོས་རེ་བའི་མིག་འབུར་དེ་ཕྱི་ལོག་བོད་མིར་བལྟས་འདོད་ཡོད་པ་ཞིག་ཀྱང་སུམ་ཅུའི་དུས་དྲན་སྐབས་སུ་གསུངས་པ་ཡང་དྲན་བགྱིད་འདུག རྒྱལ་བ་རིན་པོ་ཆེའི་བཀའ་ལ་རྩིས་མཁན་ཅིག་ཡིན་ན། དགོངས་པ་བཞེངས་སྟངས་དང་བཀའ་མོལ་གནང་སྟངས་མ་ནོར་གནང་དགོས་འདུག ཡང་༧གོང་ས་མཆོག་གི་བཀའ་ལ་བརྩི་འདོད་མེད་ཟེར་མཁན་ཡིན་ན། རྔ་ལ་དཔག་པའི་འཆམ་ཕག་ཆོག་བགྱིད་རེད།
BBC I agree with you. Nobody can beat what Our H H did to us. Lobsang can do anything. He can sell Tibet to China.
Lobsang sangey is not my kalon tripa. I don’t care about his education. i am not considering him as Tibetan scholar. Samdong Rinpoche is a Tibetan scholar as well as international scholar.
ཨ་རོགས་ཚོ་བློ་སེང་གི་འཁྲམ་གཏམ་ལ་ཉོན་དང། ༢༠༠༦ བློ་སེང་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཤོར་གྱི་ཡོད་པས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།
རྣམ་རྒྱལ་ལགས་ཀྱི་དྲི་བ་ཁྱེད་ཀྱི་སྤྱི་ལོ་༢༠༠༨ལོར་ལི་ཐང་བརྟན་བཞུགས་སྐབས་ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིན་ཞེས་བརྗོད་རྒྱུ་མཚན་གང་ཡིན་ཞེས་དྲི་དུས་ཁོ་བས་ཕ་ལགས་བཤགས་སོང་ཞེས་ཚིག་ཉུག་ལུང་བ་གང་ཤོད་པ་ལས་ཁོང་གི་དྲི་བར་ལན་འདེབས་ཐུབ་ཀྱི་མི་འདུག་དེ་ནི་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ཞེས་པའི་དཔེ་ལྟར་སོང་འདུག ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་འདུག
ཨ་རོགས་ཚོ་བསམ་བློ་གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་། རང་ཅག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ལྷན་ཚོགས་འདི་ལ་ན་ནིང་རྒྱ་གཞུང་གི་འཇིག་སྐུལ་བ་རེད་ཞེས་དམོད་ཚིག་སྒྲོགས་པ་དང་། ཡང་ད་ལོ་རང་གི་རིག་གཞུང་ལ་ཀླད་སྟོང་བ་བློ་སེང་གིས་གཞོན་ལྷན་འདི་བོད་གཞུང་གི་ཁ་གཏད་རེད་ལྷན་ཚོགས་འདི་ནག་པོ་བཟོ་ཐབས་བྱེད་ཀྱི་འདུག རྒྱུ་མཚན་གང་ཡིན་ནམ།
༸གོང་ས་མཆོག་གི་རྒྱ་མི་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།
