ཁའར.ཧྤུན.ཨོ་ཤིས་ཚི་ཅིས། (༡༨༨༧_____༡༩༣༨)འཇར་མན་གྱི་མི།
འཇར་མན་གྱི་མིང་། (Carl von 0sietzky) རྒྱ་མིང་། (卡尔.冯.奥西茨基)
བཙོན་ནང་གི་དུས་ཚོད། བགྲང་བྱ་ལྔ་ཡས་མས།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། འཇར་མན་གསང་བའི་དམག་ཤུགས་བསྐྱར་འཛུགས་ཀྱི་མཚང་གཏོར་བ།
ཁའར.ཧྤུན.ཨོ་ཤིས་ཚི་ཅིས་ནི་འཇར་མན་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་གསར་འགོད་པ་དང་ཆབ་སྲིད་དཔྱད་བརྗོད་པ། ཧྥ་ཤི་སིར་ངོ་རྒོལ་མཁན་དང་ཞི་བདེ་དོན་གཉེར་བའི་མི་སྣ་སྐད་གྲགས་བྱིངས་ཀྱིས་ཁྱབ་ཡོད་པ་ཞིག་གོ། སྤྱི་ལོ༡༨༨༧ལོར་ཧན་པོ་རུ་སྐུ་བལྟམས་ཤིང་། རང་ལོ་བཅུ་བདུན་པར་སློབ་གྲྭ་དང་ཁ་གྱེས་ཏེ་གསར་འགྱུར་ལས་རིགས་ལ་གསར་དུ་ཞུགས། སྟོབས་ཟད་པའི་ཝེ་མ་སྤྱི་མཐུན་རྒྱལ་ཁབ་དང་། ན་ཙིའི་གཏུམ་སྤྱོད་ལ་གཞིགས་ནས་རྒྱལ་དམངས་ལ་ཧྥ་ཤི་སིར་དོགས་ཟོན་དང་། ན་ཙི་ལ་སྟོངས་གྲོགས་མི་མཛད་པའི་སྐུལ་མ་བཏང་རྐྱེན་ཉེ་ཞོ་བར་མ་ཆད་པར་བྱུང་། ༡༩༣༡ལོའི་ཟླ ༡། ཚེས ༢ལ་ཁོང་གིས༼འཛམ་གླིང་གར་སྟེགས༽ཞེས་པའི་དུས་དེབ་ཏུ་ཤི་ཐི་ལིའི་ཆབ་སྲིད་གཞིར་བཟུང་སྟེ་ཆབ་སྲིད་ཀྱི་དཔྱད་བརྗོད་ཅིག་སྤེལ་ཞིང་། “གྲོས་ཚོགས་མེར་སྲེག་དོན་རྐྱེན”རྗེས་ཀྱི་ལོ་སྟེ། ༡༩༣༣ལོའི་ཟླ༢ ཚེས ༢༨ ཞོགས་པར་ཨོ་ཤིས་ཚི་ཅིས་རང་ཁྱིམ་དུ་གསང་བའི་ངང་ཉེན་རྟོག་པས་འཛིན་བཟུང་བགྱིས་ཏེ་གློ་རྡེག་ཏུ་པོ་ལིན་གྱི་ཁྲི་མུན་དུ་བསྐྱལ་སོང་ངོ་།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་སོ་བཞི་ལོར་ཨོ་ཤིས་ཚི་ཅིས་ནོ་སྦེལ་ཞི་བའི་རྟགས་མའི་བདམ་བྱའི་མི་སྣར་གྱུར་སོང་། གཅིག་ སྟོང་དགུ་བརྒྱ་སོ་ལྔ་ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལྷན་ཚོགས་ཀྱིས་ན་ཙི་རུ་ ཚོགས་ཀྱི་བསླུ་བྲིད་དྲིལ་བསྒྲགས་ལ་ཅི་མི་སྙམ་པར་ཨོ་ཤིས་ཚི་ཅིས་ལ་ཞི་བདེ་ གཟེངས་རྟགས་བསྟབ་པར་བློ་ཐག་རྦད་ཀྱིས་ཆོད་པའི་ཐག་གཅོད་མཛད། འཛམ་ གླིང་ཧྲིལ་བོའི་མདུན་དུ་ན་ཙི་ཕྱོགས་ཁག་གི་གདོང་སྐྱི་རལ་ནས་ཡོང་ནའང་ཨོ་ཤིས་ ཚི་ཅིས་རང་ཉིད་དངོས་སུ་ནོ་སྦེལ་གཟེངས་རྟགས་ལེན་དུ་འགྲོ་བར་མོས་མཐུན་བྱིངས་ ཀྱིས་བྱས་མེད་དོ།།
ཆེས་མཐའ་མར་རྒྱལ་སྤྱིའི་གནོན་ཤུགས་མ་ཐེག་པའི་ན་ཙི་ཕྱོགས་ཁག་གིས་ཨོ་ཤིས་ཚི་ཅིས་གློད་པར་བྱས་ནའང་། ན་ཙི་གཅིག་བསྡུས་བཙོན་རྭ་རུ་ཁྲིམས་གཅོད་དྲག་པོ་དང་མནར་གཅོད་བསམ་གྱིས་མི་ཁྱབ་པ་མྱངས་རྐྱེན། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་སོ་བརྒྱད་ལོ་སྟེ་བགྲང་བྱ་ང་གཅིག་ལ་སོན་པའི་ལོ་དེར་འཇིག་རྟེན་དང་ཞལ་གྱེས་སོ།།
ཨེ་ཡན་སི་ཐན་གྱིས་འཛམ་གླིང་ལ་བསྒྲགས་གཏམ་སྤེལ་བ་སྟེ། “’འདི་ནི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་ཉམས་པ་མེད་པའི་རིན་ཐང་སྟེ། ཨོ་ཤིས་ཚི་ཅིས། ཁོང་ནི་མིའི་རིགས་ཀྱི་དགེ་སེམས་ལ་བྱ་ར་མཛད་པ་བོ་དང་། འཛམ་གླིང་ཞི་བདེ་ལ་མེལ་ཚེ་བགྱིད་པ་བོ་ཡིན་པས། འཛམ་གླིང་ལ་ཨོ་ཤིས་ཚི་ཅིས་ངེས་པར་དུ་མཁོའོ།།”
འདི་ནི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འཛམ་གླིང་གི་ལོ་རྒྱུས་སྟེང་ཉེས་མེད་ཀྱི་ཁྲིམས་ཆད་ཕོག་པའི་བཙོན་མར་བསྟབས་པའི་ལེའུ་དང་བོ་རེད་ལ། “རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་བཅོལ་གཏོགས”བྱེད་པའི་མིག་དཔེ་ཡང་འདི་ནས་འགོ་བཙུགས་པ་ཡིན་ནོ།། དུས་དེ་ནས་བཟུང་ནོ་སྦེལ་ཞི་བདེ་གཟེངས་རྟགས་རྟུལ་ཕོད་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་སུ་བསྐྱོད་པ་ཡིན་ནོ།།
ཧ་ས་ལོ་ཧྥོའུ(༡༦༢༡_____༡༩༨༩)ཨུ་རུ་སུ་སྔོན་མའི་མི།
རྒྱ་མིང་། (萨哈罗夫)ཨུ་རུ་སུའི་མིང་། (Sakharov,Andrey Dmitriyevich)
