ཤར་ཕྱོགས་ཀྱི་འོད་སྣང་ནས།
དྲྭ་ཚོགས་ཚོ། ཐོན་མིའི་རིག་གཞུང་ལ་དུང་ཞེན་ཆེ་ཞིང་ལྷག་བསམ་གྱི་འོད་རླབས་དགུང་ལ་རྩེན་པའི་སྐུ་ཞབས་བློ་བཟང་སྨོན་ལམ་མཆོག་གིས་འགན་འཁུར་དང་བཟོ་སྐྲུན་གནང་བའི་༼སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་༽ཞེས་པ་མ་ཚིག་འབུམ་གཉིས་ལྷག་དང་ཡིག་འབྲུ་ས་ཡ་བཞི་ལས་བརྒལ་བ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་པའི་བོད་ཡིག་ཚིག་མཛོད་དང་། སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ་ཞེས་པ་རྨང་གཞིར་བཟུང་བའི་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་མཛད་པའི་དབྱིན་བོད་ཚིག་མཛོད་བཅས། མདོར་ན་བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་༩༠༠༠༠་ལྷག་ཡོད་པ་དང་། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བསྡུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་པ་ཞིག་རིན་མེད་འགྲེམས་སྤེལ་གནང་སྟེ་ཟླ་ངོ་གཉིས་ལྷག་འཁོར་ཀྱང་། དྲྭ་རྒྱའི་བརྡ་ཐག་གི་ནུས་ཚད་ཞན་དྲག་པའི་དཀའ་ངལ་འོག་ད་བར་ཕབ་ལེན་མ་ཐུབ་པར་ལུས་མོད། ཞག་འགའི་སྔོན་ནས་གུས་པས་གྲོགས་པོ་ཚོའི་རམ་འདེགས་འོག་མཉེན་ཆས་འདི་ལག་སོན་བྱུང་སྟབས་དགའ་ཚོར་དཔག་མེད་ངང་བཀོལ་སྤྱོད་བྱེད་བཞིན་མཆིས། གོ་རིམ་དང་སྒྲིག་སྟངས་བཅས་ཀྱི་ཐད་རང་བློ་ཚིམ་ཐུབ་པ་ཞིག་འདུག་ལ། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་ཚིག་མཛོད་ཁག་མི་འདྲ་བ་བཞི་མཉེན་ཆས་གཅིག་ཐོག་ཏུ་བསྒྲིགས་འདུག་པར་བརྟེན་བེད་སྤྱོད་གཏོང་བདེ་བ་ཞིག་ཀྱང་འདུག འོན་ཀྱང་ཐོན་རིམ་དང་པོར་སོང་གཤིས། ཐ་སྙད་དང་ཡིག་འབྲུ་མ་དག་པ་འགའ་ཞིག་སྣང་བའི་སྐོར་ལ་འདིར་དཔེ་མཚོན་དང་འབྲེལ་བསམ་ཚུལ་ཉུང་ངུ་ཞིག་གླེང་འདོད་བྱུང་།
དཔེར་ན་༼ཀ་ཁོལ་མ་ལྟ་བུ་ལ་མཚོན་ན། སྲོང་བཙན་སྒམ་པོས་རང་གི་བཀའ་ཆེམས་ལེའུ་ཀ་པ་ནས་ཁོལ་བཏོན་གྱིས་ལྷ་ལྡན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་ལོགས་སུ་གཏེར་དུ་སྦས་པ་ཕྱིས་ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན་པའི་ཆོས་འབྱུང་ཞིག་ཡིན་ཞིང༌། མིང་གཞན་ལྷ་སའི་དཀར་ཆག་ཀྱང་ཟེར།༽ ཞེས་བོད་ཡིག་ཚིག་མཛོད་ནང་འགྲེལ་བཤད་ཚད་ལྡན་ཞིག་མཆིས་ཀྱང་། བོད་དབྱིན་ཚིག་མཛོད་ནང་དུ། ཀ་ཁོལ་མ་ཞེས་པ་ལ་ SA khol ma, historical pillar in lhasa ཞེས་པ་སྟེ། བོད་སྐད་ཐོག་བསྒྱུར་ན། ལོ་རྒྱུས་ལྡན་པའི་ལྷ་སའི་ཀ་བ་ཞེས་པར་གོ་འགྲོ། ངས་བསམས་ན་འགྲེལ་བཤད་རྒྱག་སྟངས་འདི་ Jim Valby ཡི་ཚིག་མཛོད་ལས་རྒྱུན་འབྱམས་སུ་སོང་བའི་ནོར་འཁྲུལ་ཞིག་ཡིན་ནམ་སྙམ།
ཡང་བོད་ཡིག་ཚིག་མཛོད་ནང་དུ། ༼ཐོངས་ཞེས་པར། 1.བཏང་བའི་སྐུལ་ཚིག་སྟེ། (དཔེར་ན།) རྟ་ཐོངས་ཤིག་ལྟ་བུ། 2.འདིང་བའི་སྐུལ་ཚིག་སྟེ། (དཔེར་ན།) གདན་ཐོངས་ཤིག་ཅེས་པ་ལྟ་བུ།༽ ལ་ཆ་བཞག་ན། གསར་བསྒྲིགས་ཀྱི་ལུགས་ལྟར་ཡིན་པས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་མི་མཐུན་ཞིང་། བོད་རྒྱ་ཚིག་མཛོད་ལས། གཏོང་བའི་སྐུལ་ཚིག་ལ་ཐོང་། ཞེས་དང་། འདིང་བའི་སྐུལ་ཚིག་ལ། ཐིང་། ཞེས་བཀོད་ཡོད་པར་བརྟེན། འདི་འདྲའི་སྐབས་གཞི་རྩའི་ཚིག་མཛོད་གཉིས་པོའི་ལུགས་སོ་སོར་མཚོན་བྱེད་ཀྱི་མཚོན་རྟགས་ཤིག་གམ། ཡང་ན་གསལ་བཤད་ཅིག་ཟུར་འགོད་མཛད་ཐུབ་ན་ཕན་ནུས་ཆེ་བར་སྣང་ལ། ད་དུང་ ༼ལྷམ་ལ་འཇུར་རྟ་དང་། ལྕགས་དང་། ཟངས། འགྱིག་སོགས་ལས་བཟོས་པའི་ཆུ་འདྲེན་ཡོ་བྱད་སྦུབས་ཅན་ལ། ཀ་ལ། ༽ ཞེས་པའི་ཐ་སྙད་འདི་འདྲ་ནི་ནེ་ཧིན་གང་རུང་གི་གཡར་སྐད་ཡིན་པར་སེམས་ཏེ། གལ་སྲིད་དེ་ལྟར་ཡིན་ངེས་ན། འདིའི་རིགས་ལའང་ཟུར་དུ་ (བལ་སྐད་དམ་ཧིན་སྐད།) ཅེས་པའི་ཟུར་མཆན་ཞིག་དང་། ད་དུང་ལེགས་སྦྱར་གྱི་མིང་ཚིག་མང་པོ་ཞིག་ལའང་ (ལེགས་སྦྱར།) ཞེས་པའི་མཆན་དགོད་རྒྱུ་ལྷག་འདུག་པས། འདི་དག་གི་སྐོར་ལ་ཞིབ་ཚགས་ཤིག་བྱུང་ན་ཐ་སྙད་མ་འདྲེས་པར་སོ་སོར་གསལ་ཐུབ་པར་བརྟེན་ཕ་སྐད་ལ་བསྲེས་ལྷད་མི་ཡོང་བའི་དགེ་མཚན་ཆེན་པོ་འདུག
