ཨ་ས་ཁུ་ནོས་ཁྲོན།(Isaac Newton)
རྔ་བ་རྒྱལ་ཁམས་པ།
གླེང་བརྗོད།
སྔ་རབས་ཚན་རིག་གི་ཤིང་རྟ་ཆེན་པོ་སྐུ་ཞབས་ཨ་ས་ཁུ་ནོས་ཁྲོན་མཆོག་གིས་སྐུ་ཚེ་ཧྲིལ་བོའི་རིང་། ཚན་རིག་གི་རིག་པའི་གཞུང་ལུགས་དང་། ཕྱི་དོན་འཇིག་རྟེན་གྱི་ཁྱད་ཆོས་གཉིས་ལྟོ་སྦྱར་ཏེ། འོད་ནས་ཁ་དོག་དང་། ལྗིད་ཚད་ནས་ནུས་ཤུགས། འགུལ་སྐྱོད་ནས་འཕྲུལ་བཟོ། གནམ་རིག་ནས་རྩིས་རིག་བཅས་ཀྱི་བར། གསར་བརྗེ་རང་བཞིན་ལྡན་པའི་བྱ་དངོས་སྣ་མང་གསར་གཏོད་ཀྱིས། དགེ་མཚན་གྱི་མཐོ་རླབས་ཆེན་པོ་ཞིག་འཕྱུར་ཐུབ་པ་བྱུང་བ་དང་ཆབས་ཅིག སྐབས་དེར་དར་སོ་ཧ་ཅང་ཆེ་བའི་གནའ་བོའི་དགུ་རིག་གི་མཁས་ཆེན་སྐུ་ཞབས་ཕི་ལེ་ཁྲོ་དང་། ཨ་རེ་སི་ཁྲོ་ཁྲལ་སོགས་ལས་བྱུང་བའི་སྲོལ་རྒྱུན་གྱི་དཔེ་ཁྲིད་དག་ཀྱང་། རང་མིན་ངོས་ལེན་མཚམས་འཇོག་ནུས་མེད་ཀྱི་རང་བཞིན་དུ་གྱུར་ཡོད། དུས་རབས་བཅོ་ལྔའི་སྨད་ཙམ་ནས་ཨི་ཏྲ་ལིའི་ཕྱི་དོན་རིག་པའི་མཁས་ཆེན་སྐུ་ཞབས་དགའ་ལེའི་ལེའོ་མཆོག་ཕེབས་ཏེ། འཇིག་རྟེན་གྱི་བྱ་དངོས་ལ་སྲོལ་རྒྱུན་ཆོས་དད་ལས་འདས་པའི་བརྟག་དཔྱད་ཉམས་ཞིབ་གནང་ནས། དཔྱད་དོན་ཉམས་མྱོང་དང་དཔྱད་འབྲས་དབྱེ་ཞིབ་ཕྱོགས་བསྡུ་མཛད་ཅིང་། དངོས་དོན་གྱི་ལྟ་ཚུལ་གསར་བ་མང་བོ་ཞིག་འདོན་སྤེལ་གྱིས་འཛམ་གླིང་འདིའི་ཚན་རིག་གི་རིག་པའི་གཞུང་ལུགས་ཐད། ལྗང་མྱུག་ལ་ལོ་འདབ་ཐོགས་པ་ལྟ་བུའི་འཕོ་འགྱུར་གསར་བ་ཞིག་བྱུང་འདུག སྐུ་ཞབས་ནོས་ཁྲོན་མཆོག་གིས་དགའ་ལེའི་ལེའོའི་ཚན་རིག་གི་ལྟ་ཚུལ་གསར་བ་ཁག་མཉམ་སྡེབ་ཕྱོགས་བསྡོམས་བྱས་ཏེ། ལྟར་སྣང་ལ་འདྲའང་དངོས་དོན་ཐོག་མི་མཚུངས་བའི་ཤེས་བྱ་ཁག་ངོ་སྤྲོད་འགྲེལ་བརྗོད་ཀྱིས། ཕྱི་དོན་ཚན་རིག་གི་སྡོན་འགྲོའི་རྩིག་རྨང་ལྟ་བུ་ཞིག་བསྐྲུན་ཅིང་། ཕྱིས་སུ་ཁོང་གི་ལྟ་ཚུལ་འགའ་ཞིག་དེང་རབས་ཚན་རིག་གི་མཁས་ཆེན་དུ་གྲགས་པ་ཨ་ཡེན་སི་གྲན་མཆོག་གིས་རྒྱུན་འཛིན་དར་སྤེལ་བཏང་བ། འཇིག་རྟེན་སྤྱི་དང་། བྱེ་བྲག་རང་ཅག་གང་ལ་གནས་ཡུལ་གྱི་གོ་ལ་འདིའི་གནས་ལུགས་འགྲེལ་བརྗོད་བྱེད་པར་མེད་དུ་མི་རུང་བའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་དོ།།
ལེའུ་དང་བོ།
གཞོན་ནུའི་ལང་ཚོ།
