ཟླ་སྨུག་པོ།
བསམ་བློའི་འདུ་ཤེས་དང་། ཡུལ་གོམས་གཤིས་ལུགས་ཀྱི་གྲུབ་ཆ་མ་འདྲ་བའི་རྒྱུ་མཚན་གྱིས་མི་རྣམས་ལ་རང་རང་གི་གཤིས་དཔྱོད་མ་འདྲ་བ་རེད་ཡོད་པ་བཤད་མ་དགོས་ལ། བོད་པ་རྣམས་ཀྱང་གནས་སྟངས་དང་ཁོར་ཡུག་ངེས་ཅན་ཞིག་ནས་འཚར་ལོངས་བྱུང་སྟངས་ཀྱིས། ཕལ་ཆེར་སུ་དང་མ་འདྲ་བའི་བསམ་བློ་གཏོང་སྟངས་ཁྱད་མཚར་ཞིག་ཡོད། དེ་ནི་ནོར་འཁྲུལ་ལ་ཧ་ཅང་སྐྲག་ཀྱང་ནོར་འཁྲུལ་སེལ་ཐབས་དང་ནོར་འཁྲུལ་ལས་སློབ་སྦྱོང་བྱེད་སྟངས་ཀྱི་གོམས་གཤིས་མེད་པ་མ་ཟད། རང་རང་གིས་བསགས་པའི་ནོར་འཁྲུལ་གང་དེ་ཅི་ལྕོགས་ཀྱིས་སྦས་གསང་བྱེད་ཐབས་ལ་འབད་པ་དེ་རེད།
འདི་ནི་སྤྱི་སྒེར་སུ་ལ་མཚོན་ན་ཆེས་ཡར་རྒྱས་ཀྱི་བཀག་རྡོ་ཆེན་པོ་ཞིག་ཡིན་པ་མ་ཟད། ནམ་ཡང་དྲང་བདེན་དང་གནས་ལུགས་ཀྱིས་ཕོངས་པའི་མི་སྡེའི་ཤོག་ཁག་ལས་བརྒལ་མི་བཏུབ་པའི་རྟགས་མཚན་ཟླ་མེད་པ་ཞིག་རེད།།
མ་གཞི་འུ་ཅག་གི་རྩ་བའི་བསམ་བློའི་སློབ་གསོ་དེ་རྣོ་ངར་ལྡན་པའི་འཐབ་རྩོད་ཀྱི་གཡུལ་ས་ནས་བྱུང་བ་མིན་པར། བསྟོད་ར་དང་ཁེངས་སྐྱུང་གི་རྣམ་པ་རྫུན་མས་མདུན་བསུས་ཤིང་། དད་པ་དང་དག་སྣང་ཞར་ར་དག་གི་ལམ་སྟོན་ལས་བྱུང་བ་ཤས་ཆེ་བས། ཐད་ཀར་མི་གཞན་གྱི་སྐྱོན་ཆ་ཐེར་འདོན་མི་ཕོད་ལ། རང་ཉིད་ཀྱིས་ལས་ལས་བསུབ་བསུབ་གཉིས་ཀ་ཡང་འགྲིག་འགྲིག་ཡག་ཡག་ལས་ཁས་ལེན་མི་བཏུབ་པའི་གནས་སྟངས་ཡིད་སྐྱོ་བོ་ཞིག་ཡོད་པ་འདི་རེད། ནོར་འཁྲུལ་ལ་སློབ་སྦྱོང་བྱེད་སྟངས་ཟེར་བ་དེ་ཡང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་མཐུག་པའི་གཞུང་ལུགས་ཤིག་ལ་སྦྱོང་བ་བྱེད་དགོས་པའི་དོན་མིན་པར། རང་ཉིད་ཀྱིས་བྱས་ཉེས་ལ་ངོས་ལེན་གཙང་མ་ཞིག་བྱེད་རྒྱུ་དེ་རེད། རེད་དེ་བོད་པ་ལ་མཚོན་ན་སྐྱོན་བརྗོད་མཁན་དང་བརྗོད་ཡུལ་དབར་ལ་དྲང་བདེན་ལས་ལྷག་པའི་འབྲེལ་བ་ཟེར་བ་ཞིག་ཡོད། འབྲེལ་བ་ལས་ལྷག་པའི་ཚོར་བ་ཟེར་བ་ཞིག་ཡོད། ཚོར་བ་ལས་ཀྱང་ལྷག་པའི་ཕྱི་མ་ཟེར་བ་ཞིག་ཡོད་པས། གཞན་གྱི་ནོར་འཁྲུལ་གླེང་ན་མཛའ་འབྲེལ་དང་། དད་པ་སོགས་དང་འགལ་བར་རློམ་ནས་ཕྱོགས་གཉིས་ཀྱི་ནོར་བ་”ཤི་གསང་རོའི་དཀར་ནག”བྱེད་ཀྱི་རེད། །