གཞན་ཡང་འབྲི་སྲོལ་མི་འདྲ་བ་ཞེས་པ་ཞིག་རང་རེའི་ཚིག་མཛོད་ནང་རྒྱུན་དུ་མཐོང་བཞིན་པ་འདི་དག་ཕྱོགས་གཅིག་ནས་བསམ་ན། འབྲི་སྲོལ་མི་འདྲ་བ་ཞེས་པ་འདི་ཡང་མཁས་པས་འཕྱུགས་པའི་ནོར་སྐྱོན་ཁག་དག་བཅོས་བྱེད་མ་ཐུབ་པར་ལུས་པའི་སྐྱོན་ཞིག་ལས་མ་འདས་ཤིང་། མ་གཞི་ནོར་བ་ཡིན་ཚད་འབྲི་སྲོལ་མི་འདྲ་བ་ཤ་སྟག་ཡིན་སྟབས། འདིའི་རིགས་རྣམས་བསྒྱུར་བཅོས་གནང་སྟེ་ཡོངས་གྲགས་ལྟར་གཅིག་མཚུངས་ཤིག་བྱུང་ན་བརྡ་དག་གི་འགྲོས་ལེགས་པོ་ཞིག་འོང་ངེས་རེད། ཡང་ལོ་རྒྱུས་དང་འབྲེལ་བའི་མི་སྣ་ངོ་སྤྲོད་ཀྱི་སྐོར་ལ་བསམས་ན་་་་་་་་་༼རོང་ལོ་ཙཱ་བ་ཆོས་བཟང་།༽ ཞེས་བསྡུས་མིང་ཐོག་མ་བྲིས་ནས། ཡོངས་གྲགས་ལྟར་རོང་ཟོམ་ཆོས་ཀྱི་བཟང་པོའམ། ཀུན་མཁྱེན་རོང་ཟོམ་མཧཱ་པཎྜི་ཏ། ཞེས་དང་། པཎྜི་ཏ་སྨྲི་ཏི་་་་་མ་ཡིན་པར། པཎྜི་ཏ་སྨྲྀཏི་ཛྙཱ་ན་ཞེས་དགོད་དགོས་པ་དང་། རོང་པས་་་་མ་ཡིན་པར་ཡང་ན་་་་ཁོང་གིས་་་་ཞེས་པ་ལྟ་བུ་མིང་ཚབ་བམ། དེ་ལྟར་མ་བྱུང་ནའང་རོང་ཟོམ་པས་ཞེས་བྲིས་ན་ལེགས་པར་སྣང་ལ། མ་གཞི་འདིའི་རིགས་ནི་བོད་རྒྱ་ཚིག་མཛོད་སོར་བཞག་མཛད་པ་ཞིག་ཡིན་ནའང་། འཕྲི་སྣོན་དང་གསལ་ཁ་ཅུང་ཟད་གནང་ཐུབ་ཡག སྤྱིར་ལོ་རྒྱུས་ཐོག་གི་མི་སྣའི་སྐོར་ནི་༼མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་དང་། གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ།༽ ཞེས་པའི་དེབ་ཐེར་དང་། དུང་དཀར་ཚིག་མཛོད་ཆེན་མོ་དག་ལས་གསལ་བ་ལྟར། ཡོངས་གྲགས་སམ་གཅིག་མཚུངས་ཀྱི་མཚན་ཐོག་ནས་བཀོད་ན་འཚོལ་བདེ་ཞིང་། ད་དུང་འཁྲུངས་ལོ་དང་འདས་ལོ། དེ་ལྟར་མ་བྱུང་ནའང་དུས་རབས་སམ་རབ་བྱུང་སོགས་གང་ཡོད་ཁ་གསལ་ཞིག་དང་། མཚན་གྱི་རྣམ་གྲངས་གཞན་དག་ཀྱང་ལྷན་དུ་མཆན་བཀོད་ཀྱིས་གསལ་བཤད་རེ་ནི་མཁས་གྲུབ་མི་སྣ་སུའི་ངོ་སྤྲོད་ལའང་ངེས་པར་མཁོ་བས། དེ་ལྟར་བྱུང་ཚེ་ཤིན་ཏུ་ཡག མ་གཞི་ང་ཚོས་གཞི་བཅོལ་སའི་ཚིག་མཛོད་གང་ལའང་དོགས་ཟོན་དང་ཞིབ་ཚགས་ཀྱི་ཐོག་ནས་དག་ཐེར་གྱིས་གཅིག་མཚུངས་ཤིག་བཟོ་ཐུབ་ན་ཧ་ཅང་ལེགས་སྟབས། སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་བཀོལ་སྤྱོད་གནང་མཁན་ཚང་མས་ལྷག་བསམ་ལྷོད་མེད་དང་ཕྱར་གྲུ་མཉམ་འདེགས་ངང་བསམ་ཚུལ་རིགས་གང་མང་ཞིག་འདོན་སྤེལ་གནང་ཐུབ་ན་ཕན་རླབས་ཤིན་ཏུ་ཆེ་བས། མི་རིང་བར་ཁོང་གིས་འབད་བརྩོན་ལྷོད་མེད་དང་བསམ་ཚུལ་བསྡུ་ལེན་གྱི་རམ་འདེགས་འོག་ཞུ་དག་དང་ཡིད་རྟོན་འཕེར་ངེས་པའི་སྨོན་ལམ་ཚིག་མཛོད་ཐོན་རིམ་གཉིས་པ་ཞིག་རང་རིགས་ཀུན་ལ་ལེགས་སྐྱེས་སུ་གནང་ངེས།
གཞན་ཡང་ཚིག་མཛོད་ཀྱི་གཤམ་དུ། ཚིག་མཛོད་འདི་ཚོང་རྫས་ནམ་ཡང་བྱེད་མི་ཆོག་ཅེས་པའི་དོན་དབྱིན་ཐོག་ཏུ་ Not for slle, Only free. ཞེས་པ་ལྟ་བུ་ནོར་འཁྲུལ་དུ་གྱུར་པའི་རིགས་འགའ་ཤས་འདུག་ཀྱང་། མུ་མཐུད་དེ་མཁྱེན་ལྡན་གཟིགས་མོ་བ་ཡོངས་ནས་ནོར་བ་ཡོ་བསྲང་གི་རོགས་སྐྱོར་གནང་དགོས་པ་འདི་དགོངས་ཀློང་ནས་ནམ་ཡང་བསྙེལ་མི་རུང་བར་སེམས།
མཐའ་དོན་དུ་སྐུ་ཞབས་བློ་བཟང་སྨོན་ལམ་མཆོག་ལ་གུས་པས་བཅོས་མིན་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་དང་འབྲེལ། མཐོ་སྒང་མི་རིགས་དང་སྐད་ཡིག་གི་ལས་དོན་ཐད་ཐུགས་ལ་བརྣགས་པའི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་ཅིང་། ཐོན་མིའི་རིང་ལུགས་དམ་པས་འཛམ་གླིང་མཐའ་གྲུ་ཀུན་ལ་ཁྱབ་པའི་སྨོན་འདུན་བཅས།
སྐུ་ཞབས་བློ་བཟང་སྨོན་ལམ་ལ་དགའ་བསུ་ཡོད། ཡིན་ན་ཡང་ཁོང་གི་ཚིག་མཛོད་དེ་ངའི་ཀློག་ཀླད་ནང་ཕབ་ཐབས་རིམ་པར་བྱས་ཀྱང་ཕབ་ཐུབ་མ་སོང་། མ་འོངས་པར་ལྟ་ཐུབ་པའི་རེ་བ་ཡོད།
ཤར་ཕྱོགས་འོད་སྣང་ལགས་ཀྱིས་དགོངས་འཆར་ལྷུག་གླེང་གནང་བར་ཐུགས་རྗེ་ཆེ་ཞུའོ། །མ་ཟད་སྨོན་ལམ་ཚིག་མཛོད་ད་བར་ཁྱེད་ལ་མ་རག་པར་བློ་ཕམ་ཅུང་བྱུང། ཚིག་མཛོད་འགྲེམ་སྤེལ་དབུ་འབྱེད་ཀྱི་འཛད་སྒོ་ཞིག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་གནང་རྒྱུའི་ཉིན་གཅིག་གི་གོང་དུ་མི་ཞིག་བརྒྱུད་སྐུ་ཞབས་སྨོན་ལམ་ལགས་ཀྱིས་གུས་ལ་བསྐུར་གནང་འདུག་པས་དེ་ཉིན་ནས་བཟུང་བེད་སྤྱོད་བྱས་པའི་བརྒྱུད་རིམ་ཁྲོད་དབྱིན་བོད་གང་ཐད་བློ་ཁ་མི་ཁེངས་པའི་ཞན་ཆ་མང་དག་ཅིག་ཡོང་གི་འདུག་ཀྱང་ཁྱེད་བཞིན་དྲ་ཐོག་བསམ་ཚུལ་སྤེལ་རྒྱུའི་བསམ་བློ་རྩ་བ་ནས་འཁོར་མ་བྱུང་། འོན་ཀྱང་ད་ཆ་ཁྱེད་ཀྱིས་སྤེལ་གནང་བར་ཐུགས་རྗེ་ཆེ། མ་ཟད་ཁྱེད་ཀྱིས་མཆན་སྤེལ་སྐབས་ཡིག་ནོར་ཉུང་ལ་བྲི་རྩལ་ཧ་ཅང་ལེགས། དྲ་ཐོག་མཆན་སྤེལ་མཁན་ཁྲོད་ཁྱེད་ལྟ་བུ་ཅུང་དཀོན་པར་སེམས། གང་ལྟར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་ཁྱེད་ཀྱིས་ནུས་པ་དམིགས་བསལ་འདོན་ཐུབ་པའི་སྨོན་འདུན་བཅས། བྷི་བྷི་སི་ཡིས་ཕུལ།