སྤྱི་ལོ༡༦༤༢ལོའི་ཟླ༡༢ཚེས་༢༥ཞོགས་ཀ་ཡི་ཤིའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་ཞིག་གི་ཉིན་མོར། དབྱིན་ཇིའི་རྒྱལ་ཁམས་ཀྱི་དགུ་རེན་ཐམ་ལེན་ཁོན་ཤེ་ཨར་ཞེས་པའི་ས་ཁུལ་དང་ཁད་ཉེ་བའི་ཁང་བ་བོལ་སི་ཐི་རོབ་ཅེས་འབོད་པའི་ནང་། ཞིང་པ་དབུལ་བོ་ཁྱོ་ཤུག་ཟུང་གི་རྒྱུད་དུ་སྐྱེ་སྔ་དྲགས་པས། ལུས་ཀྱི་ལྷུ་ལག་མ་སྨིན་པའི་ཕྲུ་གུ་ཉམ་ཆུང་ཞིག་སྐུ་བལྟམས་ཤིང་། དེ་ནི་སྔ་རབས་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པ་སྐུ་ཞབས་ནོས་ཁྲོན་མཆོག་རེད། ནོས་ཁྲོན་སྐུ་མ་འཁྲུངས་གོང་གི་ཟླ་གསུམ་གྱི་སྔོན། ཡབ་ཨ་ས་ཁུ་དེ་བཞིན་སྐུ་གཤེགས་སྟབས། སྐྱེ་སྔ་དྲགས་པའི་བུ་ཆུང་གི་གཟུགས་གཞིའི་གནང་སྟངས་དང་། གཤེགས་སྔ་བའི་ཁྱོ་གའི་ཕྱི་ཐག་ཐུང་བའི་དོན་རྐྱེན་ལས། མ་རྒན་ཧ་ན་ལགས་རེ་ཞིག་སེམས་ནད་དང་མྱ་ངན་གྱི་མཚོ་མོར་ལྷུང་ཞིང་། དུས་ཕྱིས་མོ་རང་གིས་ནོས་ཁྲོན་ལ་གསུངས་གསལ༼ངས་ལྷུ་ལག་མ་སྨིན་པའི་ཁྱོད་ཀྱི་ལུས་པོ་ཆུང་ངུ་དེ། ཇ་འཐུང་སྣོད་ཀྱི་ཕོར་བ་ཆུང་ངུ་ཞིག་གི་ནང་བཅུགས་ཀྱང་། ཤོང་ཐུབ་རྒྱུ་རེད་སྙམ་དུ་བསམ་སོང་།༽ཞེས་སྨྲས་འདུག འོན་ཏེ་སྟབས་ལེགས་པ་ཞིག་ཏུ། གཞོན་ནུ་ཨ་ས་ཁུ་སྐུ་གཟུགས་མ་སྨིན་རུང་ལེགས་པར་འཚོ་གནས་ཐུབ་པ་ནི། ཆེས་ཧ་ཅང་གི་དགའ་འོས་དོན་ཆེན་གྱི་གནས་ཚུལ་ཞིག་ཡིན། ཁོང་དགུང་ལོ་གསུམ་ལ་ཕེབས་སྐབས། མ་རྒན་ཧ་ན་ནོས་ཁྲོན་མཆོག་འབྱོར་ལྡན་དཔོན་སློབ་སྐུ་ཞབས་བྷར་ན་བྷ་སི་སི་མའི་ཐི་དང་མཉམ་པོར་གཉེན་སྒྲིག་བྱས་ཏེ། གྲོང་གསེབ་ཉེ་འདབ་ཀྱི་ས་ཁུལ་ཞིག་ཏུ་གནས་སྤོས་འཚོ་བ་བསྐྱལ་ཞིང་། མ་རྒན་ཕྱི་ལ་ཐོན་པ་ནས་ནོས་ཁྲོན་མཆོག་རང་གི་རྨོ་བོ་ལགས་ཀྱིས་གཅེས་སྐྱོང་བཀའ་དྲིན་འོག ལུས་ཀྱི་ལྷུ་དྲུག་རིམ་བཞིན་དར་བསྐྱེད་ཡར་རྒྱས་བྱུང་འདུག་པར་སྣང་ལ། ཁོང་དགུང་གྲངས་བཅུ་ལ་མ་ཕེབས་ཙམ་ནས་ཧ་ན་ལགས་ཀྱིས་གཉེན་སྒྲིག་གཉིས་པ་ལས་བྱུང་བའི་ཕྲུ་གུ་གསུམ་པོ་ཁྲིད་ནས། ཡུག་མོའི་གནས་སྟངས་ཐབས་རྡུགས་ཤིག་གི་འོག་ཕྱིར་རང་ཁྱིམ་སུ་ལོག་འདུག་གོ།
སློབ་གྲར་འགྲིམས་པ།
ཨ་སུ་ཁུ་མཆོག་ལོ་ན་ཆུང་ངུའི་དུས་ས་གནས་ཉིན་སློབ་ཏུ་སློབ་ཞུགས་གནང་སྟེ། སྔོན་འགྲོའི་ྐློག་བྲིས་དང་རྩིས་རིག་ལེགས་པར་སྦྱངས་ཤིང་། དཔོན་སློབ་སི་མིའི་ཐི་མཆོག་གི་སྲས་ཚབ་ལྟ་བུར་སོང་བའི་ཆ་ནས། དབྱིན་ཇི་རྒྱལ་ཐོག་དྲུག་པའི་བརྡ་དག་སློབ་གྲའི་ནང་དམིགས་བསལ་སློབ་ཡོན་སྤྲོད་མ་དགོས་པར་ལས་ཀའི་ཚབ་ཏུ་བརྡ་སྤྲོད་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་འདུག ཁོང་སློབ་གྲའི་ནང་ཡོད་སྐབས་དམིགས་བསལ་གྱི་བློ་རིག་རྐྱེན་པའི་ཁྱད་ཆོས་དེ་འདྲ་ཅིའང་མེད་ལ། རྩེད་རིགས་ལའང་མཉེས་པོ་མེད་པ་རྒྱུན་པར་དཔེ་ྐློག་དང་། དངོས་པོ་ཅི་ཞིག་བཟོ་སྐྲུན་བྱ་རྒྱུར་ཐུགས་མོས་ཡོད་ངེས་ཤིག་སྟེ། མ་རྒན་གྱིས་ཕུལ་བའི་གྲོན་དངུལ་མཐའ་དག་སྲི་ཚགས་ཀྱིས། སོག་ལེ་དང་། ཐོ་སྐམ། ཤིང་སོགས་ལག་ཆའི་རིགས་ཉོས་ཏེ། རང་གི་གཟིམས་ཁང་གི་ནང་ཆུའི་དུས་བརྟག་འཁོར་ལོ་ཞིག་དང་། ཆུ་མཆིག་གི་མ་དཔེ་གསར་བ་ཞིག་བཞེངས་སྐྲུན་བེད་སྤྱོད་གནང་ཞིང་། རླུང་མེད་ཚེ་བྱི་བ་ཞིག་ནང་དུ་བཞག་ནས་དེ་ཉིད་འགུལ་བསྐྱོད་གཏོང་གི་ཡོན་པར་མངོན། དེ་བཞིན་རྫས་རིགས་བསྲེ་སྦྱོར་གྱི་བརྟག་དཔྱད་ལའང་དགའ་བོ་ཡོད་པ་བཅས་ནི། ཁོང་ན་གཞོན་བྱིས་པའི་དུས་ཀྱི་གཤིས་སྤྱོད་གཙོ་བོ་རེད།
ཞིང་ཕྱུགས་གཉེར་བའི་བུ་ཆུང་།
ནོས་ཁྲོན་མཆོག་དགུང་ལོ་བཅུ་དྲུག་ཡས་མས་ཤིག་ཏུ་སླེབས་སྐབས། མ་རྒན་གྱི་བཀོད་མངགས་ལྟར་ཁྱིམ་གཞིས་བཟུང་སྟེ། ཞིང་ལས་སོ་ནམས་ཀྱི་ལས་ཀ་བྱེད་དུ་བཅུགས་ཀྱང་འཇོན་མི་འདུག་ལ། ལུག་རྫི་བྱས་ཏེ་འབྲོག་ལས་གནང་མོད། རྫི་ཞོར་ལ་དཔེ་ཆར་བལྟ་ྐློག་དང་། ཤིང་གི་སོགས་ཀྱི་སྟེང་གཟུགས་བསྐོས་དཀྲོལ། ས་གནས་ཆུ་མཛོད་དང་ཆུ་འཁོར་སོགས་ལ་སེམས་གཡེངས་སྟབས། ལུག་ཁྱུ་རྒྱང་རིང་དུ་འཁྱམས་ནས་རིན་ཐང་ཅན་གྱི་མ་རྨོས་ལོ་ཏོག་གི་ས་ཞིང་འཕྲོ་བརླག་ཏུ་བཏང་པས་དེའང་ཡག་པོ་ཞིག་མ་བྱུང་བ་རེད། ཟླ་དགུའི་རྗེས་ཁོང་སླར་ཡང་དགུ་རན་ཐོ་ས་ཁུལ་གྱི་སློབ་གྲའི་ནང་ཕྱིར་ལོག་ཕེབས་ཤིང་། སློབ་གྲའི་དགེ་གཙོ་སྐུ་ཞབས་ཧན་རེས་སི་གྲོ་ཁུ་མཆོག་གིས་དཔེ་ཁྲིད་གཟིགས་སྐྱོང་ལ་བརྟེན། ཨ་ས་ཁུ་མཆོག་གི་སློབ་སྦྱོང་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཟང་བོ་ཐོབ་པས། སློབ་གྲ་དེའི་སློབ་མ་ཡོངས་ཀྱི་རྩེ་ཕུད་དུ་ཆགས། དེ་ནས་བཟུང་དགེ་རྒན་རྣམ་པས་ཁོང་བར་སློབ་གྲ་ཆེན་མོར་སློབ་འཇུག་གི་གྲ་སྒྲིག་ཨང་སར་གནང་ཞིང་། སྤྱི་ལོ༡༩༦༡ཟླ༦ནང་རང་ཁྱིམ་དང་ཞལ་གྱེས་ཏེ་ཆམ་བྷི་རེ་ལྗེའི་སློབ་ཆེན་གྱི་ཡན་ལག་ཏུ་གྱུར་པ། ཁྲི་རེན་ཁྲིའི་མཐོ་སློབ་ཏུ་སློབ་ཞུགས་གནང་ཞིང་། ཆམ་བྷི་རེ་ལྗེའི་གྲོང་སྡེ་ནི་ཁོང་འབྱུང་འགྱུར་ལོ་ངོ་སུམ་བཅུ་སོ་ལྔར་བཞུགས་ཡུལ་གྱི་ནང་ངོ་མ་ལྟ་བུར་གྱུར། དུས་རབས་མང་བོ་ཞིག་གི་རིང་མཚན་ཉིད་པ་དང་། ཚན་རིག་པ་དག་གིས་གནའ་བོའི་དགུ་རིག་གི་མཁས་ཆེན་ཨ་རེ་སི་ཁྲོ་ཁྲལ་དང་། ཕི་ལ་ཁྲོས་སོགས་ལས་བརྒྱུད་པའི་ལྟ་དགོངས་ཡུ་ཤིའི་ཆོས་ལུགས་དང་འབྲེལ་ནས་ཐུགས་སྦྱོང་དང་ལེན་བྱས་འདུག་མོད། ནོས་ཁྲོན་ཕེབས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་སེམས་ཁམས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཤིང་། དུས་རབས་བཅུ་བདུན་པའི་སྟོད་ཀྱི་ཆར་དབྱིན་ཇིའི་ཆབ་སྲིད་པ་དང་རྩོམ་པ་པོ། སྐུ་ཞབས་སྤི་རན་སིའི་སི་བྷ་ཁོན་དུ་གྲགས་པས་དངོས་དོན་བདེན་དཔང་ལ་གཞི་བཅོལ་བ་ལས། དད་པ་དང་ཡིད་ཆེས་ཙམ་རྒྱུ་མཚན་དུ་མི་འཛིན་པའི་ཚན་རིག་གི་ལྟ་ཚུལ་གསར་བ་ཞིག་འདོན་སྤེལ་བྱས་ཤིང་། དགོངས་འཆར་དེ་གང་ལ་ཁུངས་བཅོལ་སའི་གཞི་ནི། སྒ་ལིའི་ལེའོ་མཆོག་གི་ལྟ་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། སྒ་ལི་ལེའོས་ས་གཞི་འདི་འཕོ་འགྱུར་བྲལ་བའི་འཇིག་རྟེན་གྱི་ལྟེ་བ་ཞིག་མ་ཡིན་པ་དང་། དེ་ཉིད་ཀྱིས་ཉི་མའི་མཐའ་འཁོར་དུ་སྐོར་བ་རྒྱག་བཞིན་ཡོད་ཚུལ་གསལ་བརྗོད་བྱས་རྐྱེན། དད་པ་དང་ཡིད་ཆེས་ཁོ་ནར་རྩིས་སུ་བྱེད་པའི་རོ་མན་ཀ་ཏོ་ལིག་ཆོས་སྡེ་དང་། ཚན་རིག་པ་གཉིས་ཀྱི་བར་ཚ་གྲང་ལྟ་བུའི་འགལ་འཁྲུགས་ཆེན་པོ་ཞིག་བྱུང་སྟེ། སྐུ་ཞབས་སྒ་ལི་ལེའོ་ཚེ་བཙོན་བཏང་བའི་ལོ་རྒྱུས་བྱུང་བ་ཡོངས་གྲགས་ཀྱི་གནས་ཤིག་ཡིན། འོན་ཏེ་རིང་བོར་མ་ཐོགས་པར་ཚན་རིག་པ་ཕལ་མོ་ཆེས་བརྟག་དཔྱད་མེད་པར་བསམ་བློ་རྙིང་རིགས་གང་ཡིན་ལ་ཧོབ་འཇུག་ངོས་ལེན་མི་བྱེད་པའི་སྲོལ་ཀ་ཞིག་དར་ནས། དངོས་དོན་དང་འབྲེལ་ཞིང་རྒྱུ་མཚན་ལྡན་པའི་འགྲེལ་བཤད་གསར་བ་ཆེད་རྩོམ་གྱིས། ཤེས་བྱ་ཡོན་ཏན་སློབ་སྦྱོང་གི་ལམ་སྟེགས་གཉིས་པ་ལྟ་བུ་ཞིག་དར་ཁྱབ་བྱུང་འདུག་གོ།
ལེའུ་གཉིས་པ།
སློབ་གྲ་ཆེན་མོ་དང་དེའི་ཤུགས་རྐྱེན།
དེ་ལྟར་གསར་བརྗེ་རང་བཞིན་ལྡན་པའི་ཤེས་བྱ་སློབ་སྦྱོང་གི་སྲོལ་ཀ་ཞིག་དར་སྤེལ་གྱི་མགོ་ཚུགས་ཟིན་མོད་ཀྱང་། ཨ་ས་ཁུ་མཆོག་་ཁྲི་རེན་ནེ་ཁྲིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་གི་སྔ་མོའི་ལོ་དུས་དེ་དག་གི་རིང་། སློབ་གྲོགས་བྱིངས་དང་འདྲ་བར་གནའ་བོའི་རོམ་དང་། དགུ་རིག་གི་ལུགས་སྲོལ་ལྟར་གྱི་ལེགས་སྦྱར་འཛིན་གྲར་ཞུགས་ནས། གཏན་ཚིག་རིག་པ་དང་། ཀུན་སྤྱོད་རིག་པ། ལྡེབ་སྦྱོར་རྩིས་རིག་སོགས་སློབ་གཉེར་ཚུལ་བཞིན་བྱས་ཤིང་། ཐོག་མའི་ལོ་བར་གསུམ་གྱི་རིང་སློབ་མ་གཞན་དང་འདྲ་བར་སློབ་སྦྱོང་གི་ཆུ་ཚད་སྐྱོ་བོ་ཞིག་ལས་ཡར་སྐྱེད་དེ་ཙམ་བྱུང་མི་འདུག་ལ། ཁོང་གིས་ནམ་རྒྱུན་སློབ་མ་འབྱོར་ལྡན་རྣམས་དང་། ལེགས་སྦྱར་བ། སློབ་སྤྱི་དག་གི་རྗེས་སོར་ཁ་མིག་ཡར་ལྟོས་བྱས་པས་མ་ཚད། འཕྲིན་སྐྱེལ་བ་དང་། ཟས་ཞབས་པ། ལྷམ་མགོ་གཙང་ལས། སློབ་གྲའི་ཟས་སྣོད་བཀྲུ་བ་བཅས་ཀྱི་ཕྱག་ལས་ཀྱང་མང་བོ་ཞིག་གནང་ཡོད་ཚོད་རེད།
གསར་བརྗེ་ཁྱད་ཆོས་ལྡན་པའི་དཔེ་ཆ་ྐློག་སྦྱོང་།