ཁོ་བར་དྲི་བ་ཞིག་འདུག་རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་མྱོང་པའི་མི་སྣ་འདེམས་པའི་དགོས་པའི་རྒྱུ་མཚན་གང།
ལེགས་བཤད་ལས། གོམས་ན་དཀའ་བར་མི་འགྱུར་ཏེ་ཞེས་གསུངས་པ་ལྟར་བློ་སེང་རྫུན་དང་རྒྱབ་འགལ་ཤོད་རྒྱུར་གོམས་པས་སོ།
བསྟན་འཕགས་ལགས་སུ་ཆེད་ཞུ། བཤད་ན་ཕན་ཐོགས་མེད་ཅེས་པ་དེ་གཏི་ཐུག་གི་སྐད་ཆ་རེད། བཤད་ནས་ཕན་ཐོགས་ཡོད། ཁྱོད་ཀྱིས་བཤད་པ་དེས་ང་ལ་ཕན་ཐོགས་བྱུང་། ༸གོང་ས་མཆོག་གིས་གསུངས་པ་ཟམ་གདོང་ནས་མཆོག་ནས་བསྐྱར་ཟློས་གནང་བ་དང་། ཨེ་ཤ་ཡའི་རླུང་འཕྲིན་ནས་བོད་བཞུགས་མི་སྣའི་བསམ་ཚུལ་བསྐྱར་བ་སོགས་ཁྱོད་ཀྱིས་བཤད་པ་དེས་ང་ལ་ཕན་ཡོད། ངས་ཡིད་ཆེས་གཙང་མ་བྱེད་མིན་མི་ཤེས་ཀྱང་། མ་མཐར་དཔྱད་གཞི་ལེགས་པོ་ཞིག་རག་པ་རེད། ལར་ནས་ཁྱེད་ཀྱིས་གོ་བ་ཚང་མ་ངས་གོ་བས་ཁྱབ་པ་མེད་ལ། ངས་གོ་བ་ཚང་མ་ཁྱེད་ཀྱིས་གོ་བས་ཁྱབ་ཀྱི་མེད། དེ་འདྲ་སོང་ཙང་བགྲོ་གླེང་གལ་ཆེན་པོ་ཡིན་པའི་གནད་འདི་མཁྱེན་དགོས།
དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ། ཚང་མས་བོད་ཀྱི་བདེན་དོན་ཆེད་བོད་ཀྱི་སྲིད་དོན་བསྐྱར་ཞིབ་པའི་དཔྱད་གཏམ་ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་པའི་དབྱིན་ཡིག་ངོ་མ་ལ་གཟིགས་དང། དེ་མིན་གོང་གི་བསྒྱུར་ཡིག་ལ་གཟིགས་ཀྱང་འཐུས། ཡག་པོ་བྱས་ཏེ་ཐེངས་འགའ་ཀློགས་དང་། ལྟད་མོ་ཆེན་པོ་འདིའི་ནང་འདུག་ལ་གནད་འགག་ཀྱང་ཤིན་ཏུ་ཆེན་པོ་འདུག འདི་ཆབ་སྲིད་ཀྱ་ིལྟ་ཚུལ་གཙོར་བཟུང་གི་ཡིག་ཆ་ཞིག་ཡིན་སྟབས་གོ་ཅུང་དཀའ་བ་དང་སྙན་པོ་མེད་ཀྱང་སྲིད། འོན་ཀྱང་གནད་དགག་འདུག བགྲོ་བགླེང་མང་ཙམ་གནང་རོགས། མཁྱེན་ལྡན་རྣམ་པ་ཚོ། རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གདོན་མི་ཟ། ལྷག་དོན་འགྱུར་གྱི་ཆུ་ཚད་ལའང་དཔྱད་དགོས་པ་གལ་ཆེ། འགྱུར་འདི་རིགས་མང་ཙམ་ཐོན་དགོས་པར་སྙམ། འགྱུར་གྱི་མཇུག་ཏུ་སྒྱུར་མཁན་གྱིས་ཁེངས་སྐྱུངས་གནང་འདུག་པས་དཔྱད་པ་གཏོང་རྒྱུ་གལ་ཆེ།
ཕྱི་ཟ྄ླ་དང་པོའི་ཚེས་༢ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བ྄ློན་ཁྲི་པའི་འོས་མིའི་ནང་བཞུགས་མཁན་གསུམ་གྱི་བགྲོ་ག྄ླེང་ཆ་ཚང་གཟིགས་ན། དྲ་ར྄ྒྱའི་ཁ་བྱང་འདིའི་ཐོག་ཆ་ཚང་མཐོང་ཐུབ།