བཙོན་ཁྲོད་ཀྱི་དུས་ཡུན། བགྲང་བྱ་དྲུག་ཡས་མས།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་མིའི་རིགས་ཀྱི་ཞི་བདེ་ཆེད་དུ་བསྟབས་པ།
ཧ་ས་ལོ་ཧྥོའུ་གང་ཉིད་ནི་མོ་སི་ཁོའི་ཤེས་ལྡན་པའི་ཁྱིམ་ཚང་ཞིག་ཏུ་བལྟམས། མོ་སི་ཁོ་སློབ་གྲྭ་ཆེན་མོའི་དངོས་ལུགས་ཆེད་སྦྱོང་སྡེ་ཁག་གི་ཕུལ་ཏུ་བྱུང་བའི་སློབ་མར་གྱུར་ཅིང་། ཁོང་གིས་རིངས་པར་གུང་ཁྲན་ཕྱོགས་ཁག་གི་བྱིས་པ་དག་ལ་ཞིབ་འཇུག་བྱ་བའི་འཆར་གཞི་ཞིག་བདམས་ཀ་བྱས་པ་རེད་དོ།།
དེ་ལྟ་ནའང་། ཡ་ང་བག་ཚ་མེད་པའི་མངོན་སུམ་གྱི་གདུག་རྩུབ་དག་གིས་ཁོང་ཉིད་མནོ་བསམ་གྱི་ཀློང་དུ་བྱིང་བར་གྱུར་ཏོ།། ཧ་ས་ལོ་ཧྥུའུ་རང་ཉིད་ཀྱིས་དངོས་སུ་མཐོང་འོང་བ་ཞིག་ནི། རུ་དཔུང་དང་རུ་དཔུང་བསྒྲིགས་པའི་ཉེས་ཅན་པ་དག་གིས་འདི་ལྟའི་ཚོད་ལྟ་བྱས་པའི་འབྲས་བུ་ནི་ཤིན་ཏུ་ནས་སྡུག་བསྔལ་བ་དེའོ།། ལས་གྲོགས་ཤིག་གིས་ཀྱང་ཁོང་ལ་འདི་ལྟར་སྨྲས་སྟེ། གསང་བ་ཚོད་ལྟའི་ར་བ་འདི་ཉིད་ཆབ་སྲིད་ཉེས་ཅན་པ་དག་གིས་བསྐྲུན་པ་རེད་མོད། དེ་ལྟ་ནའང་། སི་ཏ་ལིན་གྱི་བློ་སེམས་གཏད་ས་སྟེ་དམག་སྤྱི་པེ་ལིས་ཡ་(ཨུ་རུ་སུའི་ཆབ་སྲིད་པ་དང་། སི་ཏ་ལེན་གྱི་སྔ་རྗེས་ཀྱི་མི་སྣ་གཉིས་པ།) ཡིས་གནོན་ཤུགས་ཚད་མེད་པ་སྤྲད་དེ་དྲག་པོའི་ངོ་རྒོལ་བ་བྱེད་མཁན་གྱི་ཆབ་སྲིད་ཉེས་ཅན་པ་ཐམས་ཅད་སྲོག་ལ་ཐོག་པར་བགྱིས་སོ།།
ཧ་སི་ལོ་ཧྥོའུ་གང་ཉིད་ཀྱིས་རྟོགས་སོང་བ་ཞིག་ནི། ཉིང་ རྡུལ་ཚ་བའི་མཚོན་ཆ་འདི་ཉིད་ཚོད་ལྟའི་བརྒྱུད་རིམ་ཁྲོད་དུ་མི་སེར་དཀྱུས་མ་ ཤིན་ཏུ་ནས་མང་བ་ཞིག་སྲོག་དང་བྲལ་ཞིང་ཤིན་ཏུ་ནས་སྡུག་བསྔལ་བར་འགྱུར་བ་དེ་ དང་། ཚོད་ལྟ་མ་བྱས་ཡར་སྔོན་དུའང་སྐྱེ་བོ་ཁྲི་གཅིག་གི་ཚེ་སྲོག་ལྷག་མེད་དུ་གཞོམ་འགྲོ་བ་དེའོ།། ཁོང་གིས་ཧི་ལོའོ་ཞོ་ཧྥོའུ(ཨུ་རུ་སུ་སྔོན་མའི་དབུ་ཁྲིད)ལ་ཁ་པར་བཏང་ནས་འདི་ལྟར་བཤད། “ཚོད་ལྟ་འདི་ལ་སྙིང་བོ་ཅི་ཡང་མེད་དེ། དེ་ཡིས་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས་སྐྱེ་བོ་སྲོག་དང་བྲལ་བར་བྱེད་དོ།།” སྐབས་དེར་སོའུ་ལེན་གུང་ཁྲན་ཕྱོགས་ཁག་གི་ཁོངས་མི་ཞིག་གིས་ཚོད་ལྟ་མཚམས་འཇོག་གི་བཀའ་རྒྱ་བཏང་སོང་ཟེར་ཡང་། ཉིན་གཉིས་པ་ནས་ཉིང་རྡུལ་མཚོན་ཆ་སྔར་བཞིན་ཚོད་ལྟ་བྱེད་འགོ་བཙུགས། ཧ་ས་ལོ་ཧྥུའུ་ཡི་རང་རྣམ་དུ་འདི་ལྟར་བྲིས་ཡོད་དེ། “དོན་རྐྱེན་འདིའི་རྗེས་སུ་བདག་གི་ངོ་བོ་གཞན་ཞིག་ཏུ་འགྱུར་སོང་བས། བདག་གིས་ཁོར་ཡུག་དང་འབྲེལ་ཐག་གཏན་དུ་གཅོད་པར་ཐག་གིས་བཅད།” ཧ་ས་ལོ་ཧྥོའུ་ལ་ཤེས་རྟོགས་བྱུང་བ་ནི་འདི་ལྟ་སྟེ། ཚན་རིག་པ་གཤའ་མ་ཞིག་ཡིན་ཚེ། དེའི་འཚོལ་སྙེག་བྱ་ས་འབའ་ཞིག་ནི་བརྩེ་བ་དང་། རང་དབང་། བདེན་དོན་བཅས་ཡིན་པ་དེའོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བཞི་ལོར། ཧ་ས་ལོ་ཧྥོའུ་ཡིས་ར་ཤི་ཡིའི་སྒྱུ་རྩལ་བ་དང་ཤེས་ཡོན་པ་ཉེར་བཞི་ལ་མཉམ་འབྲེལ་བགྱིས་ཤིང་། སྐབས་དེའི་སོའུ་ལེན་གུང་ཁྲན་ཕྱོགས་ཁག་གི་དབུ་ཁྲིད་པ་པོ་ལེས་རི་ཉེ་ཧྥོའུ(ཨུ་རུ་སི་སྔོན་མའི་ཆབ་སྲིད་པ་དང་། ཨུ་རུ་སུ་གུང་ཁྲན་ཕྱོགས་ཁག་གི་སྐབས་དང་བོའི་དྲུང་ཡིག་པ)ལ་འཕྲིན་ཡིག་ཅིག་བྲིས་ཏེ། སི་ཏ་ལིན་གྱི་མཚན་སྙན་བསྐྱར་གསོ་མི་བྱེད་པའི“ཉེན་བརྡ” བཏང་ངོ་།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར། ཧ་ས་ལོ་ཧྥོའུ་ཡིས༼མདུན་སྐྱོད་ཀྱི་ལྡོག་འོད། མཉམ་གནས་དང་ཤེས་ཡོན་པའི་རང་དབང༽ཞེས་པའི་རྩོམ་ཡིག་ཅིག་བྲིས་པ་དེ་ཉིད། གསང་བའི་ངང་ཨ་རིའི༼ཉིག་ཡོག་དུས་བབ༽སྟེང་སྤེལ་ཞིང་། ཁོང་གིས་སོའུ་ལེན་ནི་དམངས་གཙོ་དང་། རང་དབང་། ཀུན་སྤྱོད་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་འབོད་སྐུལ་བགྱིས་ཡོད་པ་རེད་དོ།། རྗེས་མའི་ཞིབ་འཇུག་པ་དག་གིས་ཁོང་གིས་བྲིས་པའི་བརྩམས་ཆོས་དེའི་མཚན་བྱང་དུ། “སོའུ་ལེན་དབང་སྡོམ་རིང་ལུགས་ཀྱི་ཁྲིམས་གཏམ”ཞེས་སུ་འབོད་སྐད་དོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར། སོའུ་ལེན་དཔུང་དམག་ཧ་ཧྥོའུ་ཧན་གྱི་མངའ་ཁོངས་སུ་འཛུལ་དུས་སུ། ཧ་ས་ལོ་ཧྥོའུ་ཡིས་སྔོན་མ་ལྟར་བཙན་འཛུལ་བར་ཁ་རྡུང་དྲག་པོ་བཏང་སོང་། སྐབས་དེ་ཉིད་དུ་སོའུ་ལེན་རྒྱལ་ཁབ་གོང་འོག་ཀུན་གྱིས་སོའུ་ལེན་དཔུང་དམག་ལ་སྟོངས་གྲོགས་བླ་ན་མེད་པ་མཛད་པར་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་ལང་ཕྱོགས་དམ་དུ་བཟུང་སོང་ནའང་། ཧ་ས་ལོ་ཧྥོའུ་ཁོ་ནས་ཁེར་རྐྱང་གི་སྟོབས་ཤུགས་ཉམས་པ་མེད་པའི་ཟོལ་གྱིས“མི”ཡི་ལང་ཕྱོགས་བསྐྱངས་ཏེ། ཨ་ཧྥོའུ་ཧན་གྱི་ཆེད་དུ་ངོ་རྒོལ་ཤུགས་ཆེན་བགྱིས་སོ།།
ཧ་ས་ལོ་ཧྥོའུ་ཡི་མི་ཚེ་མིང་མཛོད་ཁྲོད་དུ། བླ་ན་མེད་པའི་རང་དབང་མི་རིགས་ལ་བསྟབས་པ། བླ་ན་མེད་པའི་བདེན་ལུགས་རྒྱལ་གཅེས་ཀྱི་སླད་དུ་ཕུལ་བ་ཞེས་འཁོད་ཡོད་དོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོར་ཁོང་ལ་ནོ་སྦེལ་གཟེངས་རྟགས་ཐོབ་པའི་སྤྱི་བསྒྲགས་མཛད། དེ་ལྟ་ནའང་། སོའུ་ལེན་ཏང་ཕྱོགས་ཀྱིས་ཧ་ས་ལོ་ཧྥོའུ་དངོས་སུ་ནོ་སྦེལ་གཟེངས་རྟགས་ལེན་དུ་འགྲོ་བར་མོས་མཐུན་བྱིངས་ཀྱིས་བྱས་མེད་དོ།། སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་ཧ་ས་ལོ་ཧྥོའུ་དང་ཁོང་གི་ཟླ་མོ་གཉིས་ལྟ་ སྲུང་བའི་སྐྱེལ་མའི་འོག་ཏུ་ལོ་དྲུག་རིང་ཕྱི་རོལ་དང་ཁ་བྲལ་བར་བགྱིས། བཙོན་གནས་ནི་མོ་སི་ཁོ་ནས་དབྱིན་ལེ་ཉིས་བརྒྱ་ལྔ་བཅུ་ཡོད་པའི་ཀོ་ཨར་ཅིའི་གྲོང་ཁྱེར་རེད་ལ། དེ་ནི་ནོངས་ཅན་གྱི་ཕྱི་གླིང་བ་དག་བཅིངས་འགྲོལ་བྱ་ཡུལ་ཞིག་ཡིན་པ་དེའོ།། ཤེ་མུན་གྱི་ལོ་དྲུག་གི་ཁྲོད་དུ་ཧ་ས་ལོ་ཧྥོའུ་ཡིས་ཏང་ཕྱོགས་ལ་ངོ་རྒོལ་གྱི་ཟོལ་གྱིས་ཐེངས་གསུམ་ལ་ཟས་བཅད་བགྱིས་སོ།།
སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གྱ་དྲུག་གི་ལོ་སྨད་དུ་ཀི་རིར་པ་ཆོ་ཧྥོའུ་སྲིད་སྟེགས་ སུ་བསླེབས་པའི་མགྲོན་བརྡ་འབྱོར་བས་ཕྱིར་མོ་སི་ཁོ་ལ་འབྱོར། མོ་སི་ཁོ་ལ་འབྱོར་བའི་རྗེས་སུ་བརྟུན་པ་བསྐྱེད་དེ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ལ་ཞུགས་པས། རྒྱལ་ཁབ་ཀྱི་འཐུས་མིར་བདམས་ཐོན་བྱུང་། རྒྱལ་ཁབ་གྲོས་ཚོགས་ཀྱི་མཛད་སྒོའི་སྐབས་སུ་ཀི་རིར་པ་ཆོ་ཧྥོའུ(ཨུ་རུ་སུའི་སྐབས་དང་བོའི་སྲིད་བློན)ཡི་བཀོད་སྒྲིག་དང་བསྟུན་ནས་ཐེངས་དང་བོའི་གཏམ་བཤད་སྤེལ། ཧ་ས་ལོ་ཧྥོའུ་ཡིས་ཀི་རིར་པ་ཆོ་ཧྥོའུ་ཡི་བསམ་གཞིགས་གསར་བ་དང་བསྟུན་མེད་པ་ཙམ་དུ་མ་ཟད། གྲོས་ཚོགས་སུ་གུང་ཁྲན་ཕྱོགས་ཁག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་སྒྲིལ་སོང་བའི་བསྒྲགས་གཏམ་སྤེལ་བ་དང་། དེ་དང་མཐུད་ནས་ཀི་རིར་པ་ཆོ་ཧྥོའུ་འཁོར་བཅས་ཀྱིས་ཁོང་གི་སྐྱོན་བརྗོད་ལ་ངོ་རྒོལ་མི་བྱེད་ཐུ་མེད་དུ་གྱུར་ཏོ།།
མན་ཏི་ལ། (༡༩༡༨_______) ལྷོ་ཨ་ཧྥེ་རི་ཁའི་མི།
དབྱིན་མིང་། ( Nelson Rolihlahla Mandela)རྒྱ་མིང་། (曼德拉)
བཙོན་ཁྲོད་ཀྱི་དུས་ཡུན། བགྲང་བྱ་ཉེར་བདུན།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། ལྷོ་ཨ་ཧྥེ་རི་ཁའི་རིགས་བརྒྱུད་ཐ་དད་པར་མཐོང་ཆུང་བགྱི་བའི་སྲིད་ལུགས་རྨེག་ནས་བཅོམ་སྟེ་བྱས་རྗེས་རླབས་ཆེན་བཞག་པ།
སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ་ལྷོ་ཨ་ ཧྥེ་རི་ཁའི་ཐི་ལན་སི་ཁེ་ཡི་ཚོ་བ་ཞིག་གི་ཚོ་དཔོན་གྱི་ཁྱིམ་དུ་བལྟམས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་ཁོང་གིས་དབུ་ཁྲིད་དེ་ལས་མཚམས་འཇོག་པའི་ལས་འགུལ་རླབས་ཆེ་བ་སྤེལ་ཏེ། མི་རིགས་དཀར་བོ་རིང་ལུགས་པས“ལྷོ་ཨ་ཧྥེ་རི་ཁའི་སྤྱི་མཐུན་རྒྱལ་ཁབ”གསར་དུ་བཙུགས་པར་བཀག་འགོག་དང་ངོ་རྒོལ་བགྱིས། ཁོང་གསང་བའི་ངང་དུ་ཕྱི་རྒྱལ་དུ་བཅར་འདྲིའི་ལས་དོན་དུ་བསྐྱོད་དེ། ཡ་ཏི་སི་ཡ་པེའེ་པ་ཡི་ཧྥེ་གླིང་གི་རང་དབང་ལས་འགུལ་ཚོགས་ཆེན་དུ་ཞུགས། ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་བཀག་སྡོམ་ལ་འབོད་སྐུལ་མཛད་དོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོའི་སྤྱི་ཟླ་བརྒྱད་པར་མན་ཏི་ལ་ཁྲི་མུན་དུ་ཚུད། དེ་དུས་རང་ལོ་ཞེ་གསུམ་རེད། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གིས་ཁོང་ལ“ངོ་ལོག་ཟིང་སློང” གི་ཉེས་པ་དང་། “ཁྲིམས་འགལ་གྱིས་ས་མཚམས་བརྒལ” བའི་ཉེས་མིང་གིས་བགྲང་བྱ་ལྔ་ལ་བཙོན་ཆད་བཅད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོའི་ཟླ་དྲུག་པར་ཡང་བསྐྱར་ཁོང་ལ་ཉེས་བགྲང་ཞུ་གཏུག་པའི་ནག་ཉེས་དང་། “འཚེ་བའི་ངང་ནས་རྒྱལ་ཁབ་ཀྱི་སྲིད་གཞུང་མགོ་རྟིང་བསློག་པའི་རེ་ངན་བཅངས”པའི་ནག་ཉེས་བཀལ་ནས་དུས་ཚོད་ངེས་མེད་ཀྱི་བཙོན་ཁྲིམས་བཅད། བཙོན་ཁྲོད་ཀྱི་བགྲང་བྱ་ཉེར་བདུན་གྱི་ལོ་རྒྱུས་ཁྲོད་དུ་ཁོང་གིས་ཚད་ལས་བརྒལ་སོང་བའི་མྱ་ངན་དང་མནར་གཅོད་བསམ་གྱིས་མི་ཁྱབ་པ་མྱངས་ནའང་། ཆེས་ཐ་མར་མི་རིགས་དབྱེ་འབྱེད་རིང་ལུགས་རྨེག་ནས་གཏོར་ཅིང་། འདྲ་མཉམ་དང་། རང་དབང་གི་ལྷོ་ཨ་ཧྥེ་རི་ཁ་གསར་བ་ཞེས་བརྟན་བརླིང་གི་དྲན་རྟེན་ཞིག་བཙུགས་སོང་བ་ཡིན་ནོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ། ལྷོ་ཨ་ཧྥེ་རི་ཁས་ཕྱི་ནང་གི་རྒྱལ་ཁབ་དུ་མའི་གནོན་ཤུགས་མ་ཐེག་པས། མན་ཏི་ལ་ཆ་རྐྱེན་གང་ཡང་མེད་པར་གློད་པར་བགྱིས་པའི་གསལ་བསྒྲགས་སྤེལ། བགྲང་བྱ་བཞི་བཅུའི་རིང་གི་ཆབ་སྲིད་དོན་གཉེར་གྱི་ལོ་རྒྱུས་ཁྲོད་དུ་གཟེངས་རྟགས་བརྒྱ་ལས་བརྒལ་བ་ཐོབ་པ་བྱུང་ཞིང་། དེ་དག་ལས་ཆེས་གཟེངས་སུ་མཐོ་བ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ཐོབ་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་སོ།། མན་ ཏི་ལ་ཡི་དབུ་ཁྲིད་འོག་ཏུ་ལྷོ་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཐ་དད་པ་ཁྱད་དུ་གསོད་ པའི་གནའ་ལུགས་རྟིང་ནས་བརླགས་པ་དེ་དང་། མི་རིགས་འདྲ་མཉམ་དང་། ཕན་ཚུན་ཡིད་ཆེས་ཀྱི་ཕྱོགས་སུ་མངོན་སུམ་གྱིས་བསྐྱོད་ཐུབ་སོང་བ་དེའོ།།
ཅིན་ཏཱ་ཀྲུང་། (༡༩༢༤____༢༠༠༩)ལྷོ་ཀོ་རི་ཡའི་མི།
རྒྱ་མིང་། (金大中) ཀོ་རི་ཡའི་མིང་། (Kim Dae-Jung)
བཙོན་ནང་གི་དུས་ཡུན། བགྲང་བྱ་བརྒྱད་ཡས་མས།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། ལྷོ་ བྱང་ཀོ་རི་ཡ་གཉིས་ཞི་བའི་དབྱེན་ཟླུམ་གྱི་མཛད་རྗེས་བསྐྲུན་པ་དང་། ལྷོ་ཀོ་རི་ཡའི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་སླད་དུ་བརྟུན་པ་ཆེར་བསྐྱེད་བགྱིས་པ།
ཅིན་ཏཱ་ཀྲུང་། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ཉེར་བཞི་ལོར་བལྟམས། བྱང་ཀོ་རི་ཡའི་དམག་འཁྲུགས་ཁྲོད་དུ་གསོན་བཟུང་ཐེབས་པས་སྲོག་ཐོག་ཏུ་སྦྱོར་བའི་ཁྲིམས་ཆད་ཕོག་ཀྱང་། རྗེས་སུ་ཉེན་ཁ་ལས་བྱོལ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་ལྔ་ལོར་སྲིད་ཕྱོགས་སུ་འཛུལ་བའི་ཉེར་བསྡོགས་བརྩམས་ཏེ་ལེས་ཁྲིན་ཝན་གྱི་སྲིད་ཇུས་ལ་རྒོལ་བ་བྱས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོར་རྒྱལ་ཁབ་གྲོས་ཚོགས་ཀྱི་ཚོགས་མིར་གྱུར། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོའི་ཆབ་སྲིད་ཀྱི་དུས་འགྱུར་ཁྲོད་དུ་ཕོའུ་ཀྲིན་ཤིས་(ལྷོ་ཀོ་རི་ཡའི་སྐབས་ལྔ་བ་ནས་དགུ་བའི་བར་གྱི་སྲིད་བློན)ཀྱིས་གྲོས་ཚོགས་ཀྱི་ཁ་གཏོར་བ་བས། ཁོང་ཡང་ཕོའུ་ཡི་སྲིད་ཇུས་ལ་སྐྱོན་གྱིས་བརྗོད་པ་འབའ་ཞིག་ཏུ་གྱུར་ཏོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོའི་སྲིད་འཛིན་འོས་འདེམས་འགྲན་བསྡུར་ཁྲོད་དུ་ཕམ་ཁ་བྱུང་། སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་ཉི་ཧོང་གི་རྒྱལ་ས་ཏོང་ཅིན་དུ་སྡོད་པའི་ མགྲོན་ཁང་ཞིག་ཏུ་ལྷོ་ཀོ་རི་ཡའི་གསང་འཕྲིན་པ་ཀུན་པོ་བཙན་ཁྲིད་བྱས་ཏེ། ལྟ་སྲུང་བའི་དྲག་སྐྱེལ་དང་བསྡོངས་ནས་ལྷོ་ཀོ་རི་ཡར་བཙོན་འཇུག་བྱས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཡང་བསྐྱར་བཀག་བསྐྱིལ་བགྱིས་ཤིང་། དམངས་གཙོ་བསྐྱར་དུ་གསོ་བའི་རེ་བ་བཏོན་པས་བགྲང་བྱ་བརྒྱད་ཀྱི་ཁྲིམས་ཐག་བབ། ཟླ་བ་སུམ་ཅུ་སོ་གསུམ་གྱི་ཁྲིམས་ཆད་ཁུར་རྗེས་གློད་པ་ཐོབ། རྗེས་སུ་ཟིང་སློང་ངན་གཤོམ་གྱི་ཉེས་མིང་འོག་ཡང་བསྐྱར་བཀག་བསྐྱིལ་ཐེབས་ཏེ། དམག་དོན་ཁྲིམས་ཁང་གིས་བརྩད་ཅིང་དྲིས་པ་བརྒྱུད་སྲོག་ཐོག་ཏུ་སྦྱོར་བའི་ཁྲིམས་ཆད་བསྒྲགས་སོ།།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་སྲོག་ཐོག་གི་ཁྲིམས་ཆད་བསྒྱུར་ཏེ་ཚེ་བཙོན་ཡིན་པར་བསྒྲགས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོར་ཨ་རི་ལ་ནད་བཅོས་སུ་སོང་ཆོག་པའི་བཀའ་འཁྲོལ་ཐོབ་ཅིང་། མུ་མཐུད་ནས་ཆོན་ཏོའོ་ཧན(སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ལྷོ་ཀོ་རི་ཡའི་སྲིད་འཛིན)གྱི་ཚོགས་པ་ལ་ངོ་རྒོལ་དང་། དམངས་གཙོ་རྩོད་ལེན་སྒྲིག་འཛུགས་ཀྱི་བསྒྲགས་གཏམ་སྤེལ་བའི་ལས་ལ་ཞུགས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོའི་ཟླ་གཉིས་པའི་ཚེས་བརྒྱད་ལ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཧྲོའར་དུ་ཕྱིར་ལོག་ཅིང་། ཅིན་ཡུང་སན(སྐབས་བཅུ་བཞི་བའི་ལྷོ་ཀོ་རི་ཡའི་སྲིད་བློན)དང་ལྷན་དུ་དམངས་གཙོ་ཅན་དུ་ཇི་ལྟར་བསྒྱུར་བའི་སྐོར་ལ་གྲོས་མོལ་བྱས།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཞི་བདེ་དམངས་གཙོའི་ཏང་ཕྱོགས་དངོས་སུ་བཙུགས་ཤིང་། སྤྱི་ཁྱབ་པའི་ཐུགས་འགན་དང་། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོར་སྲིད་དབང་བཟུང་མེད་པའི་ཏང་ཤོག་གི་ཚོགས་མི་དང་དབུ་ཁྲིད་ཀྱི་ཐུགས་འགན་བཞེས།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་དགུ་བར། ཆབ་སྲིད་རྒྱལ་དམངས་གྲོས་ཚོགས་གསར་བ་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་མཛད་པར་མ་ཟད། ཏང་ཕྱོགས་སྤྱི་ཁྱབ་པའི་འགན་ཁུར། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོའི་ཟླ་ལྔ་བར། ཆབ་སྲིད་རྒྱལ་དམངས་གྲོས་ཚོགས་གསར་བས་ཅིན་ཏཱ་ཀྲུང་སྐབས་བཅོ་ལྔ་བའི་ལྷོ་ཀོ་རི་ཡའི་སྲིད་བློན་འགྲན་བསྡུར་གྱི་བདམ་བྱའི་མི་སྣར་བསྐོས། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་འགྲན་བསྡུར་ཁྲོད་དངོས་སུ་རྒྱལ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ལ་དངོས་སུ་སྲིད་བློན་གྱི་འགན་བཞེས། ཉིས་སྟོང་བཅུ་ལོར་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་པ་དག་གི་སྐུལ་མར་བརྟེན་ནས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བསྩལ་ཅིང་། “ཡ་གླིང་གི་མན་ཏི་ལ”ཞེས་བསྔགས་པར་བགྱིས་སོ།།
ཨང་སན་སོའུ་ཅེ། (༡༩༤༥______)འབར་མའི་མི།
རྒྱ་མིང་། (昂山素季) འབར་མའི་མིང་། (Aung San Suu Kyi)