གལ་སྲིད་གཞན་ཞིག་གིས་ཁྱེད་ཀྱི་ནོར་བ་ལ་ནོར་བར་བརྗོད་ན། བརྗོད་མཁན་དེར་ཆེས་ཐ་ཤལ་བ་དང་། མ་རུང་བ། དཀྲུག་འདྲེ་བ། “ཁ་བྲལ་བ”སོགས་ཀྱི་ཉེས་མིང་སྣ་ཚོགས་གིས་གཡོག་པར་མཛད་དེ་དྲང་བདེན་གྱི་མལ་ས་ནས་ལང་ཐབས་མེད་པ་ཞིག་བཟོ་སྲོལ་ཡོད། འདི་བོད་པ་རྣམས་ནོར་འཁྲུལ་ལ་སྐྲག་ལུགས་དང་། ནོར་འཁྲུལ་སྦས་གསང་བྱེད་སྟངས་ཀྱི་ཐབས་རྩལ་དེའོ།
ནུབ་གླིང་བ་རྣམས་ལ་མཚོན་ན་འུ་ཅག་གི་བྱ་ཚུལ་འདི་དང་རྦད་དེ་ཁ་ཁར་གྱེས་ཡོད་ལ། ཁོང་ཚོ་རང་གི་ནོར་འཁྲུལ་གྱི་ཆ་ཀུན་གླེང་རྒྱུར་ཧ་ཅང་དགའ་བ་མ་ཟད། རྒྱུན་ལྡན་མིན་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཚོད་ལྟ་བྱེད་རྒྱུ་ལྷག་ཏུ་དགའ། རྒྱུ་མཚན་དེ་དག་གི་དབང་གིས་ནུབ་གླིང་བ་རྣམས་འུ་ཅག་གི་རིག་གནས་དཔལ་ཡོན་གྱི་མིག་དཔེ་ལྟ་ས་ཞིག་ཆགས་པ་རེད། ཡང་འདི་ལྟར་བཤད་དུས་བོད་རིག་གནས་ཀྱི་ཕྱུག་རབས་དང་གོ་ལའི་ཡང་རྩེ་ཡིན་རབས་ཀྱི་སྒྲུང་རང་མང་པོ་ལུང་འདྲེན་བྱེད་ཀི་རེད།།
ད་རགས་དབར་འུ་ཅག་ལ་ནོར་འཁྲུལ་ངོས་ལེན་བྱེད་རྒྱུའི་གོམས་སྲོལ་མེད་པ་དེ་གོང་སྨྲོས་ལྟར་འབྲེལ་བ་དང་། ཚོར་བ། ཕྱི་མ་སོགས་ཀྱི་ལྟ་ཚུལ་རབ་རིབ་འདི་དག་ལས་བྱུང་བ་ཡིན་ན་ཡང་། ལྟ་ཚུལ་འདི་ཕྱིན་ཅི་ལོག་པ། མ་དག་པ། མི་འོས་པ། གནས་ལུགས་ཀྱིས་གཅུན་དུ་མེད་པའི་མིག་རྒྱང་ཐུང་ཐུང་གི་བསམ་ཚུལ་ཙམ་དུ་ཟད། ཡིན་ཡང་བོད་རྣམས་ནོར་འཁྲུལ་ལ་ཧ་ཅང་སྐྲག་སྟབས་ཅི་མ་ཡིན་ནོར་འཛོལ་ཁས་ལེན་མི་བྱེད་པ་མ་ཟད། རང་ཉིད་བདེན་པར་སྒྲུབ་ཆེད་ཡར་འགྲེལ་མར་འགྲེལ་བརྒྱ་སྟོང་གནང་སྟེ་ང་ནི་བདེན་པ་ཁོ་ནའོ་ཞེས་པའི་བར་དུ་གཏུག་པར་ཨུ་ཚུགས་བཙན་སྐྱེལ་བྱེད།
གལ་སྲིད་གཏུག་པར་མ་བཏུབ་ཚེ་གནད་དོན་ཆེས་ངོ་ཚ་ཁ་སྐྱང་དགོས་པ་ཞིག་ཡིན་པར་བསམ་སྟེ། བུ་རབས་ཚ་རྒྱུད་ལ་བཞག་པའི་ཆེས་བསུབ་ཏུ་མེད་པའི་རྐང་འདྲེན་བླ་ན་མེད་པ་ཞིག་གོ་སྙམ་བཞིན་བློ་འགྱོད་དང་བཅས་ཐབས་ཤེས་ཡོད་དགུ་རྩལ་དཀྲུག་བྱེད། དེར་བརྟེན་འདི་ལྟ་བུའི་རུལ་སོང་གི་བསམ་བློ་རྫོབ་པོ་དེ་ནམ་ཞིག་འུ་ཅག་གི་ཁོར་ཡུག་ལས་རྒྱང་དུ་གྱེས་ཏེ། བདེན་པ་གཙུག་ཏུ་བཀུར་བའི་དྲང་བདེན་གྱི་སྤྱི་ཚོགས་ཤིག་ཅིས་ཀྱང་ཆགས་པར་སྨོན།།