ཚིག་མཛོད་དམ། དག་ཡིག་སློབ་དེབ་ཀྱི་དག་ཆ་ནོར་ན། དེ་ལས་ནོར་ཆེ་བ་ཅིག་མེད་པས། མི་ཤེས་ཀུན་ནས་བླངས་ནས་བྱུང་ན། རྩོམ་པ་པོའི་མཚན་སྙན་ལ་གནོད་པ་དང་། དེ་མིན་དག་ཆ་ཡང་ཡང་ཞིབ་འཇུག་མཐིལ་ཕྱིན་མེད་པར་སྤར་འགྲེམས་བྱས་པ་ནི། བོད་ཀྱི་སྐད་ཡིག་རིག་པ་ལ་གནོད་སྲིད་པས་ཀུན་གྱིས་གཟབ་དགོས། དཔེར་ན། ཚིག་མཛོད་ནང་གི་ཚིག་རྣམས་ཀྱི་དག་ཆ་ནོར་ན། དེ་ལས་ལྷག་པ་བགད་ཤོར་ས་མེད་པ་ཅིག་ཡིན་པས། ག་ལེར་གཟབ་ནན་ལ་དོ་གལ་ཆེ་གལ་ཡོང་བ་ཞུ་ཡིག་ཏུ།
ཚིག་མཛོད་དེ་བཞིན་གང་ཟག་སྒེར་ཞིག་གིས་དཀའ་བ་ཁྱད་བསད་ཀྱིས་རང་གངས་ཅན་པ་རྣམས་པར་ལེགས་སྐྱེས་སུ་གནང་བར་ཐུགས་རྗེ་ཆེ་ཞུའི་ཚབས་ལ་སྐྱོན་བརྗོད་ཀྱི་དུག་མདའ་འཕེན་པ་ནི་ཆེས་ཐབས་སྡུག་ཞིག་རེད་ཨ། གང་ལྟར་སྐྱོན་བརྗོད་ཁོ་ནའི་ལམ་སྣ་ཟིན་པའི་ངན་པ་དག་ནི་ངན་ལང་དུ་ཤོར་བས་བཟོད་འཁོམས་མེད་པ་དྲ་གྲོགས་ཚོས་མཁྱེན་རོགས། དེ་མིན་སོ་སོས་འཇོན་པ་དང་ཤེས་ཀྱི་ཡོད་ན་དེ་ལས་ལྷག་པ་བཟོ་སྐྲུན་གྱིས་འགྲེམས་སྤེལ་གྱིས་དང་ཕོ་ཁྱོ་ཀ་རེད། དེ་མིན་ཁོང་ལ་རྒྱབ་བཤད་ཅི་ཙམ་བྱས་པ་དེ་ཙམ་གྱིས་བླུན་རྟགས་ལས་མཁས་པའི་རང་རྟགས་སུ་མ་མཐོང་།
ཤར་ཕྱོགས་འོད་སྣང་ལགས། ཁྱེད་ཀྱིས་རྩོམ་ཡིག་སྤེལ་བར་བསམ་ཚུལ་འགའ་འདུག
༡ སྨོན་ལམ་ཚིག་མཛོད་ནང་གི་(ཀ་ཁོལ་མ་)བོད་དབྱིན་གྱི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པ་ཚིག་མཛོད་མི་འདྲ་གཉིས་ཡོད་པས་རེད། ཚིག་མཛོད་མི་འདྲ་བཅུ་ཡོད་ན་དེ་ལས་ཀྱང་མང། གལ་ཏེ་བཟོ་བཅོས་དགོས་ན་ཚིག་མཛོད་རྩོམ་མཁན་ལ་བརྗོད་དགོས་པ་ལས་སྨོན་ལམ་གྱི་སྐྱོན་གང་ནས་ཡིན། དབྱིན་བོད་ཚིག་མཛོད་གསར་མར་ཐ་སྙད་མང་དག་ཞིག་ཁ་སྣོན་བྱས་པ་ལས་ཚིག་མཛོད་གསར་མ་བཟོ་བཅོས་བྱས་པ་མ་རེད།
༢ བོད་ཡིག་ཚིག་མཛོད་ནི་སྨོན་ལམ་དང་ལས་རོགས་རྣམས་གྱིས་དེ་སྔའི་ཚིག་མཛོད་མང་དག་ཞིག་གཞི་ལ་བཞག་ནས་བཟོས་པ་ལས་བོད་རྒྱ་ཚིག་མཛོད་ཀྱི་ལུགས་དང་དག་གསར་གྱི་ལུགས་ཟེར་ནས་ལོག་སུ་མེད་པ་གསལ་བསྒྲགས་ནང་གསལ་བ་ལྟར། རང་ལུགས་ཤིག་ངེས་པར་དགོས་ན་སྨོན་ལམ་ཚིག་མཛོད་ཀྱི་རང་ལུགས་ལས་གཞན་མ་རེད། སྐྱོན་སམ་ཡང་ན་འགྲེལ་ཚུལ་མ་མཐུན་གང་ཙམ་ཡོད་སྲིད་ནའང་དགེ་སྐྱོན་རྒྱ་མ་འཇོག་རྒྱུ་གལ་ཆེ་བ་ལས་མཁས་མདོག་དང་། ལག་ལ་སླེབས་ཙམ་ནས་སྐྱོན་རྐྱང་རྐྱང་འཚོལ་བཞིན་པ་ཡག་རྟགས་ཤིག་མ་རེད། ལྷག་པར་དུས་ཐུང་ཞིག་གི་ནང་འདི་འདྲའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་གང་ནས་སྙེད་ཐུབ། ཡང་གཅིག་བཤད་ན་ཁྱེད་ཀྱི་བསམ་ཚུལ་འདི་དྲ་ཐོག་དུ་མ་སྤེལ་གོང་སྨོན་ལམ་དང་ལས་གྲོགས་དག་ལ་འབྲེལ་བ་བྱས་སམ། ངས་བལྟས་ན་སྐྱོན་བརྗོད་བྱ་རྒྱུ་རྔམས་ནས་་་་་་སྨོན་ལམ་དང་ལས་གྲོགས་དག་སེམས་ལ་ཤར་མེད་ཚོད་རེད།
༣ (Not for slle, Only free. ) ཞེས་པ་བཟོ་བཅོས་བྱས་ཟིན་པའི་ཚིག་མཛོད་སྨོན་ལམ་དྲ་ཐོག་ན་ཕབས་ལེན་བྱ་རྒྱུ་བཟོས་ནས་ཟླ་གཉིས་ལྷག་འགོར་འདུག་པས་བཟོ་བཅོས་ཟིན་པ་ད་དུང་སྐྱོན་དུ་བལྟ་རྒྱུ་ཡིན་ནམ།
༤ སྨོན་ལམ་ཚིག་མཛོད་གཉིས་པ་ཧ་ཅང་རྒྱ་ཆེན་པོ་ཞིག་སྒྲིག་རྒྱུ་ཡིན་སྐོར་གསུངས་འདུག་ན་ཁྱེད་ལ་དམིགས་བསལ་གྱི་རྣམ་དཔྱོད་དང་སེམས་ཤུགས་ཡོད་ཚེ་སྨོན་ལམ་ལ་རོགས་པ་བྱོས་དང་དགའ་བསུ་ཞུ་ངེས་རེད། དེ་མིན་ཚིག་སྤོམ་པོ་སུས་ཀྱང་བཤད་ཤེས་ངེས་རེད།
སྐུ་ཞབས་སྨོན་ལམ་ལགས་ཀྱིས་དཀའ་ལས་ཚད་མེད་རྒྱབ་ནས་གྲུབ་པའི་གྲུབ་འབྲས་རླབས་ཆེན་པོ་འདི་སྔར་གྱི་བོད་ཀྱི་བཙན་པོའི་དུས་སྐབས་ཡིན་ན། སྐུ་ཞབས་ཁོང་ལ་མཚན་བསྟོད་ཆེན་པོའམ་གཟེངས་རྟགས་རླབས་ཆེན་ཞིག་ཡོད་པ་གདོན་མི་ཟ། འོན་ཀྱང་། རང་ཅག་གི་བཀའ་ཁྲི་ཟམ་གདོང་བླ་མའི་རང་གི་སྡོད་སྟེགས་སྲུང་བ་ལས་བོད་མི་རིགས་ལ་ཕན་པའི་ལས་དོན་རླབས་ཆེན་སོགས་མིག་ཟུར་གྱི་མཐོང་གི་མ་རེད། དེ་ལས་རྡ་སའི་གཞུང་འཁོར་སོགས་ཀྱི་ལྡེ་མིག་པང་གང་མཉར་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐུ་ཞོགས་སྨོན་ལམ་གྱིས་སྨོན་ལམ་བོད་ཡིག་ཐོན་རིམ་གསུམ་གསར་སྐྲུན་གནང་བ་དང་། ད་ཆ་སྨོན་ལམ་ཚིག་མཛོད་འགྲེམས་སྤེལ་གནང་བ་ལ་སྔར་ནས་གུས་བརྩི་ཡོད་ལ། ད་ལྟ་་ཡང་མུ་མཐུད་ནས་གུས་བརྩི་ལ་འགྱུར་བ་མེད། བསམ་ཚུལ་ཞིག་ཞུས་ན། ཚིག་མཛོད་ནང་ན་ཡི་གེ་ཆད་ལྷག་དང་ནོར་བ་མང་ཙམ་
འདུག ཞུས་དག་གཏོང་མཁན་ཚོས་གལ་བོ་ཆེ་ལ་ནན་ཏན་མ་གནང་བའི་དབང་གིས་རེད་འདོད། ཞུས་དག་གནང་མཁན་ཚོས་སྐུ་ཞོགས་སྨོན་ལམ་གྱི་རེ་བ་ནང་བཞིན་ནན་ཏན་རེ་གནང་ཡོད་ཤག་བྱས་པ་ཡིན། ད་ནི་འོད་སྡེར་ནང་བཟོ་བཅོས་གོ་སྐབས་ཚར་ཚར་བ་རེད། དྲ་ངོས་ཀྱི་ཚིག་མཛོད་ལ་ཡར་རྒྱས་གཏོང་བའི་ལམ་ཁ་ཡོད་ངེས་པར་སོང་ཙང། ཚིག་མཛོད་བེད་སྤྱོད་ཀྱི་སྐབས་དང་བསྟུན་ནས་གང་ན་ཡིག་ནོར་ཡོད་པ་དང་། གང་ན་ཆད་ལྷག་ཡོད་མེད་སྐོར་ལ་ཚིག་མཛོད་བེད་སྤྱོད་གནང་མཁན་ཚོས་ཐུགས་སྣང་རེ་གནང་ནས་སྐུ་ཞོགས་སྨོན་ལམ་ལགས་ལ་ཕུལ་བ་ཡིན་ན། དེ་ནི་མ་འོངས་པར་ཚིག་མཛོད་འདི་ སྤུས་ཇེ་དག་ཏུ་འགྲོ་བར་ཕན་གི་རེད།