http://tcnynj.org/
ངའི་བཙན་བྱོལ་བོད་གཞུང་གི་བཀག་ཤག་ནི། ས྄ྐུ་བཀྲས་མཐོང་བཀའ་ཁྲི་དང༌། བ྄ློ་བཟང་སེང་ག་ལགས་ཕྱི་ས྄ྲིད། ས྄ྐུ་བཀྲིས་དབང་འདུས་ལགས་ཤེས་རིག་ ར྄ྟའུ་བ྄ློ་བཟང་དཔལ་ལ྄ྡན་ལགས་འཕྲོད་བས྄ྟེན།
ས྄ྤྱི་འཐུས་ཚོགས་གཙོ་ས྄ྤེན་པ་ཚེ་རིང་ལགས་ནང་ས྄ྲིད། ་ས྄ྐོུ་བ྄ློ་བཟང་ས྄ྦྱིན་པ་ལགས་བདེ་སྲུང་བཅས་འོས་པོ་འདུག
ད་ལོ་བཀའ་བློན་ཁྲི་པ་དེ་མཁས་དབང་བློ་བཟང་སེངྒེ་མཚམས་ཤུས་རེད་འདུག་གང་ཡིན་ཟེར་ན་ བོད་ཀྱི་བདེན་དོན་ཆེད་བསམ་བློ་གཏོང་དང་བོད་ཀྱི་གཞོན་ནུ་ཚོ་ བོད་ནང་ནས་ཤེས་ལྡན་མི་སྣ་ཚོའི་མ་འོང་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་དགོས་ཟེར་ བཙན་བྱོལ་གཞུང་གི་རྣམ་པ་གསར་དུ་བརྗེ་དགོས་ན་བློ་བཟང་སེངྒེ་འདེམས་དགོས། བོད་རྒྱལ་ལོ་།
BBC ཞེས་པ་མི་རྫུན་མ་འདིའི་རིགས་ལ་གླེང་མོ་བྱེད་རིན་རྩ་བ་ནས་མེད། ཁོ་རང་གི་མིང་ཙམ་ཡང་དྲ་ཐོག་འདིར་
འགོད་ནུས་ཀྱི་མེད་པས་ཁོང་གི་སྐད་ཆ་རྫུན་མ་སྒྲོལ་འདོགས་དང་སྐུ་འདེབས་མ་གཏོགས་མེད་པ་དེས་གསལ།
ཁྱི་ཁ་གློང་ན་ཅག་དྲི་ལས་མེད། མི་འཆམས་ཁ་ནས་གཏམ་འཆར་ཞིག་ལས་ཡོད་དོ།
ཚང་མས་བགྲོ་གླེང་ཡག་པོ་གནང་འདུག་ལ་བཀའ་ཁྲིའི་འོས་མི་གསུམ་ལ་རྩི་བཀུར་ཡོད་། སྐབས་གསུམ་པའི་བཀའ་ཁྲི་དེ་བློ་བཟང་སེང་གེ་འོས་ཤོས་མཐོང་གི་འདུག་བྱས་ཙང་ངའི་འོས་ཤོག་ཅིག་པོ་དེ་བློ་སེང་ལ་བླུག་རྒྱུ་ཡིན་། རེ་འགས་བཀའ་ཟུར་བཀྲིས་དབང་འདུས་ལ་འདྲ་མི་འདྲ་བཤད་འདུག་དེ་ཡག་པོ་མ་རེད་། ཁོང་ནི་མི་ཚེ་ཆ་ཚང་ལྷག་བསམ་རྣམ་དག་གི་བོད་གཞུང་གི་ཕྱག་ལས་མཁན་ཞིག་རེད་།
བློ་སེང་ལས་ལྷག་པ་སུ་ཅིག་མི་འདུག་
བཀྲིས་
Karma Gyatso is acting like a sick and eighty year old man and he wasting a lot of time.Never ask this man do this kind of job again please please…