བཙོན་ཁྲོད་ཀྱི་དུས་ཡུན། བགྲང་བྱ་བཅོ་ལྔ་ཡས་མས།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། འཚེ་མེད་ཞི་བར་བརྟེན་ནས་འབར་མ་དམངས་གཙོར་བསྒྱུར་བར་མཛད་རྗེས་རྨད་དུ་བྱུང་བ་བསྐྲུན་པ།
ལས་གནས། རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ་སྤྱི་ཁྱབ་དྲུང་ཡིག འཚེ་མེད་ཞི་བ་དང་དམངས་གཙོ་དོན་གཉེར་བ།
སློབ་གྲྭ། དབྱིན་ཇིའི་ཨོ་ཁི་སི་ཧྥོ་ཌི་སློབ་ཆེན།
ཆོས་ལུགས་དད་མོས། ནང་བ།
གཟེངས་རྟགས་ཐོབ་པ། ལ་ཧྥུའུ་ཐོ་གཟེངས་རྟགས། (1990) ཟ་ཧི་ལོ་ཧྥུའུ་གཟེངས་རྟགས། (1990)ནོ་སྦེལ་གཟེངས་རྟགས།
༡༩༦༤། ༡༩༦༧། དབྱིན་ཇི་རུ་ཆབ་སྲིད་རིག་པ་དང་། དཔལ་འབྱོར་རིག་པ། མཚན་ཉིད་རིག་པ་བཅས་ལ་ཐོས་པ་བྱས།
༡༩༦༩། ༡༩༧༡། ཉིག་ཡོ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་དུ་དྲུང་ཡིག་ལས་རོགས་ཀྱི་འགན་བཞེས།
༡༩༧༢། དབྱིན་ཇི་རུ་ཨ་ལེས་སི་དང་མཉམ་དུ་གཉེན་བསྒྲིགས།
༡༩༨༥། ༡༩༨༦། ཉི་ཧོང་ཅིན་ཏོ་སློབ་ཆེན་གྱི་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་ལྟེ་གནས་སུ་མཚམས་འདྲི་སློབ་གཉེར་བའི་ཁོངས་སུ་ཞུགས།
༡༩༨༨། ༩། ཁེར་རྐྱང་ངང་རང་རྒྱལ་དུ་ལོག རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ་མཉམ་འབྲེལ་གསར་སྒྲུབ་མཁན་དང་སྤྱི་ཁྱབ་དྲུང་ཡིག་གི་འོས་འགན་གཅིག་ལྕོགས་སུ་བཞེས།
༡༩༨༩། ༧། ༢༠། འབར་མ་དམག་གཞུང་གིས་རྒྱལ་ཁབ་ཕུང་ལ་སྦྱར་བའི་ཉེས་མིང་བཏགས། དེ་ནས་བཟུང་ལོ་དྲུག་གི་རིང་དམག་གཞུང་གིས་འཇམ་བཀག་བྱས། དེའི་བར་དུ་ནང་མི་དང་ཐེངས་བཞི་ལ་མཉམ་འཛོམས་བྱུང་།
༡༩༩༠། ༥། ༢༧། རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ་གྱི་འོས་འདེམས་ཆེན་མོའི་ཁྲོད་དུ་གནོན་ཤུགས་མྱོང་མཁན་གྱི་འོས་ཤོག་ཐོབ། ཡིན་ནའང་དམག་གཞུང་གིས་འོས་འདེམས་ཀྱི་མཇུག་འབྲས་ངོས་ལེན་བྱས་མེད།
༡༩༩༡། ༧། ༡༠། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ།
༡༩༩༥། ༧། གློད་གྲོལ་ཐོབ། ཁོང་ མོའི་ཁྱོ་ག་ཡང་བསྐྱར་འབར་མ་རུ་ཡོང་ནས་མོ་དང་མཇལ་རྒྱུ་བྱུང་། ཡིན་ནའང་ཐུག་འཕྲད་དེ་ནི་ཁོང་གཉིས་ཀྱི་ཆེས་མཐའ་མཇུག་གི་མཉམ་འཛོམས་ཐེངས་ཤིག་ གོ།
༡༩༩༦། ཁྱོ་ག་ཨ་ལེས་ཟི་ཆེས་མཐའ་མཇུག་ཏུ་མོ་དང་མཉམ་འཛོམས་བྱུང་རྗེས། ཇི་ སྲིད་འཚོ་བའི་བར་དུ་འབར་མའི་རྒྱལ་ཁོངས་སུ་མི་ལོག་པའི་སྟ་གོན་བྱས། ལོ་དེར་སློབ་ཕྲུག་རྔམ་སྟོན་གྱི་ལམ་སྟོན་པར་བསྙད་དེ་ཡང་བསྐྱར་འཇམ་བཀག་བྱས།
༡༩༩༨། ༧། འབར་མ་དམག་གཞུང་གིས་མོ་དང་རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ་གྱི་ཚོགས་མི་ཐུག་འཕྲད་ཀྱི་སྒོ་ཀུན་ནས་བཀག
༡༩༩༩། ༣། ༢༧། ཁོང་མོའི་ཁྱོ་ག་གཤེར་རྨེན་འབྲས་སྐྲན་གྱི་ནད་ཀྱིས་བཏབ་སྟེ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ལྔ་བའི་ལམ་དུ་དེངས། དམག་གཞུང་གིས་ཁྱོ་གར་མྱ་ངན་ཞུ་ཆེད་ཕྱི་རྒྱལ་དུ་སོང་ཆོག་པའི་བཀའ་འཁྲོལ་ཀྱང་ཁས་ལེན་གཏན་ནས་མ་བྱས།
༢༠༠༠། ༥། ༢། གཞུང་འབྲེལ་གྱི་གསལ་ཤོག་ཏུ་རྒྱལ་ཁབ་ཕུང་ལ་སྦྱར་བའི་ཉེས་མིང་གིས་སྲོག་ཁྲིམས་འགེལ་བར་གསལ་བསྒྲགས་བྱས།
༢༠༠༠། ༩། ཕྱོགས་འགལ་དམག་གིས་བཀག་རྒྱ་བསྡམས་རྐྱེན། གྲོང་ཁྱེར་བྱང་ཕྱོགས་མན་དི་ལི་རུ་ཡང་བསྐྱར་འཇམ་བཀག་བྱས།
༢༠༠༠། ༡༠། དམག་གཞུང་གིས་གསང་བའི་སྒོ་ནས་སྐད་ཆ་བཤད།
༢༠༠༢། ༥། དམག་གཞུང་གི་ངལ་གསོའི་སྐབས་བསྟུན་གྱིས་ཉིན་གཉིས་ཀྱི་རིང་གློད་གྲོལ་བཏང་།
༢༠༡༠། ༡༡། ༡༣། ད་ལྟ་རང་ལོ་རེ་ལྔ་སོན་པའི་རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ་གྱི་སྤྱི་ཁྱབ་དྲུང་ཡིག་ཨང་ཧྲན་སོའུ་ཅེ་མཆོག་འཇམ་བཀག་ལས་གློད་གྲོལ་ཐོབ།
ལུག་ཞོ་པོ། (༡༩༥༥______ )རྒྱ་ནག་གི་མི། རྒྱ་མིང་། (刘晓波)
བཙོན་ཁྲོད་ཀྱི་དུས་ཡུན། བགྲང་བྱ་བཅུ་གཉིས།
གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་བར་སྔ་རྗེས་སུ་བརྟུན་པ་བསྐྱེད་པ།
༡༩༥༥ལོའི་ཟླ༡༢ཚེས༢༨ལ་ཅིས་ལིན་ཞིང་ཆེན་གྱི་ཁྲང་ཁྲོན་གྲོང་ཁྱེར་དུ་སྐྱེས།
༡༩༦༩ ནས ༡༩༧༣བར་ཕ་མའི་རྗེས་འབྲངས་ནས་ནང་སོག་དུ་སོང་།
༡༩༧༦ལོར་ཁྲོན་ཁྲང་གྲོང་ཁྱེར་གྱི་འཛུགས་སྐྲུན་ཀུང་ཟིའི་ལས་བཟོ་བ་བྱས།
༡༩༧༧ནས༡༩༨༢བར་ཅིས་ལིན་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ཏུ་སློབ་གཉེར་བྱས་ཏེ། ༡༩༨༢ལོར་སློབ་གླིང་དེ་གར་སློབ་མཐར་ཕྱིན་ཅིང་། རིག་གནས་རབ་འབྱམས་པའི་དཔང་རྟགས་ཐོབ།
༡༩༨༢ ལོར་པེ་ཅིན་དགེ་འོས་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་ཞིབ་འཇུག་རབ་འབྱམས་པའི་ འཛིན་གྲྭར་ཞུགས་ཏེ། ༡༩༨༤ལོར་སློབ་མཐར་ཕྱིན་ཅིང་རིག་རྩལ་རིག་པའི་ཐོབ་དཔང་བླངས། ༡༩༨༤ནས༡༩༨༦བར་དུ་པེ་ཅིན་དགེ་འོས་སློབ་ཆེན་གྱི་དགེ་རྒན་བྱས།
༡༩༨༦ ནས༡༩༨༨བར་པེ་ཅིན་དགེ་འོས་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་འབུམ་རམས་པའི་འཛིན་ གྲྭར་ཞུགས། ༡༩༨༨ལོར་སློབ་མཐར་ཕྱིན་ཅིང་རིག་རྩལ་རིག་པའི་འབུམ་རམས་པའི་དམ་བཅའ་བཞག
༡༩༨༨ལོའི་ཟླ༨ཚེས༡༡ལ་ནོ་ཝེ་ཨོ་ཟི་ལུའུ་སློབ་གྲྭ་ཆེན་མོས་རྒྱ་ནག་གི་དེང་རབས་རྩོམ་རིོག་གི་འཆད་ཁྲིད་དགེ་རྒན་དུ་གདན་འདྲེན་བྱས།
༡༩༨༨ལོའི་ཟླ༡༢ ནས། ༡༩༨༩ ལོའི་ཟླ་བ་གཉིས་པའི་བར་དུ་ཨ་རིའི་ཞ་ཝེའུ་ཡེས་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ མཚན་ཉིད་རིག་པ་དང་། རྒྱ་ནག་གི་དེང་རབས་ཆབ་སྲིད། ཤེས་ལྡན་མི་སྣའི་སྐོར་གྱི་འཆད་ཁྲིད་དགེ་རྒན་དུ་གདན་འདྲེན་ཞུས་ཤིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་བཟུང་ཏེ་འཆད་ཁྲིད་བྱས།
༡༩༨༩ལོའི་ཟླ་གསུམ་པའི་ཚེས་ལྔ་ལ་ཨ་རིའི་ཁི་ལོན་པེས་ཡ་སློབ་གྲྭ་ཆེན་མོའི་མཚམས་འདྲི་བའི་སློབ་ཁོངས་སུ་ཞུགས་ཏེ་ཕྱིར་རང་རྒྱལ་ཏུ་ལོག
༡༩༨༩ཟླ་བཞི་བའི་ཚེས་ཉེར་བདུན་ནས་ཟླ་དྲུག་པའི་ཚེས་བཞི་བར་པེ་ཅིན་དུ་གྱ་དགུའི་མི་དམངས་ལས་འགུལ་ཁྲོད་དུ་ཞུགས། ཐེ་ཨན་མན་གྱི་སྐྱེས་མཆོག་བཞིའི་གྲས་དང་། ལས་འགུལ་སྣེ་ཁྲིད་པ་ཞེས་པའི་སྙན་པ་ཐོབ།
༡༩༨༩ལོའི་ཟླ་དྲུག་པའི་ཚེས་དྲུག་ནས། ༡༩༩༡ ལོའི་ཟླ་དང་བོའི་བར་གྱི་མི་དམངས་ལས་འགུལ་གྱི་སྣེ་ཁྲིད་པ་དང་། ཕུང་གྲོལ་གྱི་བསྒྲགས་གཏམ་སྤེལ་ཏེ་གསར་བརྗེ་ངོ་ལོག་བྱས་པའི་ཉེས་མིང་འོང་ཁྲི་ མུན་དུ་བཙུད།
༡༩༨༩ལོའི་ཟླ་བ་དགུ་བར་ལས་གནས་ལས་གནས་དབྱུང་བྱས།
༡༩༩༡ལོའི་ཟླ་དང་བོ་ནས་༡༩༩༥ལོའི་ཟླ་ལྔ་བའི་བར་པེ་ཅིན་དུ་རྒྱ་ནག་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སྐོེར་ཟིན་བྲིས་སུ་བཏབ།
༡༩༩༥ལོའི་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ནས། ༡༩༩༦ ལོའི་ཟླ་དང་བོའི་བར་དུ་པེ་ཅིན་ཉེ་འཁོེར་དུ་བཀག་སྐྱིལ་བྱས། བཙོན་གྲོལ་ཐོབ་རྗེས་རྒྱུན་བསྲིངས་ནས་མི་དམངས་ལས་འགུལ་སྐོེར་གྱི་རང་དབང་ རྩོམ་ཡིག་མང་དུ་བྲིས།
༡༩༩༦ ལོའི་ཟླ་དགུ་བར་སྤྱི་ཚོགས་དང་སྒྲིག་ལམ་ཟང་ཟིང་བཟོས་པར་བསྙད་དེ། ལོ་ངོ་གསུམ་རིང་ངལ་རྩོལ་སློབ་གཅུན་བགྱིས། ལོ་དེ་ག་རང་ལ་ལུག་ཞ་དང་གཉེན་བསྒྲིགས། ༡༩༩༦ལོའོ་ཟླ་བཅུ་བའི་ཚེས་བརྒྱད་ནས། ༡༩༩༩ལོའི་ཟླ་བཅུ་བའི་ཚེས་བདུན་བར་ངལ་རྩོལ་སློབ་གཅུན་དོན་འཁྱོལ་བྱས།
༡༩༩༩ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན་གྲོལ་བ་ཐོབ། དེ་ནས་བཟུང་མུ་མཐུད་ནས་པེ་ཅིན་དུ་རང་དབང་གི་སྐོར་གྱི་རྩོམ་ཡིག་བྲིས།
༢༠༠༣ལོའི་ཟླ་བཅུ་གཅིག་པར་རྒྱ་ཡིག་གི་རང་དབང་རྩོམ་པ་བོའི་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་གཙོར་བསྐོ་བཞག་མཛད།