དཔེར་ན། ཚིག་མཛོད་ནང་། ༼བསྟན་པའི་དབང་ཕྱུག
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ། འདི་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོར་འཁྲུངས། མེ་འབྲུག་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྲིར་ཕེབས་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་མདུན་དུ་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྲིར་ཕེབས་མཛད། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཆུ་རྟ་ལོར་འདས།༽ཞེས་བཀོད་འདུག་པ་འདིའི་ནང་ན་ཡི་གེ་ཆད་འདུག ༼ མེ་འབྲུག་ཆེན་སྐུ་གོང་མའི་༽ཟེར་བ་དང་། ༼ངོས་འཛིན་གྱིས་ཁྲིར་ཕེབས་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་མདུན་དུ༽ཞེས་པ་འདི་ལ་ཚིག་ཆད་བྱུང་འདུག་པ་ལྟ་བུ་རེད། མ་གཞི་༼ མེ་འབྲུག་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྲིར་ཕེབས་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་མདུན་དུ་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྲིར་ཕེབས་མཛད། ༽ཅེས་པའི་ཚིག་ཕྲེང་འདི་འགྲེལ་བཤད་གསལ་པོ་ཞིག་ཆགས་མི་འདུག
གསང་ཉུལ་བས།
ཚིག་མཛོད་དེ་བཞིན་གང་ཟག་སྒེར་ཞིག་གིས་དཀའ་བ་ཁྱད་བསད་ཀྱིས་རང་གངས་ཅན་པ་རྣམས་པར་ལེགས་སྐྱེས་སུ་གནང་བར་ཐུགས་རྗེ་ཆེ་ཞུའི་ཚབས་ལ་སྐྱོན་བརྗོད་ཀྱི་དུག་མདའ་འཕེན་པ་ནི་ཆེས་ཐབས་སྡུག་ཞིག་རེད་ཨ། གང་ལྟར་སྐྱོན་བརྗོད་ཁོ་ནའི་ལམ་སྣ་ཟིན་པའི་ངན་པ་དག་ནི་ངན་ལང་དུ་ཤོར་བས་བཟོད་འཁོམས་མེད་པ་དྲ་གྲོགས་ཚོས་མཁྱེན་རོགས། དེ་མིན་སོ་སོས་འཇོན་པ་དང་ཤེས་ཀྱི་ཡོད་ན་དེ་ལས་ལྷག་པ་བཟོ་སྐྲུན་གྱིས་འགྲེམས་སྤེལ་གྱིས་དང་ཕོ་ཁྱོ་ཀ་རེད། དེ་མིན་ཁོང་ལ་རྒྱབ་བཤད་ཅི་ཙམ་བྱས་པ་དེ་ཙམ་གྱིས་བླུན་རྟགས་ལས་མཁས་པའི་རང་རྟགས་སུ་མ་མཐོང་། ཞེས་གསུངས་པ་ལ་རྒྱུ་མཚན་དང་གོ་རྒྱུ་ཅི་འདྲའི་མང་བ་ལ་ཨང་།
ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་བསམ་ཚུལ་སྤེལ་མཁན་གྱི་དྲྭ་གྲོགས་ཚང་མ་གསང་ཉུལ་བ་ཁྱེད་འདྲ་བོ་ཁོ་ན་ཞིག་བྱུང་ན་ཅི་འདྲའི་སྐྱིད་པ་ལ།
ཨ་ལ་ལ།
ད་དུང་མ་མཐུད་ནས་གསུངས་རོགས། སེམས་གཏིང་ནས་དགའ་བསུ་ཡོད།
ཤར་ཕྱོགས་འོད་སྣང་ལགས་ནས་བསམ་ཚུལ་སྤེལ་བར་མི་བཟོད་པ་གནང་དགོས་ཡས་མི་འདུག སྨོན་ལམ་ལགས་ཀྱི་བྱས་རྗེས་ཆེན་པོ་འདི་ལྟ་བུ་བཞག་གནང་བར་སུས་ཀྱང་ཕྲག་དོག་དང་། བྱས་རྗེས་ནག་བསུབ་གཏོང་སེམས་མེད། འོན་ཀྱང་ལས་གཞིའི་རྒྱ་ཆེ་བ་དང་གཏིང་ཟབ་པའི་རྐྱེན་གྱིས་ཆད་ལྷག་ནོངས་གསུམ་གྱི་ཞན་ཆ་ཡོང་སྲིད་པར་དེ་ལ་དཔག་པའི་བསམ་ཚུལ་འདོན་མཁན་ངེས་པར་དུ་དགོས་པ་རེད། འདི་ཚིག་མཛོད་སྤུས་དག་ཆགས་ཡས་ཀྱི་ཐབས་ལམ་གཙོ་བོ་ཞིག་རེད། འོན་ཀྱང་དྲ་ཐོག་བཞག་པར་NDTVལགས་དགོངས་པ་འཚོམས་འདུག་ཀྱང་ཁག་ཆེར་མེད། འདི་འགྲིག་མིན་ངས་ཀྱང་ཤེས་མ་སོང། གང་ལྟར་ཚང་མ་ལ་ཐུགས་རྗེ་དཆེ་ཞུ་རྒྱུ་ལས་མ་འདས།
NDTV ལགས། ཁྱེད་ཀྱི་བསམ་ཚུལ་དོན་ཚན་བཞི་པོ་ལ་དགའ་བསུ་ཞུ།
_____________________________________________________
༼ཤར་ཕྱོགས་འོད་སྣང་ལགས། ཁྱེད་ཀྱིས་རྩོམ་ཡིག་སྤེལ་བར་བསམ་ཚུལ་འགའ་འདུག
༡ སྨོན་ལམ་ཚིག་མཛོད་ནང་གི་(ཀ་ཁོལ་མ་)བོད་དབྱིན་གྱི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པ་ཚིག་མཛོད་མི་འདྲ་གཉིས་ཡོད་པས་རེད། ཚིག་མཛོད་མི་འདྲ་བཅུ་ཡོད་ན་དེ་ལས་ཀྱང་མང། གལ་ཏེ་བཟོ་བཅོས་དགོས་ན་ཚིག་མཛོད་རྩོམ་མཁན་ལ་བརྗོད་དགོས་པ་ལས་སྨོན་ལམ་གྱི་སྐྱོན་གང་ནས་ཡིན། དབྱིན་བོད་ཚིག་མཛོད་གསར་མར་ཐ་སྙད་མང་དག་ཞིག་ཁ་སྣོན་བྱས་པ་ལས་ཚིག་མཛོད་གསར་མ་བཟོ་བཅོས་བྱས་པ་མ་རེད།༽
ཐུགས་བདེན། འོན་ཀྱང་ངས་སྐུ་ཞབས་སྨོན་ལམ་གྱི་སྐྱོན་ཡིན་པ་ཞིག་གོང་གསལ་གྱི་རྩོམ་ཡིག་དེའི་མགོ་མཇུག་གང་དུའང་གླེང་མྱོང་མི་འདུག ཁྱད་པར་དུ་སྐབས་འདིར་སྐུ་ཉིད་ལ་དམིགས་བསལ་གྱིས་ཞུ་རྒྱུར།
སྐུ་ཞབས་སྨོན་ལམ་མཆོག་ནས་མཉན་ཆས་དེའི་མཇུག་གཏམ་ནང་། ཚིག་མཛོད་འདིར་སྐྱོན་དང་ནོར་འཁྲུལ་རིགས་ཡོད་ཚེ་དུས་ཐོག་འབྲེལ་བ་གནང་ན་རིམ་བཞིན་ཡར་རྒྱས་གཏོང་རྒྱུ་མ་ཟད། མ་འོངས་པར་ཚིག་མཛོད་ཆེན་པོ་ཞིག་ཀྱང་སྒྲིག་རྩིས་ལགས་ན་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་རོགས་རམ་ཞུ་བཞིན་ཡོད། ཅེས་གསུངས་འདུག་པས།