22/6/2016 ཉིན་བྲིས།
བདེན་པ་གཙུག་ཏུ་བཀུར་བའི་དྲང་བདེན་གྱི་སྤྱི་ཚོགས་ཤིག་ཅིས་ཀྱང་ཆགས་པར་སྨོན། ཅེས་ཟླ་སྨུག་པོ་ལེགས་ཀྱི་བསམ་བློ་བཟང་པོ་ལ་དགའ་བསུ་ཞུ་དགོས། རྗེ་ཙོང་ཁ་པས།
་
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ཞེས་གསུངས།
་
བོད་ཆོས་ན་གཤགས་པ་ཞུ་བ་ཡོད། དེ་ནི་རང་སྐྱོན་གང་ཡོད་གཞན་ལ་སྟོན་པ་ལ་གསུངས་ཀྱང་། རང་སྐྱོན་གཞན་ལ་བཤད་མཁན་ནི། མི་ཤིས་ཀ་བཟང་པོས་མ་གཏོགས་བྱེད་མི་ཐུབ་པ་ཞིག་ཏུ་མངོན་གསལ་ལགས།
(ཁོང་ཚོ་རང་གི་ནོར་འཁྲུལ་གྱི་ཆ་ཀུན་གླེང་རྒྱུར་ཧ་ཅང་དགའ་བ་མ་ཟད།)
ཧེ་ཧེ་་་་་་ཕྱི་གླིང་པ་ལ་འདི་འདྲའི་བཟང་སྤྱོད་ཡོད་ན་དེ་དག་ཏུ་དམག་འཁྲུག་རྐུ་ཇག་སོགས་ཚུལ་མིན་བྱ་སྤྱོད་ཤུགས་ཆེར་དར་བ་འདི་ཅི་ཡིན་ནམ། བོད་མི་རེ་ཟུང་མ་གཏོགས་མི་གཤིས་གཞན་དང་བསྡུར་ན་ངོས་ལྐོག་ཕེར་བའི་དྲང་བདེན་དང་བྱམས་བརྩེ་སོགས་མ་འདྲ་བ་ཞིག་ངེས་པར་ཡོད། འོན་ཀྱང་ཆོས་བརྒྱད་མགོ་སྙོམས་མ་ནུས་པའི་དབང་གིས་བསྟོད་སྨད་ལ་དགའ་སྡུག་ཡོང་བ་ནི་འཇིག་རྟེན་མི་ཆོས་ཡིན་ཅིང་། དེ་དག་ལས་བརྒལ་ནས་ནོར་བ་གླེང་ན་དགའ་བ་དང་རྒྱུས་ལོན་དང་ཚོད་ལྟ་བྱེད་དགོས་ན་འུ་ཅག་གི་རིག་གནས་དཔལ་ཡོན་འདི་ལས་ལྷག་པ་གཞན་མེད་ཅིང་། དེའི་གོམས་གཤིས་ཅུང་ཟད་འཇགས་པ་ནི་ད་ལྟ་ས་འདིར་བོད་མི་རིགས་ལས་བཟང་ཙམ་གང་ན་མེད་པས། དེའི་ཕྱིར་ནུབ་གླིང་བ་རྣམས་ཀྱིས་འུ་ཅག་གི་ཆོས་དང་གང་ཟག་ལ་མིག་དཔེ་ལྟ་བ་ཡིན་པས། ངོམ་ན་ངོམ་རིན་ཆོག་པ་ཞིག་ཡིན་ནོ།།
རིག་གཞུང་ནོར་བུས་བརྒྱན་པའི་མི་རིགས་ལ།།
གཞན་ལས་ལྷག་པའི་རིན་ཐང་ལྡན་མོད་ཀྱང་།།
ངོ་ཚའི་གོས་བཟང་བྲལ་བའི་གཅེར་བུ་ལ།།
མིག་ཡིད་དབང་མེད་ཤོར་བ་དེང་སང་མང་།།
ཞེས་སྨྲས་སོ།།
ངའི་རེ་སྐུལ་ནི།
https://www.facebook.com/tsultrim.palyul/videos/1095339197183668/?pnref=story