ནེའུ་ཡོག་ཏུ་བཀའ་བློན་ཁྲི་པའི་བགྲོ་གླེང་ཡག་པོ་བྱུང་ཡོད་པ་འདྲ། གཙོ་སྐྱོང་བ་ཀརྨ་རྡོ་རྗེས། གང་ཡིན་ན་མིན་ན་ངས་དེ་ཡིན་གཅིག་མིན་གཅིག་ཞུ་འདོད་བྱུང་ཞེས་པ་ནས་འགོ་བཙུགས་ཡོད་པ་ནི་ཐག་ཆོད། མང་འོངས་པར་བཀའ་ཁྲི་སུ་ཕེབས་ཀྱང་ཉམས་མྱོང་ཡོད་དགོས་པ་གལ་ཆེན་པོ་རེད་ལས་དོན་ཆེ་ཆུང་གང་བྱས་ཀྱང་ཉམས་མྱོང་ཡོད་པས་བྱས་པ་དང་། མེད་པས་བྱས་པ་མི་འདྲ་བ་ནི་མིག་མཐོང་ལག་ཟིན་རེད། དེ་ལྟར་རྒན་པ་རྣམས་ཀྱིས་ལས་སྣེ་གལ་ཆེ་ས་ནས་འཇུས་ཏེ་གཞོན་པ་རྣམས་ལ་ལམ་སྟོན་གནང་བཞིན་འགྲོ་བ་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་རེད། དམིགས་བསལ་ཆོ་ཁ་དང་། ཆོས་ལུགས་ཀྱི་ཕྱོགས་འཐེན་མེད་པར་ཆོལ་གསུམ་གོང་བུ་གཅིག་མཐུན་ཡོང་བ་གལ་ཆེ་བར་བརྟེན་དེ་སྔོན་སྤྱི་འཐུས་ནང་འཛིངས་རྒྱག་མཁན་བོད་མིའི་ཞབས་འདྲེན་དེ་འདྲ་ཡང་བསྐྱར་གྲལ་འགོར་མ་སླེབས་པ་སྔོན་འགོགས་བྱ་གལ་ཆེ་བར་མཐོང་།
སྡེ་ཚན་སོ་སོའི་བཀའ་བློན་རྣམས་ཆེད་ལས་པ་དགོས་རྒྱུའི་བསམ་ཚུལ་དེ་དངོས་གནས་གལ་ཆེན་པོ་འདུག། དེ་སྔ་ང་ཚོར་དེ་འདྲའི་ཤེས་ཡོན་ཅན་གྱི་མི་སྣ་མེད་པའི་སྐྱོན་གྱིས་ང་ཚོ་སྐྱབས་བཅོལ་བ་ཆགས་པ་རེད། དེ་བཞིན་ལས་དོན་མང་པོ་འཐུས་ཤོར་ཕྱིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་ནི་ང་ཚོའི་སྤྱི་ཚོགས་ཆ་ཚང་ཆབ་སྲིད་ཐོག་རྗེས་ལུས་ཐེབས་པའི་་ནོར་འཁྲུལ་ཡིན་པར་ཁས་ལེན་མི་བྱེད་ཐབས་མེད་རེད་བསམ་གྱི་ཡོད།
ཉིན་ཐོ་འདི་ལ་མཆན་རྒྱག་མཁན་མང་པོ་བྱུང་འདུག དེ་ཚོར་རྗེས་སུ་ཡི་རངས་ཞུ།
རེ་སྐུལ་ཞུ་རྒྱུར། བགྲོ་གླེང་གནང་རྒྱུ་དེ་གཙོ་བོར་འཛིན་རོགས། དོན་མེད་དུ། དྲ་གྲོགས་ནང་ཁུལ་ལ་ཚིག་རྩུབ་སྨྲ་བ་དང་འཛིང་བ་སོགས་མ་བྱེད་རོགས།
དེས་སུ་གང་ལ་ཡང་ཕན་གི་མ་རེད། དགའ་མི་དགའི་སྐད་ཆ་དེ་ཚོ་ཉུང་དུ་བཏང་ནས། བསམ་ཚུལ་དང་བགྲོ་གླེང་གི་གླེང་སྟེགས་དེ་མཐོ་རུ་གཏོང་རོགས།
ཁ་སང་བཀའ་ཁྲིའི་བགྲོ་གླེང་གི་སྐབས་སུ་ཡང་། མི་མང་གི་ཕྱོགས་ནས་ཡར་རྒྱས་གཅིག་མཐོང་སོང་། དེ་ནི་དྲི་བ་གཏོང་སྟངས་དེ་རེད།
དེང་སང་བོད་པ་ཚོས་དྲི་བ་གཏོང་བ་མ་གཏོགས་བསམ་ཚུལ་བཤད་ནས་འདུག་གི་མི་འདུག དེ་ཧ་ཅང་ཡར་རྒྱས་ཆེན་པོ་རེད་བསམ་སོང་།
བསྟན་འཛིན་འཕགས་པ་ཟེར་བའི་མི་འདི་ནང་དཀྲུག་བྱེད་ཀྱི་འདུག