ང་རང་སྒེར་གྱི་མཐོང་སྣང་དང་བསམ་ཚུལ་ལྷན། ད་ཐེངས་ངས་དྲྭ་རྒྱ་འདི་ཉིད་བརྒྱུད་གྲོགས་པོ་མང་ཙམ་ཞིག་ནས་ནོར་བ་ཡོ་བསྲང་གི་རོགས་རམ་ཞིག་བྱུང་ན་བསམས་པ་ལས། བསྙད་འདོགས་བྱེད་འདོད་ཞིག་གཏན་ནས་མ་ཡིན་པ་དགོངས་མངའ་འཚལ།
ཡང་ཁྱེད་ཀྱི་བསམ་ཚུལ་དོན་ཚན་གཉིས་པའི་ནང་། ༼༢ བོད་ཡིག་ཚིག་མཛོད་ནི་སྨོན་ལམ་དང་ལས་རོགས་རྣམས་གྱིས་དེ་སྔའི་ཚིག་མཛོད་མང་དག་ཞིག་གཞི་ལ་བཞག་ནས་བཟོས་པ་ལས་བོད་རྒྱ་ཚིག་མཛོད་ཀྱི་ལུགས་དང་དག་གསར་གྱི་ལུགས་ཟེར་ནས་ལོག་སུ་མེད་པ་གསལ་བསྒྲགས་ནང་གསལ་བ་ལྟར། རང་ལུགས་ཤིག་ངེས་པར་དགོས་ན་སྨོན་ལམ་ཚིག་མཛོད་ཀྱི་རང་ལུགས་ལས་གཞན་མ་རེད། སྐྱོན་སམ་ཡང་ན་འགྲེལ་ཚུལ་མ་མཐུན་གང་ཙམ་ཡོད་སྲིད་ནའང་དགེ་སྐྱོན་རྒྱ་མ་འཇོག་རྒྱུ་གལ་ཆེ་བ་ལས་མཁས་མདོག་དང་། ལག་ལ་སླེབས་ཙམ་ནས་སྐྱོན་རྐྱང་རྐྱང་འཚོལ་བཞིན་པ་ཡག་རྟགས་ཤིག་མ་རེད།༽ ཅེས་སྐུ་རླུང་བཞེངས་ཚུལ་གྱིས་བཀའ་བཀྱོན་གནང་བ་འདིར་ངོས་ལེན་གཏན་ནས་མེད།
ལག་ལ་སླེབས་ཙམ་ནས་སྐྱོན་རྐྱང་རྐྱང་བཙལ་བའང་མ་ཡིན་ལ། ཚིག་མཛོད་དུ་སྐྱོན་མཐོང་བར་སྦས་གསང་མེད་པའི་བསམ་ཚུལ་གླེང་བ་ལས་སྤྱིར་བཏང་མི་ལ་དོན་མེད་ཀྱི་ཀླན་ཀ་བརྗོད་པའང་གཏན་ནས་མིན། གང་ལྟར་མཐོང་སྣང་དང་བསམ་ཚུལ་གླེང་བ་ཞིག་ལགས་མོད། མ་གཞི་ངས་བསམ་ཚུལ་འདི་འདྲ་ཞིག་གླེང་བར་སྐྱོན་འདུག་ན་འདུག་སྟངས་ཤིག་དང་ཡོད་སྟངས་ཤིག་ཅི་ནས་ཀྱང་གསུངས་རོགས། དེ་མིན་རང་གིས་གསུངས་སྟངས་དེར་གནས་ལུགས་ཡོད་པའི་གདེང་འཇོགས་ཤིག་ངས་ནམ་ཡང་བྱ་ཐབས་བྲལ།
ཡང་ཁྱེད་ཀྱིས་འདི་ལྟར། ༼ཡང་གཅིག་བཤད་ན་ཁྱེད་ཀྱི་བསམ་ཚུལ་འདི་དྲ་ཐོག་དུ་མ་སྤེལ་གོང་སྨོན་ལམ་དང་ལས་གྲོགས་དག་ལ་འབྲེལ་བ་བྱས་སམ།༽ ཞེས་བཀོད་འདུག
མ་གཞི་སྨོན་ལམ་ཚིག་མཛོད་དང་འབྲེལ་བའི་བསམ་ཚུལ་གང་ཞིག་སྤེལ་ནའང་དྲྭ་ཐོག་ཏུ་མ་བཀོད་གོང་ཁོང་རྣམ་པར་འབྲེལ་བ་བྱ་དགོས་ཞེས་པའི་སྒྲིག་གཞི་གཏན་འབེབས་ཤིག་གནང་ཡོད་ན། ངས་ཀྱང་དེ་ལ་ཚུལ་མཐུན་གྱི་ལག་བསྟར་ཞིག་བྱེད་ཆོག་མོད། འོན་ཀྱང་དེ་འདྲ་ཞིག་ཡོད་མེད་ཁྱེད་ཀྱིས་དགོངས་ངེས། གང་ལྟར་ཁོང་རྣམ་པར་འབྲེལ་བ་མེད་པར་ང་རང་གི་བསམ་ཚུལ་གཙང་མ་ཞིག་ཁ་བརྡའི་དྲྭ་ཐོག་འདིར་སྤེལ་བ་ལ་དེ་ཙམ་སྡང་ཟུག་གནང་དགོས་དོན་མི་འདུག་ཀྱང་། ངའི་བསམ་ཚུལ་འདི་ཁྱེད་ལ་དུག་ཏུ་གྱུར་འདུག་པས། སོ་སོའི་སྙིང་ནད་གསང་ཐབས་སུ་ཐབས་ཤེས་གང་དྲག་གིས་རྒྱུ་མཚན་ཡོད་མེད་ལ་མ་གཟིགས་པར་མུ་མཐུད་ནས་བཀའ་བཀྱོན་ཆུ་བོའི་རྒྱུན་ལྟར་མཛད་རོགས།
ཡང་འདི་ལྟར་ཁྱེད་ཀྱི་བསམ་ཚུལ་དོན་ཚན་གཉིས་པའི་ནང་ ༼ངས་བལྟས་ན་སྐྱོན་བརྗོད་བྱ་རྒྱུ་རྔམས་ནས་་་་་་སྨོན་ལམ་དང་ལས་གྲོགས་དག་སེམས་ལ་ཤར་མེད་ཚོད་རེད།༽ཅེས་བཀོད་འདུག
འདི་སྐུ་ཉིད་ཀྱི་འབྲི་སྟངས་ནོར་འདུག་ཅེས་ངས་ཐག་གཅིག་ཆོད་ཀྱིས་གསལ་འདེབས་ཞུ་རྒྱུ་ཡིན། མ་གཞི་ངས་བསམས་ན་ཁྱེད་ཀྱི་འདི་འདྲ་ཞིག་འབྲི་དགོས་རྒྱུ་རེད། ་་་་་་་་་ངས་ཤར་ཕྱོགས་འོད་སྣང་ལ་སྐྱོན་བརྗོད་བྱ་རྒྱུར་རྔམ་དྲག་ནས་སྨོན་ལམ་ཚིག་མཛོད་ཀྱི་སྐོར་ལ་ཁོང་གིས་བསམ་ཚུལ་ཅི་འདྲ་ཞིག་སྤེལ་ཡོད་པའང་སེམས་ལ་ཤར་ཚོད་མ་བྱུང་ཞེས་ན། ཅི་འདྲའི་འདྲ་ཆགས་པོ་ཞིག་མི་འདུག་གམ། ཧེ་ཧེ།
གང་ལྟར་རང་ལ་ཁག་གཏན་ནས་མི་འདུག རླུང་ནད་ཤུགས་ཆེ་ན་ཁྲག་ཤེད་འཕར་འགྲོ་བས་ཉེན་ཁ་ཧ་ཅང་ཆེན་པོ་ཡོང་སྲིད། ད་གཟབ་གཟབ་གནང་དགོས་པ་གལ་ཆེ། སྤྱིར་བཏང་གི་འབྱུང་ཁམས་སྙོམས་པའི་མི་ཞིག་ལ་བསམ་ན། ཁྲག་ཤེད་ཤུགས་ཀྱི་གྲངས་ཚད་དགོས་ངེས་ནི་ 120/80 བར་ཡིན་ནའང་། ངས་བཀོད་པའི་བསམ་ཚུལ་འདིའི་རྐྱེན་པས་ཁྱེད་ཀྱི་ཁྲག་ཤེད་ཀྱི་ཤུགས་ཚད་ 150/100 བར་སླེབས་ངེས་རེད། གང་ལྟར་ཡང་རང་རེ་སུ་འདྲ་ཞིག་ཡིན་རུང་། རང་གི་སྲོག་ལ་མི་གཅེས་པ་དང་ན་བའི་སྡུག་བསྔལ་ལ་མི་འཇིགས་པ་སུ་ཡང་མེད་སྟབས་ནད་རིགས་སྤྱི་དང་བྱེ་བྲག་ཁྲག་ཤེད་མཐོ་བའི་ནད་གཞིའི་སྐོར་ལ་མི་མང་ཚང་མས་དམིགས་བསལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་འཕྲོད་བསྟེན་ཚོགས་པས་གསལ་བཤད་གནང་དོན་བཞིན་དོ་སྣང་མཛད་རོགས།
མདོར་ན་ཡོད་ཚད་ངས་བྱུང་མ་སོང་།
ད་རང་ལྷོད་ལྷོད་ངང་གཟིགས་དང་། གཤམ་གསལ་ Website-www.gaweylon.com ནས་ཟུར་བཀོལ་བྱས་པའི་༼ཁྲག་ཤེད་མཐོ་བའི་ནད་གཞིའི་སྐོར་མཁྱེན་རྟོག་དགོས་པའི་ཤེས་བྱ་འགའ་ཞིག༽ཅེས་པ་འདི་ངས་ཆེད་དུ་ཁྱེད་ཀྱི་འཕྲོད་བསྟེན་ལ་དམིགས་ནས་ཕབ་ལེན་གྱིས་དྲྭ་ཐོག་འདིར་བཀོད་པ་ཡིན་པས། ཅི་ནས་ཀྱང་མེད་མ་གསུངས། ཡག་པོ་ཞིག་གཟིགས་ན་ཏན་ཏན་ཕན་ཐོགས་ཡོད་རེད།