༢༠༠༥ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ཡང་བསྐྱར་རང་དབང་རྩོམ་པ་བོའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ཚོགས་གཙོར་བདམས་ཐོན་བྱུང་།
༢༠༠༨ལོར<ཐིག་བརྒྱད་རྩ་ཁྲིམས>གཏན་འབེབས་ཀྱི་འགོ་བརྩམས། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འགྲེམ་སྤེལ་མཛད།
༢༠༠༨ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན“རྒྱལ་ཁབ་མགོ་རྟིང་སློག་པའི་ངན་སྐུལ་བའི་དོགས་ཡོད་ཆབ་སྲིད་ཉེས་ཅན”པར་བསྙད་དེ་བཀག་སྐྱིལ་བྱས། ཟླ་བཅུ་གཉིས་པའི་ཚེས་དགུ་ནས་ལྟ་སྐུལ་བའི་འོག་ནས་སྡོད་དགོས་བྱུང་།
༢༠༠༨ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཀྲུའུ་ཟི་ཡིས་གསལ་བསྒྲགས་བགྱིས་ཏེ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལུག་ཞོ་ཕོ་ཡུན་རིང་བོར་བཀག་སྐྱིལ་ བྱས་ཏེ་ཐུག་འཕྲད་མེད་པར་བཟོས་པར་བློ་ཕམ་ཡོད་ལུགས་སྐོར་གྱི་བཞེད་ཚུལ་བཏོན།
༢༠༠༨ ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་ཧོང་ཀོང་འབྲེལ་མཐུད་ཡན་ལག་ཚོགས་པས་ ཁྲོམ་སྐོར་བགྱིས་ཏེ། ལུག་ཞོ་ཕོ་གློད་གྲོལ་ཐོབ་པའི་རེ་ཞུ་བྱས།
༢༠༠༨ ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ཧོང་ཀོང་འབྲེལ་མཐུད་ཚོགས་པའི་རྒྱ་ནག་མཉམ་ འབྲེལ་ལྷན་ཚོགས་ཀྱིས་ལུག་ཞོ་པོ་གློད་གྲོལ་ཡོང་བའི་རེ་བ་ཞུས།
༢༠༠༩ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་རྒྱལ་ཁབ་མགོ་རྟིང་སློག་པའི་ངན་སྐུལ་བའི་དོགས་ཡོད་ཆབ་སྲིད་ཉེས་ཅན་པར་བཏགས་ཏེ། ཞིབ་གཤེར་ཁང་གིས་དངོས་སུ་འཛིན་བཟུང་བྱས་པའི་བཀའ་བརྒྱ་བསྒྲགས།
༢༠༠༩ ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་པེ་ཅིན་ཆེས་མཐོའི་འབྲིང་རིམ་མི་དམངས་ ཁྲིམས་ཁང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ངན་སྐུལ་བའི་དོགས་ཡོད་ཆབ་སྲིད་ཉེས་ ཅན་དུ་བསྙད་དེ་ལོ་བཅུ་གཉིས་ཀྱི་ཁྲིམས་ཐག་དང་། ཆབ་སྲིད་ཀྱི་ཁེ་དབང་ལོ་གཉིས་ལ་ཕྲོགས།
༢༠༡༠ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ནས་རྒྱ་ནག་གི་ལོ་ཉིན་ཞིང་ཆེན་ཅིན་ཀྲོ་ཡི་བཙོན་ཁང་དུ་ཁྲིམས་ཆད་ཁུར།
༢༠༡༠ ལོའི་ཟླ༡༠ཚེས་བརྒྱད་ཉིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལུག་ཞོ་པོ་ལ་ཐོབ་པའི་ཁྱབ་བསྒྲགས་བྱས།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་འདི་སོང་བ་ཡིན་ན། ཐོག་མར་གོང་ས་མཆོག་བཙོན་ལ་འགྲོ་དགོས་ཀྱི་ཡོད་པས། མ་གྱུར་སེམས་ཅན་གྱི་ཆེད་དུ་བསམ་ན་ཅང་མ་རེད་དེ། ལོ་ནའི་བབ་ནས་བཤད་ན་ཧ་ཅང་གི་དཀའ་མོ་ཞིག་ཡིན་པས། གང་བྱེད་ཁོང་ལ་བཀའ་འདྲི་ཡང་བསྐྱར་ཞུ་དགོས་པར་སྣང་།
དེ་ཚོ་ཚང་མ་སྤྱི་དོན་ཕྲག་པར་བཞེས་མཁན་གྱི་སྐྱེས་ཆེན་རྐྱང་རེད་ཁོང་ཚོ་ཚང་མ་བཙོན་དུ་བཅུག་ནས་གདོན་འདྲེ་དམ་ཉམས་ཚང་མ་ཡར་ལངས་སྟེ་འཛམ་གླིང་ཧྲིལ་བོ་འཕྲོག་བཅོམ་དང་། གསོད་རེས་བཅོམ་རེས་ཉམས་ཆུང་ས་མཐར་འཁྱམས་ཤིང་། དཔོན་ངན་མགོན་དཔང་མཐོ་བའི་དུས་མཐར་འདིར་ད་ཅི་དྲག
དེ་ཚོ་ཚང་མ་འཛམ་གླིང་སྤྱིའི་བདེ་དོན་ཕྲག་པར་བཞེས་པའི་སྐྱེས་ཆེན་དམ་པ་ཤ་དག་རེད། ཁོང་ཚོ་ཚང་མ་བཙོན་དུ་བཅུག་ནས་འདུད་རྒན་དམ་ཉམས་ཚང་མར་དབང་ཆ་སྤྲོད་དེ་ནི་དེང་རབས་ཀྱི་ཁྱད་ཆོས་ཡིན།
དགེ་སློང་དབུ་འཁྲིད་ཡིན་པ། །
བོད་ཀྱི་ཆོས་དང་རིག་གཞུང་། །
འཆད་སྤེལ་ཉམས་གསོ་གནང་མཁན། །
༸རྒྱལ་བ་༸བསྟན་འཛིན་རྒྱ་མཚོ། །
འཛམ་གླིང་ཞི་བདེའི་དེད་དཔོན། །
ཚན་རིག་ལྟ་གྲུབ་ཆོས་ལུགས། །
སོ་སོར་འབྱེད་མཁས་སློབ་དཔོན། །
འཛམ་གླིང་འདི་ཡི་མཛེས་རྒྱན། །
འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ཐུགས་ཀྱི་བཞེད་དགོངས་ཐ་དག་གྲུབ་པར་ཤོག