འཇམ་དབྱངས་དཀར་པོ།
མེ་རི་ཁུ་རི་(Marie Curie) ནི་སྤྱི་ལོ་༡༨༦༧ ཟླ་༡༡ ཚེས་༧ ཉིན་པོ་ལེནྜའི་(Poland) ས་གནས་བར་སོ་(Warsaw) ཞེས་པར་སྐྱེས་ཤིང་། སྤྱི་ལོ་༡༩༣༤ ཟླ་༧ ཚེས་༤ སྟེ། ལོ་ ༦༦ ཐོག་ཧྥ་རན་སིའི་ས་གནས་ཧཱོ་ཏེ་ས་བཱའོ་(Haute-Savoie) ཞེས་པར་འདས།
མོ་ནི་ནོ་བྷེལ་གཟེངས་རྟགས་ཐོབ་པའི་བུད་མེད་ཐོག་མ་དང་། མི་གཅིག་ལ་ནོ་བྷེལ་གཟེངས་རྟགས་གཉིས་ཐོབ་མཁན་གྱི་ཐོག་མ། དེ་ཙམ་དུ་མ་ཟད་ཚན་རིག་གི་སྡེ་ཁག་མི་འདྲ་བ་གཉིས་ནས་ནོ་བྷེལ་གཟེངས་རྟགས་གཉིས་ཐོབ་མཁན་ཐོག་མ། ཕེ་རེ་སི་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམས་པ་ཐོན་པའི་བུད་མེད་ཐོག་མ་བཅས་ཡིན་པར་མ་ཟད། ཁོ་མོའི་ཁྱིམ་རྒྱུད་དེར་ནོ་བྷེལ་གཟེངས་རྟགས་ལྔ་ཐོབ་སྟེ། འཛམ་གླིང་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད།
སྐབས་དེར་ཝར་སོ་ནི་པོ་ལན་ཊི་དང་ར་ཤི་ཡ་གཉིས་ཀྱི་མངའ་འབངས་ཆགས་ཡོད། ཁུ་རི་ཡིས་ཝར་སོ་ནས་ཧྥུ་ལཱོ་ཌིན་གཙུག་ལག་སློབ་གཉེར་ཁང་ནས་གསང་སྟབས་ཀྱིས་ཚན་རིག་སྦྱོང་ཞིང་ཉམས་མྱོང་བསགས། སྤྱི་ལོ་ ༡༨༩༡ ལོར་གཅེན་མོ་དང་ལྷན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་སློབ་གཉེར་དུ་ཡོང་། མོས་ཧུར་བརྩོན་ཆེན་པོས་ཆེས་མཐོའི་ལག་འཁྱེར་བླངས་རྗེས་ཚན་རིག་གི་ལས་དོན་གཉེར་བྱས། སྤྱི་ལོ་ ༡༩༠༣ ལོར་རང་ཉིད་ཀྱི་ཁྱོ་ག་དངོས་ཁམས་ཚན་རིག་པ་པེ་རི་ཁུ་རི་(Pierre Curie) དང་མཉམ་སྦྲེལ་ལ་ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ། སྤྱི་ལོ་ ༡༩༡༡ ལོར་མོ་ཆིག་རྐྱང་ལ་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཐོབ།
མོའི་གྲུབ་འབྲས་ནི་འཕྲོ་འགྱེད་ལྟ་གྲུབ་ཚུད་པའི་རྐྱང་རྫས་ཏེ། འཕྲོ་འགྱེད་རྡུལ་རྫས་ཆིག་རྐྱང་བའམ། རིགས་མཐུན་རྡུལ་རྫས་བྱེད་ནུས་མི་འདྲ་བའི་འབྱུང་བ་གཉིས་ཇི་ལྟར་བཀོལ་ཐབས། ལྷག་པར་དཔྱད་སྟོབས་ཀྱིས་ཟེར་རླངས་ནུས་ལྡན་འབྱུང་རྫས་དང་འོད་འགྱེད་ལྕགས་རིགས་འབྱུང་རྫས་གཉིས་གསར་དུ་རྙེད་པ་དེ་རེད། མེ་རི་ཁུ་རི་ཡིས་གསར་དུ་རྙེད་པའི་འཕྲོ་འགྱེད་མཉམ་གནས་འབྱུང་རྫས་ཀྱི་གྲུབ་དོན་དེས་འཛམ་གླིང་ལ་ཐད་ཀར་ཆེས་ཐོག་མའི་སྐྲན་རིགས་བཅོས་ཐབས་ཀྱི་ལམ་སྟོན་བྱས། མོས་པེ་རི་དང་ཝར་སོ་གཉིས་ལ་ཁུ་རིའི་སློབ་གཉེར་ཁང་གི་རྨང་གཞི་གསར་དུ་བཙུགས་ཤིང་། ད་ལྟའི་ཆར་སྨན་རིགས་ཞིབ་འཇུག་ལྟེ་གནས་ཆེ་ཁག་ཏག་ཏག་ཆགས་ཡོད་པར་མ་ཟད། འཛམ་གླིང་དམག་ཆེན་དང་པོའི་སྐབས་དམག་མིའི་ཁྱབ་འགྱེད་དཔྱད་ཞིབ་ལྟེ་གནས་ཐོག་མ་དེའང་བཙུགས།
ཁུ་རིའི་ཁྱིམ་རྒྱུད་ལ་མཚོན་ན་སྤྱི་ལོ་ ༡༩༠༣ ལོར་མོ་དང་ཁྱོ་ག་གཉིས་མཉམ་འབྲེལ་ལ་ནོ་བྷེལ་དངོས་ཁམས་གཟེངས་རྟགས་དང་། སྤྱི་ལོ་ ༡༩༡༡ ལོར་མོ་གཅིག་པུར་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཐོབ་པར་མ་ཟད། སྤྱི་ལོ་ ༡༩༣༥ ལོར་ཁོ་གཉིས་ཀྱི་བུ་མོ་ཨེ་རི་ནི་ཇོ་ལའོ་ཁུ་རི་ (Irène Joliot-Curie) དང་བག་པ་ཧྥུ་རི་དྷི་རེ་ཇོ་ལའོ་ཁུ་རི་ (Frédéric Joliot-Curie) གཉིས་མཉམ་འབྲེལ་ལ་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཐོབ།
སྤྱི་ལོ་ ༡༩༦༥ ལོར་མེ་རི་ཁུ་རིའི་བུ་མོ་གཉིས་པའི་ཁྱོ་ག་ཧན་རའེ་ལ་བྷོའེ་སི་ (Henry Labouisse) ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པས། ད་ལྟའི་ཆར་འཛམ་གླིང་ན་ནང་མི་གཅིག་ལ་ནོ་བྷེལ་གཟེངས་རྟགས་ལྔ་ཐོབ་པ་ཁུ་རིའི་ནང་མི་ལས་ལྷག་མེད་པས། ཁུ་རིའི་ཁྱིམ་རྒྱུད་ཀྱིས་འཛམ་གླིང་གི་ལོ་རྒྱུས་ལ་ཟིན་ཐོ་བཀོད་པར་འགྲན་པའི་ཟླ་སུ་ཡང་བྱུང་མེད་པ་རེད།
སྤྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན།
ཡག་པོ་ཚད་ལྡན་