ཡང་ཁྱེད་ཀྱིས་༼༣ (Not for slle, Only free. ) ཞེས་པ་བཟོ་བཅོས་བྱས་ཟིན་པའི་ཚིག་མཛོད་སྨོན་ལམ་དྲ་ཐོག་ན་ཕབས་ལེན་བྱ་རྒྱུ་བཟོས་ནས་ཟླ་གཉིས་ལྷག་འགོར་འདུག་པས་བཟོ་བཅོས་ཟིན་པ་ད་དུང་སྐྱོན་དུ་བལྟ་རྒྱུ་ཡིན་ནམ།༽ གསུངས་འདུག གལ་སྲིད་དེ་ལྟར་ཡིན་ན་ཤིན་ཏུ་ལེགས། བློ་བདེ་པོ་བྱུང་། ངས་མཐོང་བའི་ནོར་འཁྲུལ་དེ་ནི་ང་རང་གི་ལག་ཏུ་སོན་པའི་མཉེན་ཆས་དེའི་སྐོར་རེད། དེ་མིན་བཟོ་བཅོས་ཟིན་པའི་མཉེན་ཆས་ད་དུང་ངས་མཐོང་མ་བྱུང་བས་དགོངས་སེལ་ཞུ།
ཡང་ཁྱེད་ཀྱིས་བསམ་ཚུལ་དོན་ཚན་བཞི་པའི་ནང་ ༼༤ སྨོན་ལམ་ཚིག་མཛོད་གཉིས་པ་ཧ་ཅང་རྒྱ་ཆེན་པོ་ཞིག་སྒྲིག་རྒྱུ་ཡིན་སྐོར་གསུངས་འདུག་ན་ཁྱེད་ལ་དམིགས་བསལ་གྱི་རྣམ་དཔྱོད་དང་སེམས་ཤུགས་ཡོད་ཚེ་སྨོན་ལམ་ལ་རོགས་པ་བྱོས་དང་དགའ་བསུ་ཞུ་ངེས་རེད། དེ་མིན་ཚིག་སྤོམ་པོ་སུས་ཀྱང་བཤད་ཤེས་ངེས་རེད།༽
ཅེས་གཏམ་བཟང་དང་འབྲེལ་བའི་རེ་སྐུལ་ཞིག་གནང་འདུག་པར་སེམས་གཏིང་ནས་དགའ་བསུ་ཚད་མེད་ཡོད། ལར་ང་འདྲའི་མི་ལ་སྨོན་ལམ་ཚིག་མཛོད་ཐོན་རིམ་གཉིས་པའི་ལས་འགུལ་ཁྲོད་སྨན་ངེས་ཀྱི་སྲི་ཞུ་ཞིག་འབུལ་རྒྱུ་ཅང་མེད་རུང་། དུས་རབས་འདིའི་ནང་རང་རེའི་སྐད་ཡིག་གི་ཡར་རྒྱས་མདུན་བསྐྱོད་ལ་རླབས་ཆེན་གྱི་མཛད་རྗེས་ཆེ་བའི་སྐུ་ཞབས་བློ་བཟང་སྨོན་ལམ་མཆོག་གི་དགོངས་བཞེད་མཐའ་དག་མཐར་ཁྱོལ་ཡོང་བའི་སྨོན་འདུན་དང་ལྷན། གུས་པས་མིག་མཐོང་ལག་ཟིན་གྱི་བསམ་ཚུལ་མུ་མཐུད་ནས་གླེང་རྒྱུའི་འཆར་གཞི་ཡོད་པ་ལས། དོན་མེད་ཚིག་སྦོམ་གྱི་སྒྱུ་རྩལ་ངོམ་དགོས་ན་ (NDTV) ཁྱེད་ལ་ངས་འགྲན་ཐབས་མེད་གཤིས། དགོངས་པ་ཞུ་རྒྱུ་ཡིན།
_____________________________________________________
==========================================
༈ ཁྲག་ཤེད་མཐོ་བའི་ནད་གཞིའི་སྐོར་མཁྱེན་རྟོག་དགོས་པའི་ཤེས་བྱ་འགའ་ཞིག
==========================================
རང་རེ་སུ་འདྲ་ཞིག་ཡིན་རུང་རང་རང་གི་སྲོག་ལ་མི་གཅེས་པ་དང་ན་བའི་སྡུག་བསྔལ་ལ་མི་འཇིགས་པ་སུ་ཡང་མེད་སྟབས་ནད་རིགས་སྤྱི་དང་བྱེ་བྲག་ཁྲག་ཤེད་མཐོ་བའི་ནད་གཞིའི་སྐོར་ལ་མི་མང་ཚང་མས་དམིགས་བསལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ དེར་བརྟེན་དོ་སྣང་བྱེད་སའི་གཞི་རྟེན་ལྟ་བུར་ནད་གཞི་འདིའི་སྐོར་ལས་དོན་གཞི་འབྱུང་རྐྱེན་ནད་གཞིའི་ཉེན་ཁ་ནད་གཞི་སྔོན་འགོག་གི་ཐབས་དང་དམིགས་བསལ་དོ་སྣང་བྱེད་དགོས་པ་བཅས་ཚང་མས་དོ་སྣང་གནང་རོགས་གནང།
What is Blood Pressure?
ཁྲག་ཤེད་ཞེས་པ་ག་རེ་ཡིན་ནམ།
ཁྲག་ཤེད་ ཞེས་པ་ནི་ཁྲག ཁྲག་རྩའི་ནང་རྒྱུགས་པའི་སྐབས་ཁྲག་གིས་ཁྲག་རྩའི་ལྦུབས་ལྡེབས་ལ་བཟོས་པའི་གནོན་ཤུགས་དེར་ཁྲག་ཤེད་ཟེར་གྱི་ཡོད།
WHEN IS A BLOOD PRESSURE READING CONSIDERED HIGH BLOOD PRESSURE?
མཐོ་ཤོས་འདི་ག་དུས་འཇལ་ཚད་ནང་གསལ་གྱི་ཡོད་དམ།
སྤྱིར་ ཁྲག་གནོན་ ཟེར་བ་ལུས་པོའི་འགུལ་བསྐྱོད་སྐབས་ཀྱི་འཕར་རྩའི་ཁྲག་གནོན་ཡིན་པས་ སྙིང་ཁམས་སྡུད་སྐུམ་བྱེད་པའི་སྐབས་འཕར་རྩའི་ཁྲག་གནོན་གྲངས་ཚད་མཐོ་ཤོས་སུ་སླེབས་པ་དེར་སྡུད་སྐུམ་གནོན་ཤུགས་ཟེར་ མི་དར་མ་ཞིག་གི་སྡུད་སྐུམ་གནོན་ཤུགས་གྲངས་ཚད་(mmHg) དངུལ་ཆུའི་ཀ་བ་ ༩༠ནས་༡༤༠ ཡིན་ཞིང་ སྙིང་ཁམས་ལྷོད་འབྱེད་བྱེད་དུས་འཕར་རྩའི་ཁྲག་གནོན་གྱི་གྲངས་ཚད་མར་ཆགས་ནས་དམའ་ཤོས་སུ་སླེབས་པ་དེར་ལྷོད་འབྱེད་གནོན་ཤུགས་ཟེར་ལ་ མི་དར་མའི་རྒྱུན་ལྡན་གྱི་ལྷོད་འབྱེད་གནོན་ཤུགས་ཀྱི་གྲངས་ཚད་ (mmHg) དངུལ་ཆུའི་ཀ་བ་ ༥༠ནས་༩༠ ཡིན་ གལ་ཏེ་མི་ཞིག་ལ་ཁྲག་ཤེད་གྲངས་ཚད་ 140/90 འམ་ཡང་ན་དེ་ལས་མཐོ་བ་སླེབས་ཡོད་ཚེ་མི་དེ་ཁྲག་ཤེད་གནོན་ཤུགས་གྲངས་ཚད་མཐོ་བའི་གྲས་སུ་བརྩི་བ་ཡིན།སྤྱིར་བཏང་ མི་ཞིག་ལ་རྒྱུན་གཏན་གྱི་ཁྲག་ཤེད་གྲངས་ཚད་དགོས་ངེས་ཏེ་ 120/80 ཡིན།
WHAT CAUSES HIGH BLOOD PREASSURE?
ཁྲག་ཤེད་མཐོ་བའི་ནད་གཞི་འབྱུང་རྐྱེན།
༡༽ བོད་ཇ་གཙོ་བོར་གྱུར་པའི་ཇ་རིགས་གར་པོ་འཐུང་བ།
༢༽ ཁོང་ཁྲོ་སོགས་ཀྱིས་རྐྱེན་བྱས་ཏེ་རླུང་དྲག་པོ་ལངས་པ།
༣༽ སེམས་འཁྲལ་ཆེན་པོ་ཡོད་པ།
༤༽ ཆང་དང་ཨ་རག་གི་རིགས་མང་པོ་འཐུང་བ།
༥༽ ཐ་མག་མང་པོ་འཐེན་པ།
༦༽ ཁ་ལག་གི་ནང་དུ་ཚྭ་དང་ཞག་རྩི་མང་དྲགས་པ།
༧༽ གཟུགས་པོར་དགོས་ངེས་ཀྱི་ལུས་རྩལ་མ་བྱུང་བ།
༨༽ ལོ་ཚད་དང་གཟུགས་པོའི་རིང་ཚད་ལ་གཞིགས་པའི་སྤྱིར་བཏང་ལྗིད་ཚད་ཆེ་བ།
༩༽ ཁྲག་ཤེད་ཀྱི་མི་རིགས་འགའ་ཤས་དང་རིགས་བརྒྱུད་ནས་ཀྱང་ཡོང་སྲིད་པ་བཅས་ཡིན།
WHAT ARE THE DANGERS OF HIGH BLOOD PRESSURE?