བསྟན་འཛིན་འཕགས་པ་ལགས་ཁྱེད་རང་གིས་སྤེལ་བའི་དཔྱད་གཏམ་དེར་ཡང་བསྐྱར་གཟིགས་དང་། དང་པོ་གསར་འགོད་པ་ཞིག་ལ་གསུངས་བ་རེད་ཞེས་མ་ཤེས་ཤེས་མདོག་ར་བྱས། དེ་ནས་ཡང་ཟམ་གདོང་མཆོག་གིས་བསྐྱར་ཟློས་བྱེད་ཀྱིན་འདུག་ཟེར། ཁུངས་མེད་རང་རེད།
ཀུན་གླེང་ཚང་ན་ཡང་བློ་བཟང་སེང་གེ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག
འདི་ལ་ཉོན་དང་ལྟད་མོ་འདུག
http://www.tibetanpoliticalreview.com/project-updates/voanewyorkkalontripadebate
རང་བཙན་འདོད་མཁན་ཚོས། བོད་གཞུང་དང་།
རང་བཙན་དང་དབུ་མ་འདྲེས་མས། བཙན་བྱོལ་བོད་གཞུང་།
གཉིས་སྨན་དབུ་མ་པས། བཙན་བྱོལ་སྐྱིད་སྡུག ཅེས་བཏགས་འདོད་པ་མ་ཡིན་ནམ།
ཚང་མས་གཅིག་བསྲེས་གཉིས་བསྲེས་ཀྱིས་ཆོ་མེད་རྩོད་རྙོག་མང་དག་ཅིག་ཁ་བརྡར་ཡོང་བཞིན་འདུག བགྲོ་གླེང་དགོས་ཀྱང་བགྲོ་གླེང་གཙང་མ་བྱུང་ན་སྤྱི་སྒེར་གཉིས་ཀར་ཕན་བརླབས་ཆེ་བས་དེ་ལྟར་བརྩོན་གལ་ཆེ་བ་དགོས་འདུག
ད་ལྟའི་བོད་ཀྱི་ཆབ་སྲིད་ཤིན་ཏུ་ཉག་ཕྲ་བའི་སྐབས་འདིར་ད་ཐེངས་ཀྱི་བཀའ་བློན་ཁྲི་པའི་འོས་མི་འདི་ཧ་ཅང་གལ་ཆེ་བས་ཤེས་མྱོང་ལྷག་བསམ་ཅན་ཞིག་ངེས་པར་དུ་འདེམས་དགོས། བོད་ཀྱི་ཆབ་སྲིད་ཕམ་ཉིན་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཕམ་པ་ཉེ་བའི་བོད་ཀྱི་ལོ་རྒྱུས་ལས་ར་འཕྲོད་གསལ་པོ་བྱས་ཟིན་པས་ཚང་མས་བགྲོ་གླེང་ལྷུག་པོ་གནང་རོགས།།
xxxxxxxxxxxxxxxxxxxx
མཆན་བུ་༣༡ལ།
བཀྲ་རྒྱ་ཁྱོད་ཀྱིས་སྐད་ཆ་སོམས་ལ་ཤོད། ཟ་མ་ལྡོད་ལ ཟོས། ཁ་བརྡ་དྲ་ཚིགས་ནི་མི་བུ་སོ་སོའི་བསམ་འཆར་བཤད་ས་རེད། སྐུ་ཞབས་བློ་སེང་ནི་དེང་རབས་ཀྱི་སྐར་ཆེན་ཞིག་རེད། དེ་ཡང་མྱི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ང་ཚོའི་དྲངས་ཤོག་ལ་བསམ་བློ་བཏང་ན་འོས་ཤིང་འཚམས།
ཨ་རོགས་ཚོ། ང་ཚོའི་ཕྱི་མིག་གིས་ལྟས་ན། མཁས་པ་དང་མཉམ་མྱོང་རེ་བ་རྒྱབ་ནས་བཀའ་ཁྲི་སམ་གདོང་རིན་པོ་ཆེ་མང་མོས་ཐོག་བཀའ་ཁྲིར་འདེམས་པ་རེད། བོད་ཕྱི་ནང་གཉིས་ནས་བོད་གཞུང་གི་ཕྱོགས་ཡོངས་ནས་ཡར་རྒྱས་དང་རྣམ་པ་གསར་པ་ཞིག་ཡོང་བར་རེ་བ་ཆེན་པོ་རྒྱབ་པ་རེད། རིན་པོ་ཆེས་རྡ་སའི་གཞུང་ནི་མོ་ཊ་གོབ་ཐོ་འདྲ་བོ་རེད། དེར་ཁ་ལོ་བ་གསར་པ་ཞིག་ཡོང