ཁམ་བྷི་རེ་ལྗེའི་སློབ་གྲ་ཆེན་མོའི་རྩིས་རིག་སྡེ་ཚན་གྱི་སློབ་སྤྱི། སྐུ་ཞབས་ཨ་ས་ཁུ་བྷར་ལོ་ཞེས་འབོད་པས་ནོས་ཁྲོན་ལ་སློབ་སྦྱོང་ལྷག་པོ་ཞིག་བྱེད་ཐུབ་ཚེ། དགེ་མཚན་ཆེ་ཚུལ་སེམས་ཤུགས་སྐུལ་སློང་གཞོགས་འདེགས་མཛད་པའི་ཉེར་ལེན་ལས། སྤྱི་ལོ༡༦༦༤ལོའི་ནང་ཁོང་གོང་གསལ་མཐོ་སློབ་ཏུ་སློབ་ཡོན་དམིགས་བསལ་གྱི་སློབ་མར་འོས་འདེམས་བྱུང་སྟེ། ལོ་རྗེས་མའི་ཟླ་དང་བོའི་ནང་སྒྱུ་རྩལ་ཐད་གཙུག་ལག་སློབ་ཆེན་ཨང་རིམ་དང་བོ་ཆོད་མཁན་གྱི་སློབ་མར་གྱུར་ཅིང་། ཁོང་གི་སློབ་སོན་རྩོམ་བྲིས་ཀྱི་ནང་རང་ཉིད་ཚན་རིག་དང་། མཚན་ཉིད་རིག་པ། ཆོས་ལུགས་བཅས་ཀྱི་ཐད་བསམ་ཚུལ་གསར་བ་ཞིག་འདོན་སྤེལ་བྱ་རྒྱུར་འདོད་འདུན་ཆེ་ཚུལ་གསལ་བརྗོད་གནང་འདུག་པ་ལྟར། དེང་རབས་ཚན་རིག་གི་རྐང་འཛུགས་མཁན་སྤ་རན་སིའི་མཁས་པ་རེ་ནེའི་སྒྲིའི་ས་ཁུར་ཁྲེ་སི༼༡༥༩༦ཧ༡༦༥༠༽ མཆོག་དང་། དབྱིན་ཇིའི་བསམ་བློ་བ་ཆེན་པོ་ཧན་རེ་མོ་ཨར༼༡༦༡༤ཧ༡༦༨༥༽། ཐོ་མ་སི་ཧོ་བྷེ༼༡༥༨༨ཧ༡༦༧༩༽། བཅས་ཀྱི་བརྩམས་གཞུང་མང་བོར་བལྟ་ྐློག་མཛད་ཅིང་། ལྷག་པར་འཇར་མན་གྱི་གནམ་རིག་པ་ལྗོ་ཧན་སི་ཁེབ་ལིར༼༡༥༧༡ཧ༡༦༣༠༽མཆོག་གིས་མཛད་པའི་འོད་དང་། རྒྱང་ཤེལ། ཕྱིའི་འཁོར་སྐར་འགུལ་བསྐྱོད་ཀྱི་ཤེས་བྱར་སློབ་གཉེར་ནན་ཏན་བྱས་པ་དང་། ཨི་ཏྲ་ལིའི་ཚན་རིག་པ་སྒ་ལིའི་ལེའོ་མཆོག་གི་གནམ་རིག་དང་། རྩིས་རིག་ཐད་གསར་བརྗེ་རང་བཞིན་གྱི་ལྟ་སྟངས། དབྱིན་ཇིའི་ཚན་རིག་པ་རོ་བྷིར་གྲི་བྷོ་ཡོལ་༼༡༦༢༧ཧ༡༦༩༡༽མཆོག་གིས་འཇིག་རྟེན་བརྟག་དཔྱད་དང་། དཔྱད་འབྲས་དབྱེ་བསྡུ་མཛད་པའི་ཚན་རིག་གི་ཤེས་བྱ་དང་། མཚན་ཉིད་རིག་པ། རྫས་སྦྱོར། ཕྱི་དོན་རིག་པ་སོགས་ཀྱི་སྐོར་འབྲེལ་བརྗོད་མཛད་པའི་དཔེ་ཆར་གཟིགས་རྟོགས་ཞིབ་མོའི་ལུགས་སུ་མཛད་ཅིང་། ཚན་རིག་པ་ཕྱི་མ་འདི་ཉིད་ཀྱི་ཐབས་ཤེས་ལག་ལེན་གྱི་ཕྱག་ལེན་ཀྱིས། ནོས་ཁྲོན་མཆོག་ལ་ཟློག་ཏུ་མེད་པའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་འདུག དེ་བཞིན་ཚན་རིག་པ་དང་། མཚན་ཉིད་རིག་པ་བ་གཞན་དང་གཞན་གྱིས་འགྲེལ་བརྗོད་བྱས་པའི་རྡུལ་ཕྲན་གྱི་བཀོད་དབྱིབས་སྣ་ཚོགས་སྟོན་པའི་དཔེ་གཞུང་སྤྱི་དང་། བྱེ་བྲག་སྤ་རན་སིའི་མཁས་པ་ཕེ་ཡར་རིའི་དགའ་སན་སྒྲིའི་༼༡༥༩༢ཧ༡༦༥༥༽མཆོག་གི་འཇིག་རྟེན་རྡུལ་ཕྲན་གྱི་རིགས་ཁ་ཤས་ལས་གྲུབ་པ་དང་། རྡུལ་ཕྲན་དེ་དག་གི་གཡོ་འགུལ་དང་། འདུ་འབྲལ་གྱི་རང་བཞིན་རྩིས་ཀྱི་རིག་བྱེད་ལ་བརྟེན་ནས་དཔོགས་ཐུབ་ཚུལ་གྱི་དགོངས་པ་ལའང་། ཐུགས་ཧ་ཅང་་དགྱེས་ཚོར་ཆེན་པོ་ཞིག་གནང་འདུག་པར་མངོན་ནོ།།