ཁྲག་ཤེད་མཐོ་བའི་ནད་གཞིའི་ཉེན་ཁ།
༡༽ ཁྲག་ཤེད་ཀྱི་ནད་གཞིས་རྐྱེན་བྱས་ཏེ་གློ་བུར་དུ་ཚེ་སྲོག་ལ་བར་ཆད་ཡོང་བ་དང།
༢༽ ཁྲག་ཤེད་མཐོ་བའི་ནད་གཞི་འགའ་ཤས་ཀྱིས་སྙིང་དང་མཁལ་མར་ནད་དྲག་པོ་བཟོ་སྲིད་ལ།
༣༽ བརྒྱལ་གྲིབ་དང་མིག་ལོང་བའི་ཉེན་ཁ་ཡང་ཡོད།
WHAT ARE THE SYMPTOMS?
ནད་གཞིའི་མངོན་རྟགས།
ཁྲག་ཤེད་ཀྱི་ནད་གཞི་ནི་དངོས་གཞིའི་ན་ཚ་མ་བྱུང་གོང་ན་ཚ་དེ་ཡོང་གི་ཡོད་པའི་མངོན་རྟགས་གཏན་འཁེལ་བ་ད་ལྟའི་བར་གང་ཡང་མེད་ནའང་སྐབས་རེ་སྣ་ཁྲག་འདོན་པ། དུས་ཚོད་ངེས་མཚམས་མེད་པའི་སྙིང་དབྱུག་པ། མགོ་ཡང་ཡང་ན་བ། མགོ་ཡུར་འཁོར་བ་སོགས་ཡོང་གི་ཡོད་ནའང་ གལ་ཏེ་ཁྱེད་ལ་མངོན་རྟགས་དེ་རིགས་མེད་ནའང་སྣང་མེད་དུ་བཞག་ན་མི་འགྲིགས།
CAN HIGH BLOOD PRESSURE BE CURED?
ཁྲག་ཤེད་ཀྱི་ནད་གཞི་ལ་བཅོས་ཐབས་ཡོད་དམ།
ཁྲག་ཤེད་ཀྱི་ནད་གཞིར་བཅོས་ཐབས་ཡོད་ནའང་ཁྲག་ཤེད་ཀྱི་ནད་གཞིའི་ན་ཚ་མ་བྱུང་གོང་ན་ཚ་དེ་ཡོང་གི་ཡོད་པའི་སྔོན་རྟགས་གཏན་འཁེལ་བ་ད་ལྟའི་བར་གང་ཡང་མེད་སྟབས་ན་ཚ་དེ་རང་གི་སྟེང་ཏུ་མ་སླེབས་བར་དོ་སྣང་དེ་ཙམ་ཡང་མེད་པར་བཞག་ན་འགྲིགས་ཐབས་མེད་པས་དེ་བཞིན་སྐབས་རེ་ཁྲག་ཤེད་མཐོ་བའི་ནད་གཞི་གློ་བུར་དུ་བྱུང་ནས་བྱ་ཐབས་བྲལ་བ་ལྟ་བུ་ཡང་འབྱུང་སྲིད་པས་སྔོན་ཚུད་ནས་ཁྲག་ཤེད་ཆེ་ཆུང་བརྟག་དཔྱད་ཡང་ཡང་བྱེད་རྒྱུ་་གལ་ཆེ་བ་ཡིན། ལྷག་པར་དུ་སྐྱེས་པ་ཕོ་ལོ་སུམ་བཅུ་བརྒལ་བའི་ཁྲོད་དུ་ཁྲག་ཤེད་ཀྱི་ན་ཚ་མང་བ་ཡོང་གི་ཡོད་པ་དེ་ངེས་པར་སེམས་ལ་བཅངས་དགོས།
BLOOD PRESSURE CONTROL CHECKLIST
དམིགས་བསལ་ཐུགས་སྣང།
༡༽ ཤིང་ཏོག་དང་སྔོ་ཚལ་གྱི་རིགས་གང་མང་བཟའ་དགོས།
༢༽ སྨན་པས་གནང་བའི་སྨན་རྣམས་དུས་ཐོག་བཟའ་དགོས་པ་དང་དེ་བཞིན་བརྟག་དཔྱད་ཀྱང་ཡང་ཡང་བྱེད་དགོས།
༣༽ རང་གི་ལོ་ཚད་དང་གཟུགས་ཚད་དང་མཐུན་པའི་གཟུགས་པོའི་ལྗིད་ཚད་ཚད་དང་ལྡན་པ་དགོས།
༤༽ རང་ལོ་སུམ་བཅུ་ཡན་གྱིས་རྒྱུན་གཏན་ནས་ལོ་གཉིས་རེའི་མཚམས་སུ་སྨན་པ་བསྟེན་ཏེ་ཁྲག་ཤེད་ཆེ་ཆུང་ངེས་པར་དུ་བརྟག་དཔྱད་བྱ་དགོས།
༥༽ ཁྲག་ཤེད་ཀྱི་ན་ཚ་ཤུགས་ཆེ་ཡོད་ཚེ་ཉུང་མཐར་བདུན་རེའི་ཐེངས་རེར་ངེས་པར་བརྟག་དཔྱད་བྱེད་དགོས།
༦༽ ཁྲག་ཤེད་ཀྱི་ན་ཚ་ཤུགས་ཆེན་པོ་རང་མེད་ནའང་ཉུང་མཐར་ཟླ་བ་རེར་ངེས་པར་བརྟག་དཔྱད་བྱེད་དགོས།
HOW TO TAKE FOOD THAT CONTROLS HIGH BLOOD PRESSURE?
བཟས་སྐོམ་བསྟེན་ཚུལ།
ལྕགས་བཅུད་རྫས་རིགས་ Potassium, Magnesium, hP-Calcium ལྡན་པའི་བཟས་རིགས་ དཔེར་ན་ སྤྲི་མ་ཁ་གཡབ་ཟིན་པའི་འོ་མ་དང་ཞོ། རྒྱ་སྲན་གསེར་པོ (Soya Bean) གྲོ་ཐུག་ནས་ཀྱི་ཕྱེ་རྩམ། ཁམ་བུའི་ཚི་གུ ཞོ་ཁོག་ པོའོ་ཚལ། ཤིང་ཏོག་ཀུ་ཤུ་ངང་ལག་ ཚ་ལུམ་མ། ཀྲོ་མ་ཀྲོ་ ལ་ཕུག་དམར་མོ། ཉ་ཤ་ གླང་ཤ་སྦ་དམ་ སྨྱུག་ཚལ། འབྲུ་རིགས། མངར་ཁམ། ལོ་འཁོར་པད་ཚལ་བཅས་བཟས་དེའི་རིགས་བསྟེན་དགོས།
===========================================
NDTV ལགས། གལ་སྲིད་ཁྱེད་ཀྱི་རླུང་ནད་ཀྱི་འཕར་ཚད་ཉུང་དུ་སོང་ན་ཡི་གེ་འདི་བཀླགས་པའི་་དགེ་མཚན་དུ་དགོངས་ཏེ་ང་ལ་ལན་ཞིག་ཅི་ནས་ཀྱང་གནང་རྒྱུ་ཐུགས་དབྱིངས་ནས་མི་བསྙེལ་བར་ཞུ།
སྨོན་ལམ་ཚིག་མཛོད་ཐོན་དང་པོ་འདི་ལྟར་འཛམ་གླིང་ལ་བཀྲམ་ཟིན་པ་ནི་བོད་མི་ཚོར་མཚོན་ན་ཆེས་དགའ་འོས་པའི་དོན་ཆེན་ཞིག་རེད། ཚིག་མཛོད་དེ་བཞིན་ཡོངས་སུ་དག་པ་དང་། ཆད་ལྷག་ནོར་སྐྱོན་ཅི་ཡང་མེད་པ་ཞིག་ཡོང་མི་སྲིད། གང་ཡིན་ཞེ་ན། དུས་ཐུང་ནང་ལས་གཞི་ཆེན་པོ་ཞིག་འབྲེལ་ཡོད་ཚང་མ་ཕྱར་བ་གྲུ་འདེགས་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད།
འོན་ཀྱང་། ངའི་རེ་བར་རྒྱ་ཆེའི་སྨོན་ལམ་ཚིག་མཛོད་བེད་སྦྱོད་གནང་མཁན་ཚང་མས་བོད་དབྱིན་གང་གི་ཚིག་མཛོད་ཡིན་རུང་ནོར་འཁྲུལ་རིགས་གཟིགས་ཚེ། ནོར་འཁྲུལ་རྣམས་ཟུར་གསོག་གནང་སྟེ། སྐུ་ཞབས་བློ་བཟང་སྨོན་ལམ་ལགས་སུ་ཐད་ཀར་འབུལ་ཐུབ་ན། ཁོང་གིས་ཀྱང་དེ་དག་ཕྱིས་འབྱུང་ཚིག་མཛོད་ཐོན་རིམ་གཉིས་པའི་ནང་དག་བཅོས་གནང་ངེས་རེད་ལ། ཁྱེད་རྣམས་ཀྱིས་ཀྱང་ཐཱུགས་སྣང་དང་སྐུ་ལས་བསྐྱོན་པའི་ཕྱག་རྗེས་དེ་མི་རབས་རྗེས་མ་ཚོར་ལྷག་ངེས་རེད། དེར་བརྟེན། ཚང་མས་ཚིག་གཅིག་ནོར་ཡོད་ཀྱང་ལྷག་བསམ་དཀར་པོས་ཡོ་བསྲང་གནང་ན་ང་ཚོ་བོད་མི་རིགས་སྤྱི་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་ཤིག་ཡིན་སྟབས། ཚང་མས་ཡིད་འཇགས་ཡོད་པ་ཞུ།།
