བསམ་གླིང་ཚེ་རིང་ལྷ་མོ།
ཉི་མའི་གཉེན་གྱི་སྲས་ཀྱི་ཐུ་བོ་མཆོག །
སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན་པའི་དཔལ།།
འཛམ་གླིང་བཙུག་རྒྱན་༸བསྟན་འཛིན་རྒྱ་མཚོ་ཡིས།།
ཞི་བའི་གཟེངས་རྟགས་བཞེས་ལ་དགའ་སྟོན་ཞུ།།
དུས་ངན་སྙིགས་མའི་རྡུལ་མཚོན་སྣ་མང་གིས།།
འགྲོ་བ་གདུང་བས་མནར་བའི་ཆོ་ངེ་ལས།།
ཞི་བསིལ་ཕན་བདེའི་ཆོས་སྲིད་བཀའ་སློབ་ཀྱིས།།
སྐལ་བཟང་ཉིན་མོའི་དགའ་སྟོན་དཔལ་ལ་བསྐོས།།
ལེགས་གདམས་ཆོས་ཀྱིས་འདི་ཕྱིའི་ལམ་སྣེ་འདྲེན།།
འདི་སྣང་སྲིད་པའི་ཕུན་ཚོགས་དོན་ལྡན་ཆེད།།
བླང་དང་དོར་བའི་བཀའ་སློབ་བདུད་རྩིའི་མཚོས།།
འགྲོ་བའི་ཡིད་ཀྱི་སྐོམ་གདུང་སེལ་བ་ཁྱེད།།
ལྷག་པར་གངས་ལྗོངས་ཆབ་སྲིད་ཉམ་དམའ་ཞིང་།།
རང་ཡུལ་ཤོར་ནས་གཞན་ཡུལ་འགྲིམ་པའི་དུས།།
མགོན་སྐྱབས་དཔུང་གཉེན་གཞན་དྲིང་མི་འཇོག་པའི།།
ཆོས་རྒྱལ་ཆེན་པོ་གང་ལ་རྟེན་འབྲེལ་ཞུ།།
ཉམ་ཐག་བོད་འབངས་ཁ་སྟབས་སྐྱོ་བའི་དུས།།
སྐུ་ཡི་གཟི་བྱིན་གསུང་གི་དབྱར་རྔའི་སྒྲ།།
ཐུགས་ཀྱི་མཁྱེན་པས་འཛམ་གླིང་སྐྱེ་བོ་ཀུན།།
གངས་ཅན་བོད་པར་ཤ་ཚའི་ཕྱག་གཉིས་ཡངས།།
སྤྱན་རས་གཟིགས་དབང་ཉིད་ཀྱི་གཟི་བྱིན་མཐུས།།
འཛམ་གླིང་ཆོས་ལུགས་ཆེ་དགུའི་ངར་འཛིན་རྣམས།།
ཐབས་ཤེས་ཟུང་སྦྲེལ་བྱམས་པའི་མེས་བཏུལ་བས།།
གཅིག་སེམས་གཅིག་གིས་དྲོས་པའི་ལེགས་བརྒྱ་འཛུམ།།
གངས་ལྗོངས་ཤེས་རིག་པད་མ་དཀར་པོ་ལ།།
རྟ་བདུན་དབང་པོའི་འོད་བརྒྱ་ཉིད་ཀྱིས་མཛད།།
འཛམ་གླིང་ས་ཡི་གོ་ལར་ཐུབ་པའི་ཆོས།།
མ་བསྡུས་པར་ཡང་རང་ཉིད་ངང་གིས་འདུ།།
མདོར་ན་ཕན་དང་བདེ་བའི་འབྱུང་གནས་མཆོག །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།།
ནོར་ལྦེལ་གཟེངས་རྟགས་བཞེས་པའི་ཉིན་མོ་ལ།།
བོད་འབངས་སྐྱིད་པའི་བསྟོད་དབྱངས་ཅི་གར་ལེན།།
ཉིན་མོ་༢༣ལ་ཚིག་བསྒྱུར་ནས།
མདོར་ན་ཕན་དང་བདེ་བའི་འབྱུང་གནས་མཆོག །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས། །
ནོར་ལྦེལ་གཟེངས་རྟགས་བཞེས་པའི་ཉེར་གསུམ་ལོར། །
བོད་འབངས་སྐྱིད་པའི་བསྟོད་དབྱངས་ཅི་གར་ལེན། །
ཟས་གཙང་སྲས་ཀྱི་སྲས་མཆོག་སྤྱན་རས་གཟིགས། །
ཆོས་རྒྱལ་སྲོང་བཙན་༸དགེ་སློང་ཚུལ་འཛིན་པ། །
ཛམ་གླིང་དེད་དཔོན་༸བསྟན་འཛིན་རྒྱ་མཚོ་ཡིས། །
གཟེངས་རྟགས་བཞེས་ནས་ཉེར་གསུམ་ལོ་ཡང་ཐལ། །
༧གངས་ཅན་ལྷ་གཅིག་པད་དཀར་མིག་མི་འཛུམ། །
སྟོང་གསུམ་རིན་ཆེན་སྣ་བདུན་རི་རབ་བཅས། །
མ་ལུས་ཡིད་ཀྱིས་སྤྲུལ་ཏེ་ཁྱེད་ལ་འབུལ། །
དེ་ནས་བྱང་ཆེན་བར་དུ་མུ་འབྲལ་སྐྱོངས། །
སྙིགས་དུས་འགྲོ་ལ་ཐུགས་བརྩེའི་འོད་སྟོང་འབར།
ཕན་དང་བདེ་བ་སྦྱིན་པའི་སྤྱན་རས་གཟིགས།
སྐུ་ཡི་རྣམ་སྤྲུལ་གོང་ས་ཏ་ལ་མཆོག
ཞི་བདེ་གཟེངས་རྟགས་བཞེས་པའི་དུས་དྲིན་ཐལ།
མི་ཆེན་ཞིག་གི་ཉམས་ཀྱིས་མི་འགྲོ་ཞིང། །
ཙི་ཙི་ལྟ་བུའི་ཉམ་ཆུང་མི་གནང་ལ། །
ཕལ་བའི་ཟོལ་གྱིས་བགྲོད་པའི་གྲྭ་རྐྱང་བ། །
དགེ་སྦྱོང་ཆེན་མོ་དེ་ལ་བདག་ཕྱག་འཚལ། །
ཆེན་པོའི་མདུན་ནས་མགོ་བོ་མི་སྒུལ་ཞིང་། །
ཉམ་ཆུང་དག་ལ་ཁྱད་གསོད་མི་གནང་ལ། །
མཐོ་དམན་གཅིག་ཏུ་གཟིགས་པའི་གྲྭ་རྐྱང་བ། །
དགེ་སྦྱོང་ཆེན་མོ་དེ་ལ་བདག་ཕྱག་འཚལ། །
མཛེས་མ་སྟོང་གི་འཛུམ་གྱིས་མི་ཁུག་ཅིང་། །
སྟོང་གསུམ་ནོར་བུའི་མཛོད་ཀྱིས་མི་ལོན་ལ། །
བསླབ་གསུམ་ཁྲིམས་ཀྱིས་དུལ་བའི་གྲྭ་རྐྱང་བ། །
དགེ་སྦྱོང་ཆེན་མོ་དེ་ལ་བདག་ཕྱག་འཚལ། །
བྱམས་བརྩེའི་རིན་ཆེན་བླ་ན་མེད་པ་དེ། ། གང་དང་སུ་ལ་རིས་སུ་མ་དབྱེ་བར།
།ཅི་དགར་བདེ་སྟེར་ཕན་བདེའི་ཡིད་བཞིན་དབང་། །ཆེ་རྒུའི་གཙུག་གི་རྒྱན་གྱུར་དེ་ལ་འདུད།