རྩིས་རིག་ཐོག་ཡར་སྐྱེད།
ནོས་ཁྲོན་གྱིས་རྩིས་རིག་སྦྱང་མགོ་ཚུགས་ནས་རྒྱུན་རིང་མ་ལོན་པར་ཆེས་ཧ་ཅང་་ངོ་མཚར་ཆེ་བའི་མྱུར་ཤུགས་ངང་། རྩིས་དགེ་དག་ལས་ཀྱང་མཁས་བའི་རྩལ་རྒྱས་ཏེ། དབྱིབས་ཚད་རྩིས་རིག་དང་། ཚབ་རྩིས་རིག་པ་སོགས་དམིགས་བསལ་གྱི་རྩིས་རིག་ཐོག་ཐུགས་སྦྱོང་མཛད་ཅིང་། ཁོང་གིས་སྒྱུ་རྩལ་གྱི་ཨང་རིམ་དང་བོ་ཆོད་རྗེས། མཐོ་སློབ་ཀྱིས་ཁོང་བར་དམིགས་བསལ་ལོ་བར་བཞིའི་དུས་ཡུན་རིང་། ཉམས་ཞིབ་དང་ཟབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་གཏན་འབེབས་བྱས་མོད། སྟབས་མ་ལེགས་པ་ཞིག་ལ། སྤྱི་ལོ༡༦༦༥ལོར་གཉན་ནད་ཚབས་ཆེན་ཞིག་ཁམ་བྷི་རེ་ལྗིའི་ཕྱོགས་སུ་གློ་བུར་དར་མཆེད་བྱུང་ནས། སློབ་མཚམས་རེ་ཞིག་ཅམ་འཇོག་མ་གནང་ཐུ་མེད་བྱུང་འདུག སྐབས་དེའི་ནད་ཡམ་ལས་ལོན་གྲོན་གྲོང་ཁྱེར་གཅིག་པུའི་ནང་། མི་གྲངས་བདུན་ཁྲི་ལྷག་འདས་གྲོངས་སུ་སོང་ཞིང་། དབང་འཛིན་དག་གིས་ཁམ་བྷི་རེ་ལྗིའི་གཙུག་ལག་སློབ་ཆེན་གཙོ་བོར་གྱུར་བའི་གལ་གནད་ཆེ་བའི་ལྟེ་བ་མང་བོ་ཞིག་སྒོ་བརྒྱབ་སྟེ། དགེ་སློབ་ཚང་མ་ཕྱོགས་གཞན་དུ་ཉེན་ཡོལ་ལ་བཏང་བ་དང་། ལོ་དེའི་ཟླ༨ནང་ནོས་ཁྲོན་མཆོག་ཀྱང་རང་ཁྱིམ་བེལ་སི་ཐི་རོས་ནང་ཕྱིར་ལོག་གིས། སྐྱིད་ལ་སྡུག་པའི་ཆུང་འདྲིས་ཀྱི་རང་ཁྱིམ་ནང་ཕྱག་ལས་མུ་མཐུད་གནང་ཡོད་པར་སེམས་སོོ།།
ལེའུ་གསུམ་པ།
ཁེར་རྐྱང་གི་ཕྱག་ལས།
ཨ་ས་ཁུ་མཆོག་རྐྱེན་དབང་གིས་རང་ཡུལ་དུ་ཕྱིར་ཕེབས་ལོ་བར་གཉིས་བཞུགས་རྒྱུན་རིང་། དེ་སྔའི་སློབ་ཆེན་གྱི་བྲེལ་འཚུབ་འཚོ་བ་དང་། རྒྱང་རིང་དུ་ཞལ་གྱེས་ཏེ་ཁ་ཁུ་སིམ་པོའི་ངང་གཙོ་བོ་རང་ཉིད་གཅིག་པུས་ཉམས་ཞིབ་ཕྱག་ལས་གནང་འདུག ཅིག་ཐང་ན། དུས་སྐབས་དེ་ནི་ཁོང་གི་མི་ཚེའི་ཁྲོད་ཚན་རིག་ཐོག་བསམ་གཞིགས་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་ཆགས་ཡོད་ལས་ཆེ་སྟེ། ཁོས་གིས་དུས་ཚོད་དེ་དག་གི་ནང་ཁམ་བྷི་རེ་ལྗིའི་མཐོ་སློབ་ནས་སྦྱངས་ཟིན་སློབ་ཚན་ཁག་ལ་བསྐྱར་སྦྱོང་གནང་ཞིང་། ལྷག་དོན་དེང་རབས་མཚན་ཉིད་རིག་པའི་སྲོལ་རྐང་འཛུགས་མཁན་དུ་གྲགས་པ། སྤ་རན་སིའི་མཁས་པ་རན་ནེ་སྒྲིའི་ས་ཁུར་ཁྲེ་སི་མཆོག་གིས་བརྩམས་གཞུང་ཁ་བྱང་དུ༼མཚན་ཉིད་རིག་པའི་ལམ་སྲོལ༽ཞེས་བཏགས་པའི་དཔེ་ཆར་གཟིགས་རྟོགས་ཞིབ་མོར་མཛད་ཅིང་། རྗེས་སོར་ཁོང་གིས་མི་ཚེའི་ནང་མངོན་འདོད་མཐར་སོན་གྱི་གྲུབ་འབྲས་ཐོ་ཡིག་ཅིག་བཀོད་འདུག་པའི་ནང༼འདི་དག་ཚང་མ་སྤྱི་ལོ༡༦༦༥ནས་༡༦༦༦བར་གཉན་ནད་དར་འབྱམས་སུ་ཕྱིན་སྐབས་ཀྱི་ལོ་བར་གཉིས་རིང་གྲུབ་པ་ཞིག་ཡིན༽ཞེས་དང་། ༼ཉི་མ་དེ་དག་གི་རིང་གསར་གཏོད་དང་། རྩིས་རིག