སྨོན་ལམ་ཚིག་མཛོད་ཞུས་དག་གཏོང་མཁན་ཚོས་ལྷོད་ཡང་ཆེན་པོ་ཤོར་འདུག ཞུས་དག་གི་ཐད་ནས་སྐྱོན་མང་པོ་བཟོས་འདུག ཚིག་མཛོད་འདི་སྟབས་བདེ་ཞིང་། སྣ་འཛོམས་པ། ད་ལྟ་ཕན་གྱི་ཚིག་མཛོད་སྒྲིག་སྟངས་ཚད་མཐོ་ཤོས་ཤིག་རེད།
ཁ་སང་བོད་ནང་གི་དགེ་རྒན་ཞིག་དང་མཉམ་དུ་སྨོན་ལམ་ཚིག་མཛོད་སྐོར་ནས་ཁ་བརྡ་ཞིག་བྱས་པ་ཡིན། ཁོང་གིས། ཤུ་རེ་ཁོ། དག་ཆའི་ཐད་ན་སྐྱོན་ཡོད་ཀི་མ་གཏོགས། བཤད་རྒྱུ་ཞིག་མེད་ཀི། ཤུ་རེ་ཁོ། ཞུས་དག་གཏོང་མཁན་ཚོས་ཚིག་མཛོད་འདི་ཙིག་གེ་ཙིག་བརྫད་ཡོད་ནོ་འདི་མིན་རྒྱུ་ན་ཞེས་འཁང་ར་བྱེད་ཀྱི་འདུག ཐོན་རིམ་གཉིས་པའི་སྐབས་ལ་ཞུས་དག་ནན་འདྲོངས་ཤིག་གནང་རོགས་ཞུ་ཡག་ཡིན། ཚིག་མཛོད་འདི་བེད་སྤྱོད་གནང་མཁན་ཚང་མས་དག་ཆའི་ཐད་ཀྱི་སྐྱོན་དེ་ཚོ་ཐོ་རེ་བཀོད་ནས། སྨོན་ལམ་ལགས་ལ་འབུལ་ཐུབ་པ་ཡིན་ན། ཐོན་རིམ་གཉིས་པའི་སྐབས་ལ་དག་མོ་ཞིག་ཡོང་གི་རེད། དེ་ཚང་མས་སེམས་པ་འཛིན་དགོས་པ་ཞིག་ཆགས་ཡོད།
ཤར་ཕྱོགས་འོད་སྣང་ལགས་ལོ་སར་བཟང་།
ཨ་ཨ་་་་་་་་ཨ་ཁྱོད་ངོ་མ་མི་ཡ་མཚན་རེད། ཁྱོད་ལ་བསམ་ཚུལ་འགའ་བྲིས་པར་ལན་དེ་འདྲའི་མང་པོ་ཞིག་བྲིས་འདུག གཅིག་བྱས་ན་ཁྱོད་ལ་ཕོག་ཐུག་ཆེན་པོ་སོང་ཡོད་ས་རེད། དེ་མིན་ན་ལས་མེད་ཞིག་ཡིན་ཚོད་འདུག གང་ལྟར་རླུང་ནད་སྐོར་ལ་ཉམས་མྱོང་དང་མཁས་དབང་ཡིན་ཚོད་རེད། ཁྱེད་རང་སྨན་པ་ཞིག་ཡིན་ནམ་ཡང་ན་རླུང་ནད་ཅན་ཞིག་ཡིན། དེ་གཉིས་གཅིག་ཡིན་པ་ཐག་ཆོད།
གོང་གི་དོན་ཚན་རེ་རེ་བཞིན་ལན་རྒྱབ་པར་ཐུགས་རྗེ་ཆེ།
སྨོན་ལམ་ཚིག་མཛོད་ཀྱི་མ་འདྲིག་པ་བཤད་ན་སྨོན་ལམ་ལ་བཤད་མིན་ནམ།
ཁྲིམས་བཟོས་མེད་ན་གང་བྱུང་བརྗོད་རྒྱུ་ཡིན་ནམ། སྨོན་ལམ་གྱིས་ཁོང་ལ་འབྲེལ་བ་བྱོས་ཟེར་བ་ཁྱེད་ཀྱིས་ལུང་དྲང་མ་ཐག་རེད། དྲ་ཐོག་ལ་རིག་གནས་གསར་བརྗེའི་སྐབས་བཞིན་ཐེར་འདོན་བྱོས་ཟེར་འདུག་གམ། ངས་ཁྱོད་ངོ་མི་ཤེས་པས་ཁྱོད་ལ་འཁོན་འཛིན་ཅི་ཡང་མེད། ཡིན་ཡང་ཉིན་མཚན་ལྟོས་མེད་དུ་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་ཚོར་པག་པག་བཤད་བསྡད་ན་ཡག་པོ་མི་འདུག་བསམ་པ་ཡིན། དྲ་ཐོག་ནས་ངས་ཕབ་ལེན་བྱས་པ་ཡིན། དེར་ཁྱོད་ཀྱི་བཤད་པ་ལྟ་བའི་སྐྱོན་མི་འདུག་ལོ།
གསུམ་པ་ཁྱེད་ཀྱིས་ངོས་ལེན་བྱེད་མི་སྲིད་པ་གཞི་ནས་ཤེས་ཡོད། རྒྱུ་མཚན་རླུང་ནད་སྐོར་མང་པོ་བྲིས་པས་རེད།
བཞི་པ་ངོས་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། ངས་རེ་བར་ཁྱེད་ཀྱིས་ཡིག་ནོར་གང་ཡོད་དང་དབྱིན་བོད་མི་མཐུན་པ་དང་ལྷག་པར་རླུང་ནད་སྐོར་གྱི་ཐ་སྙད་རྣམས་སྨོན་ལམ་ལ་ཐད་ཀར་གཏོང་རོགས་གནང་།
ངས་ཅིག་བྱས་ཉིག་བྱས་་་་ཁོས་ཅིག་ཅིག་མིག་མིག་མ་གསུངས་རོགས།
གལ་ཏེ་ཐུགས་ལ་ཕོག་ན་དགོངས་དག་ཞུ།།
࿋དྲ་གྲོགས་ NDTV ལགས།
གོང་དུ་རང་གིས་བཀོད་པའི་མཆན་བུའི་ནང་དུ་་་་་་་་་”༼ཁྲིམས་བཟོས་མེད་ན་གང་བྱུང་བརྗོད་རྒྱུ་ཡིན་ནམ།༽ཞེས་པའི་དྲི་བ་ཞིག་བཀོད་འདུག མ་གཞི་ངས་བྲིས་པའི་བསམ་འཆར་གྱི་རྩོམ་ཡིག་དེའི་ནང་ཁྲིམས་བཟོས་མེད་པ་རྒྱུ་མཚན་དུ་བྱས་ཏེ་གང་བྱུང་བཤད་པ་ཞིག་ཡོད་མེད་དྲྭ་གྲོགས་ཚང་མས་མཁྱེན་གསལ་རེད། དེའི་རྗེས་སུ་་་༼ཡིན་ཡང་ཉིན་མཚན་ལྟོས་མེད་དུ་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་ཚོར་པག་པག་བཤད་བསྡད་ན་ཡག་པོ་མི་འདུག་བསམ་པ་ཡིན།༽ གསུངས་པ་འདི་སུ་ལ་གསུང་གིན་ཡོད་པ་ངས་ཤེས་མ་སོང་། གཞན་དེ་མ་ཐག་པའི་ཚིག་༼དྲ་ཐོག་ནས་ངས་ཕབ་ལེན་བྱས་པ་ཡིན། དེར་ཁྱོད་ཀྱི་བཤད་པ་ལྟ་བུའི་སྐྱོན་མི་འདུག་ལོ།༽ ཞེས་པའི་གཏམ་འདིར་ཡིད་རྟོན་འོས་པ་ཞིག་གཏན་ནས་མི་འདུག ངས་ཁྱེད་ཀྱི་མཆན་བུ་དེ་བཀླགས་རྗེས་མཉན་ཆས་གསར་པ་ཞིག་ཕབ་ལེན་བྱས་ནས་བལྟས་པ་ཡིན། མཉན་ཆས་དེ་སྒོ་འབྱེད་སྐབས་ད་གཟོད་རང་གི་སྐད་ཆ་དྲང་པོ་ཞིག་མིན་པ་ངས་ཤེས་བྱུང་། མ་གཞི་རྫུན་ཚིག་གླེང་ན་ཕྱིན་ཆད་སོ་སོའི་སྐད་ཆ་གང་ལའང་གཞན་གྱི་གདེང་འཇོག་མི་ཡོང་བ་འདི་མིག་མཐོང་ལག་ཟིན་རེད། མཐའ་དོན་དུ་ཞུ་རྒྱུར། གོང་གསལ་མཆན་གྲངས་བཅུ་པའི་ཐོག་ཏུ་ངས་སྐུ་ཉིད་ལ་ཤགས་འགྱེད་བྱེད་སྟངས་ཅུང་ཟད་ཐལ་དྲགས་འདུག་པས། ཐུགས་ཕོག་བྱུང་བ་ལ་སྙིང་ཐག་པ་ནས་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།