་ནའང་འགྱུར་བ་འགྲོ་གི་མ་རེད་ཅེས་མི་མང་ལ་རེ་བ་མེད་པའི་ལན་གསུང་གནང་པ་རེད། མ་འོངས་པ་ཡང་ཁ་ལོ་པ་གསར་པ་ཞིག་ཕེབས་ནའང་ཧང་སང་བའི་རྣམ་པ་གསར་པ་ཞིག་འབྱུང་རྒྱུ་མེད་པ་མངོན་གསལ་ཡིན། ཡིན་ནའང་བློ་འཚབ་གཞན་ཞིག་ནི་མ་འོངས་པའི་བཀའ་ཁྲི་གསར་པ་ཕེབས་རྗེས་ཉེན་ཁ་ཆེན་པོ་ཁ་ཤས་ལ་བསམ་བློ་བཏང་ན།
༡ ༧གོང་ས་མཆོག་ལས་དགོངས་ཞུས་རྗེས་བཙན་བྱོལ་བོད་གཞུང་འཐོར་ཉེན་ཨེ་ཡོང་བསམ།
༢ རྒྱ་ནག་གིས་རྒྱ་གར་ལ་ཚོང་འབྲེལ་ཤུགས་ཆེན་གྱི་གནོད་ཤུགས་འོག་བོད་གཞུང་དམངས་གཉིས་ལ་བསམ་ཡུལ་ནས་འདས་པའི་གནོད་པ་རེ་ཨེ་ཡོང་བསམ།
༣ རྒྱ་གར་ནང་གི་བོད་མི་གཞིས་ཆགས་ཁག་གི་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏི་ཐལ་བ་ནང་དུ་ཆུ་བླུག་པ་བཞིན་འཐུམ་ཨེ་འགྲོ་བསམ།
དེ་འདྲའི་གཉིད་མི་ཁུག་པའི་གནད་དོན་མང་པོ་འདུག
བོད་ཀྱི་དུས་བབ་བསམ་ཚུལ་ནང་་བཀའ་བློན་ཁྲི་པ་ནམ་ཕེབས་རེད་ཟེར་བའི་རྨོ་རི་བསྟན་པས་རྩོམ་ཡིག་འོག་ལ་གཟིགས་དང་་།
xxxxxxxxxxxx
ཨ་མའི་བུས་༢༠༡༡། ཟླ་༡། ཚེས་༤། ཉིན་བྲིས་པའི་སྨྱོ་གཏམ་ལ་གཟིགས་དང་།སྐུ་ངོ་བཀྲས་དབང་མཆོག་གི་གདོང་རིས་གཞི་ནས་གསལ་སོང་།ང་ལྟ་བུ་མཚོན་ན་བཀྲས་དབང་མཆོག་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཀྱང་ད་ཐེངས་ཁོང་གིས་ཡ་མ་གཟུགས་ཀྱིས་གནང་སྟངས་དེ་རང་ནས་ཁོང་གི་འདས་མ་འོངས་ད་ལྟའི་གནས་བབ་ཡོངས་སུ་རྟོགས་སོང་།xxxxxxxxxxxxxxxxx
ཨ་མའི་བུས་༢༠༡༡། ཟླ ༡་། ཚེས་༤ །ཉིན་
བཀྲ་ཤིས་དབང་འདུས་ལགས་བཀའ་ཁྲིརཐོབ་པའི་སྨོན་འདུན་དང་།མ་མཐའ་ཡང་བཀའ་བློན་གྱི་གོ་གནས་ཞིག་ཐོབ་པའི་སྨོན་འདུན་ཞུ་།ལས་བྱེད་རྙིང་པ་ཞིག་ཡིན་པས་སོ་ཞེས་་་ཉིན་གཅིག་ལ་སྨྱོ་གཏམ་འདི་འདྲ་ཞིག་བྲིས་པ་ལྟས་ན་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་ཁོང་ལ་ཡིད་གཟབ་གནང་གལ་ཆེ་བ་མཐོང་།
གྲོགས་པོ་སེམས་པ་གནན་ནས་ཡག་པོ་བྲིས་
མ་ཤེས་ན་ཨུ་ཚུག་རྒྱབ་དགོས་ག་ལ་ཡོད་།ཧཧཧ་ཁྱེད་ལ་སུས་ངེས་པ་བཏང་སོང་། ཤ་ཚར་་་་སྙིང་རྗེ་་་ད་ཡག་པོ་སྡོད་རོགས་ལོ་།