མཚན་ཉིད་རིག་པ་བཅས་ཀྱི་ཐད་འདོད་བློ་མངོན་དུ་གྱུར་པའི་གྲུབ་འབྲས་ནི། ངའི་མི་ཚེའི་ཁྲོད་དོན་དག་གང་ལས་ཀྱང་གལ་འགངས་ཆེ་ཤོས་སུ་ཆགས་པ་རེད༽ཅེས་གསུངས་འདུག གང་ལྟར་ཡང་། སྐབས་དེར་ཁོང་གིས་བསམ་འཆར་དང་ཕྱག་ལས་རྣམས་ཚན་རིག་གི་ཉིན་རེའི་གསར་ཤོག་ཁག་གི་ཐོག ལམ་སེང་པར་བསྐྲུན་འགྲེམས་སྤེལ་མ་གནང་བར། ལོ་གཞུག་མ་དག་གི་ནང་གོ་རིམ་སྣ་ཚོགས་པའི་ལམ་ནས་ཕྱི་ལ་ཁྱབ་གདལ་དུ་ཕྱིན་འདུག སྤྱི་ལོ༡༦༦༥ལོ་ཡས་མས་ཤིག་ནས་ཁོང་བར་དམིགས་བསལ་འོད་སྣང་ཐད་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ཐུགས་སྣང་ཞིག་སླེབས་ཏེ། རང་ཁྱིམ་བོལ་སི་ཐི་རོབ་ནང་བརྟག་དཔྱད་ལག་བསྟར་གྱི་མགོ་ཚུགས། དེ་ཡང་གཟིམས་ཤག་གི་སྒེའུ་ཁུང་སྒོ་བརྒྱབ་ནས་དེའི་ཐོག་ཉི་ཐིག་ཡོང་བའི་སྐར་ཁུང་ཆུང་ངུ་ཞིག་བཏོད་ཅིང་། གཟིམས་ཤག་གི་དབུས་སུ་འཇའ་ཤེལ་ཞེས་པ་ཡིན་རྒྱུ་ནི་དཀྱུས་མའི་ཤེལ་རང་ཡིན་པ་ལ། དབྱིབས་གྲུ་གསུམ་གྱི་རྣམ་པ་ཅན་ཞིག་མར་མེ་སྒྲོན་སྟེགས་ལྟ་བུ་ཞིག་གི་ཐོག་བཞག་སྟེ། ཨུ་ཁུང་ལས་མཆེད་པའི་ཉི་ཐིག་འཇའ་ཤེལ་དེ་ཉིད་ལ་ཕོག་པས། འཇའ་ཤེལ་དེའི་རྒྱབ་ངོས་ནས་གྱང་རྩིག་ཐོག་ཕྱི་ལ་འཕྲོས་པའི་འོད་ཟེར་ནི། ཁ་ཞིང་ཤིན་ཏུ་ཆེ་བའི་འཇའ་ཚོན་གྱི་ཁ་དོག་དུ་གནས་གྱུར་འདུག སྐབས་དེ་ཤེད་ན་གནའ་བོའི་དགུ་རིག་གི་མཁས་ཆེན་ཨ་རེ་སི་ཁྲོ་ཁྲལ་གྱིས། འོད་དཀར་ནི་སླད་མེད་ཀྱི་རྫས་གཅིག་ཉིད་ལས་གྲུབ་པར་འདོད་པའི་ལྟ་བ། མཁས་བླུན་ཚང་མས་ཡོངས་གྲགས་ངོས་ལེན་བྱེད་བཞིན་ཡོད་པར་སྣང་ལ། འཇའ་ཤེལ་ལས་བྱུང་བའི་འཇའ་ཚོན་གྱི་འོད་ནི། འོད་དཀར་འཇའ་ཤེལ་ལ་ཕོག་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ཡང་ཚོན་སྣའི་རྒྱུ་ཆ་གཙོ་བོ་ཤེལ་གཏུབ་སྟངས་ཀྱི་རྣམ་པ་ལས་བྱུང་བར་བཤད་ལ། དཀྱུས་མའི་འཇའ་ཚོན་ནི་ཡོངས་གྲགས་རླུང་དང་། འོད། ཆར་ཆུ་བཅས་ཀྱི་རྟེན་འབྲེལ་ལས་བྱུང་བ་ཞིག་ཡིན་པ་དང་། དེའང་ཚོན་མདངས་ཀྱི་རྒྱུ་ཆ་གཙོ་བོ་ནི། ནམ་མཁའ་སྟོང་བའི་དབྱིངས་སུ་ཆར་ཟིལ་ཁྲི་ཁྲག་མང་བོ་འགུལ་བསྐྱོད་འདུ་འཕྲོད་བྱེད་བཞིན་པ། འོད་སྣང་དང་འཕྲད་པ་ལས་བྱུང་བ་ཞིག་ཡིན་པར་མངོན་ནོ།།
འོད་ཀྱི་རྡུལ་ཕྲན་རིག་པ།
