གནས་ཚུལ་མཁོ་འདོན་པཿ བཀྲ་དོན།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག འཆི་མེད་དགའ་ཚལ་གླིང་དང་། བཙུན་དགོན་སྒྲོལ་མ་གླིང་། ནོར་གླིང་མི་མང་བཅས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚུགས་ཡོད།
དེ་ཡང་རྒྱ་ནག་དམར་པོའི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བསྟུད་མར་བྱེད་མུས་ལྟར། འདི་ཟླའི་ཕྱི་ཚེས་༡༣ ཉིན་དང་། བོད་ཀྱི་ལོ་གསར་ཚེས་གཉིས་ཏེ་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་བྱས་པའི་ཉིན་མོར། བལ་ཡུལ་མཆོད་བརྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་དཀར་མཛེས་ཁུལ་གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱིས་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༣ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་ ༦ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ། རང་ལོ་་༣༧ ཡིན་པ་ཁོང་གིས་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་ནས་རང་ལུས་མེ་རུ་བསྒྲོན་ཏེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱས་མཇུག ས་གནས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་འདུག
ཕྱི་ཚེས་༡༧ཉིན་བོད་མདོ་སྨད་བླ་བྲང་ཨ་མཆོག་ནས་ཡིན་གཅེས་དཔའ་བོ་ཞིག་ཀྱང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག གཞན་ཡང་ཕྱི་ཚེས་༡༣ སྟེ་བོད་ནང་གི་ལུགས་རྙིང་ལོ་སར་ཚེས་པ་བཞིའི་ཉིན་གུང་ཚོུད་ ༡།༡༠ ཡས་མས་སུ་བོད་མདོ་སྨད་ཨ་མཆོག་ཀླུ་ཤོད་སྐྱིད་ནང་ས་གནས་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་བཅས་རྒྱལ་གཅེས་དཔའ་བོ་ཁོང་བཞིས་གཙོས། ད་བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་བཅུ་མེད་གཅིག་བཅས་བྱུང་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཆེད་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྨོམ་ལམ་མཆོད་འབུལ་གོ་སྒྲིག་ཞུས་པར། འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ། ནོར་གླིང་ས་གནས་བོད་རིགས་མི་མང་བཅས་མཉམ་ཞུགས་བྱས་ཡོད་པའི་གསར་གནས་སུ། སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༢ པའི་ཚེས ༡༩ཉིན།།
ཁ་བྱང་མ་གཏོགས་མིན་འདུག