ཁ་སང་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མ་ཞིག་གིས་ངའི་བོད་ཀྱི་སྲིད་འཛིན་གསར་པ་འོས་མི་གཉིས་ཀྱི་ནང་ནས་བློ་བཟང་སེང་གེ་འོས་ཤོག་ཐོབ་ན་དགའ། ཁོང་ལ་ཕྱི་རྒྱལ་ནས་མཐོ་སློབ་གོ་སྐབས་ཐོབ་ཐོག་ནུབ་ཕྱོགས་དམངས་གཙོ་ལམ་ལུགས་ལ་རྒྱས་མངའ་དང་ཁྲིམས་ལུགས་ཀྱི་གོ་རྟོགས་ཡོད་པ། དེ་ལས་ལྷག་པའི་བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་པའི་གནས་ཚུལ་ཐར་ཐོར་མང་པོ་དྲྭ་ཚིགས་དང་རླུང་འཕྲིན་སོགས་ནས་གོ་ཐོས་ཡོད་པས་ང་ཚོའི་སློབ་མ་མང་པོ་ཞིག་གིས་བསམ་ཚུལ་གཅིག་མཐུན་རེད་ཅེས་ཁ་པར་ནས་བརྗོད།
འོ་ན་ང་ལ་བོད་ནས་རྒྱལ་ཞེན་ཅན་མང་པོས་ལི་ཐང་ཨ་ཐར་གྱི་བྱུང་བ་ལས་བསླབ་བྱ་བླངས་ཏེ་གཟབ་གཟབ་བྱོས་ཟེར་གྱི་འདུག
གོང་དུ་སྐུ་ཞབས་ཀླུ་སྨྱོན་གྱི་བྱུས་དེ་དངོས་ནས་ཡག་པོ་འདུག་ག བོད་ཀྱི་གནད་དོན་ཐད་ཕྱི་ནང་གསང་གསུམ་གྱི་བཀའ་བློན་ཞིག་མེད་ན་ཡོང་ཐབས་གཏན་ནས་མི་འདུག སྤུན་ཟླ་ཚོ། ཡིན་ད། ཕྱོགས་ལྷུང་མེད་པར་གྱིས་ཨ།
གང་ལྟར་ང་ཚོ་མི་རེའི་ངོས་ནས་ཤེས་འཇོན་ལྷག་བསམ་གྱིས་ཕྱུགས་པའི་བཀའ་ཁྲི་འདི་འོས་ཀྱི་རེད་བསམ་པའི་ཡིད་ཆེས་བརྟན་པོ་སླེབས་ཐུབ་པ་དགོས་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་རེད་བསམ་གྱིན་འདུག དེ་ཡོང་བར་བཀའ་ཁྲིའི་འོས་མི་རྣམས་ཀྱི་སྔོན་རྗེས་བར་གསུམ་གྱི་མཛད་འཆར་ལ་རྟོག་ཞིབ་ནན་པོ་ཞིག་བྱ་དགོས་ངེས་རེད། གལ་སྲིད་དེ་འདྲའི་འོས་མི་ཞིག་རྙེད་ཚེ་བློ་ཕ་ལ་མ་དྲི་གྲོས་མ་ལ་མ་བྱས་རང་ཐག་རང་གིས་བཅད་ན་ད་གཟོད་མང་གཙོའི་བདག་དབང་ལ་ལོངས་སྤྱོད་ཐུབ། དེ་མིན་བརྒྱ་བཤད་སྟོང་བཤད་ག་ཚད་བྱས་ཀྱང་བསྡུས་གྲྭའི་རིགས་ལམ་གྱིས་ཡོད་པ་མེད་པར་སྒྲུབ་མེད་པ་ཡོད་པར་སྒྲུབ་པ་བཞིན་སོ་སོའི་ཞེ་འདོད་སྒྲུབ་པ་ཙམ་ལས་བོད་ཀྱི་རྩ་དོན་དང་མང་ཚོགས་ལ་ཕན་པ་ཅི་ཡང་མེད། སྟག་སྨྱོན་ལགས་ཀྱིས་འོས་མི་རྣམས་གྲྭ་ས་ཁག་ཏུ་བགྲོ་གླེང་མ་སོང་ན་ཡག་པོ་རེད་ཟེར་བའི་ཚིག་དེ་ལ་གོ་རྒྱུ་མེད་པ་ཞིག་གཏན་ནས་རེད་མི་འདུག ང་ཚོས་ཁ་ནས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་མ་ཎི་འདོན་འདོན་སྐྱོར་གྱིན་ཡོད་ཀྱང་དོན་དངོས་ཐོག་གང་དུ་སླེབས་ཡོད་མེད་ལ་བསམ་གཞིག་ནན་མོ་ཞིག་ཅི་ནས་ཀྱང་གཏང་དགོས་འདུག