ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་རིགས་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་དག་གིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སོང་བ་དག་ལ་རྗེས་འབྲེལ་མཆོད་འབུལ་སྨོན་ལམ་འཆར་ཅན་དུ་ཚུགས་མུས་ལྟར། ཕྱི་ཚེས་ ༨ ཉིན་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་འཕེལ་རྒྱས་དང་ཀླུ་ཆུའི་ཤིང་ཚང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པར་རྗེས་འབྲེལ་སྨོན་ལམ་མཆོད་འབུལ་ཞིག་ཟླ་བ་ ༡༢ པའི་ཚེས་ ༩ ཉིན་ཕྱི་དྲོའི་ཚོུད་ ༥ པ་ནས་ ༦ བར་དུས་ཚོད་གཅིག་གི་ནོར་གླིང་ཉེ་འགྲམ་དུ་ཡོད་པའི་འཆི་མེད་དགའ་ཚལ་གླིང་དགོན་པར་འཚོགས་པ་དང་། དེ་བཞིན། ཕྱི་ཚེས་དགུ་ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞཱུང་ལ་ངོ་རྒོལ་གྱིས་འདས་གྲོངས་སོང་བ་རེབ་གོང་མགོན་ཤུལ་ནས་ཡིན་པ་པཎ་ཆེན་སྐྱིད་དེ་ཉིད་ཀྱི་ཆེད་སྨོན་ལམ་མཆོད་འབུལ་ཞིག་ཕྱི་ཚེས་ ༡༠ དགོང་དྲོར་འཆི་མེད་དགའ་ཚལ་གླིང་དུ་འཚོགས་ཡོད་པར། མི་མང་ཉིས་བརྒྱ་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་དང་། འདི་ནས་འཆར་ཅན་སྨོན་ལམམ་མཆོད་འབུལ་སྟབས་བསྟུན། བོད་ནང་གིཛ་དྲག་གནས་ཚུལ་རིགས་མི་མང་ལ་འགྲེལ་བརྗོད་དང་། ལམ་འཁེལ་རྩིག་ངོས་དག་ལ་འགྲེམས་སྦྱར་སོགས་ཞུས་དང་ཞུ་མུས་ཁར། མཆོས་འབུལ་སྨོན་ལམ་གྱི་འདུ་འཛོམས་དང་སྟབས་བསྟུན། འབྲེལ་ཡོད་ཁག་ཅིག་གདན་ཞུས་ཀྱིས་གཏམ་བཤད་ཐུང་ངུ་རེ་ཡང་གོ་སྒྲིག་ཞུ་མུས་ལ། ད་རེས་ཚེས་ ༨ ཉིན་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་ཆོས་དགེ་ཁྲི་འགྱུར་མེད་རྡེ་རྗེ་ལགས་གདན་ཞུས་ཀྱིས་གཏམ་བཤད་གནང་དོན། ད་ལྟའི་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ངོ་རྒོལ་བྱས་པ་དེ་རང་གི་ཆེད་དུ་མ་ཡིན་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བདེན་པའི་འཐབ་རྩོད་ཅིག་ཡིན་ཚུལ་་གསུངས་བ་དང་། ཆོས་དགེ་ཁོང་གིས་མུ་མཐུད་གསུངས་དོན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེག་གཏོང་བའི་སྐབས་མི་གཞན་ལ་གནོད་པ་གང་ཡང་མ་བྱས་པར་རང་གི་ཡོད་་ཚད་ཀྱི་ཡོད་ཚད་བློས་གཏོང་བྱས་ཡོད་པ་དང་། འཚེ་བ་མེད་པའི་སྒོ་ནས་ངོ་རྒོལ་བྱས་པ་དེ་འཚེ་མེད་ཞི་བདེ་་ཡོང་བའི་བདེན་པའི་འཐབ་རྩོད་ཅིག་ཏུ་ངོས་འཛིན་གྱི་ཐོག་ནས་ང་ཚོས་ཀྱང་ངེས་པར་དུ་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་སྒྲུབ་དགོས་སྐོར་གསུངས་སོང་བ་བཅས།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས
སྤྱི་ལོ་༢༠༡༢ལོའི་ཟླ་བ་༡༢པའི་ཚེས་༡༡ལ