སྐུ་ཞབས་ནོས་ཁྲོན་མཆོག་གིས་འོད་སྣང་ལ་དཔྱད་པ་བྱས་པའི་གྲུབ་དོན་ལྟར་ན། འོད་ཟེར་དཀར་བོ་ནི་ཁ་དོག་སྣ་ཚོགས་འདྲེས་པའི་འོད་སྣང་ཞིག་ལས། ཨ་རེ་སི་ཁྲོ་ཁྲལ་མཆོག་གི་བཞེད་པ་ལྟ་བུའི་སླད་མེད་རྫས་གཅིག་ཉིད་ལས་གྲུབ་པ་ཞིག་ནི་མ་ཡིན་པར་འདོད་ལ། དེ་ཡང་འོད་དཀར་འཇའ་ཤེལ་དང་འཕྲད་པ་ལས། ཅུང་ཟད་ཕྲ་མོའི་རང་བཞིན་གྱི་འོད་ཟེར་ཁ་དོག་མི་གཅིག་པ་རྣམས་སོ་སོར་འཕྲོས་ནས། རྒྱབ་ངོས་ཀྱི་རས་གཞིའམ་པང་ལེབ་ལྟ་བུའི་ངོར་ཕོག་ཅིང་། ཁ་དོག་དེ་དག་ལས་དམར་བོ་ལྟ་བུའི་ཁ་དོག་གང་ཡང་རུང་བ་ཞིག་གི་ཐད། ཨི་ཁུང་ཞིག་བཏོད་དེ་འཕྲོས་པའི་འོད་དམར་གྱི་ཐིག་སྔར་བཞིན་འཇའ་ཤེལ་ལ་ཕོག་སྐབས། འཇའ་ཤེལ་ལས་འཕྲོས་པའི་འོད་ལ་ཁ་དོག་དམར་པོ་གཅིག་པུ་ལས་མདོག་སྣ་མི་གཅིག་པ་དེ་འདྲ་མེད་སྟབས། སླད་མེད་རྫས་རྐྱང་གཅིག་ཉིད་ལས་གྲུབ་པའི་འོད་ནི་དེ་ཡིན་སྲིད་པར་འདོད་ལ། གང་ལྟར་ཡང་ནོས་ཁྲོན་གྱི་འོད་རྡུལ་རིག་པ་ནི། ཁོང་རང་གིས་དཔྱད་དོན་བདེན་དཔང་ལས་བྱུང་བའི་ལྟ་བ་འོད་རླབས་འགུལ་སྐྱོད་ཡོངས་མ་བྱུང་བར་དུ། ཚན་རིག་པ་དག་གིས་ངོས་ལེན་ལག་བསྟར་མཛད་དེ། རང་བཞིན་འོད་རིག་གི་ལྟེ་བའི་སྲོག་གནད་གཅིག་པུར་ཆགས་ཡོད།
ཁམ་བྷི་རེ་ལྗིའི་མཐོ་སློབ་ཏུ་ཕྱིར་ལོག་པ།
སྤྱི་ལོ༡༦༦༧ལོའི་དབྱིད་ཀར་ཁམ་བྷི་རེ་ལྗིའི་སློབ་ཆེན་ཡང་བསྐྱར་སྒོ་འབྱེད་ཀྱི་སྐལ་བ་བཟང་བོ་ཞིག་ཤར་ཞིང་། ནོས་ཁྲོན་མཆོག་ཁྲི་རིན་ཁྲིའི་མཐོ་སློབ་ཀྱི་སློབ་གཉེར་བ་ཞིག་ཏུ་འོས་འདེམས་སྔོན་སོང་ལྟར་ཕྱིར་མཐོ་སློབ་ཏུ་ཕེབས་ཏེ། རྒོད་པོས་གནམ་འཕངས་གཅོད་པ་ན།། ལྕི་བསེར་རླུང་གི་རམ་འདེགས་བཟང་།། ཞེས་པའི་དཔེ་ལྟར་དུ། སྤྱི་ལོ༡༦༦༧ལོ་མཐོ་སློབ་དེའི་རྩིས་རིག་པན་ཆེན་སྐུ་ཞབས་ཨ་ས་ཁུ་བྷར་ལོ་མཆོག་བགྲེས་ཡོལ་དུ་ཕེབས་ཚབ། ནོས་ཁྲོན་དགུང་ལོ་ཉི་ཤུ་རྩ་དྲུག་ཅན་ལ་དེ་ཉིད་ཀྱི་ལས་ཚབ་ཆེ་བསྟོད་ཀྱི་གོ་གནས་ཕུལ། མཁས་ཆེན་ཞིག་གི་མཚན་གནས་ཡོད་པའི་ཆ་ནས་ཁོང་གིས་སློབ་མ་དག་ལ་ཚན་རྩིས་སྐོར་གྱི་ལེགས་སྦར་སྣ་མང་ཞིག་སྤེལ་མོད། མི་ཉུང་ཤས་ཤིག་མ་གཏོགས་ཉན་མཁན་མ་བྱུང་བས། ཁོང་ནམ་ཡང་ལེགས་སྦྱར་བ་ཆེན་པོ་ཞིག་ཏུ་ཆགས་ཐུབ་མེད་པ་འདྲ་སྟེ། རྗེས་སོར་ཁོང་གི་ལས་རོགས་ཤིག་གིས་གསུངས་གསལ་དུ༼ཆེས་ཉུང་ཤས་ཤིག་ལས་ཁོང་གི་ལེགས་སྦྱར་ལ་ཉན་མཁན་མ་བྱུང་ཞིང་། ཉན་མཁན་ཞིག་རྟག་ཏུ་བྱུང་བ་ནི་རྩིག་པ་རེད༽ཅེས་བཤད་འདུག
ནོས་ཁྲོན་གྱི་རྒྱང་ཤེལ་གསར་བ།
ནོས་ཁྲོན་མཆོག་གིས་འོད་སྣང་གི་སྐོར་ཉམས་ཞིབ་གནང་རྗེས། སྐབས་དེར་དར་སོ་ཆེ་བའི་བརྟག་ཆས་རྒྱང་ཤེལ་གྱི་རིགས་མི་གསལ་ཞིང་། བརྟག་ཞིབ་སྐབས་བྱ་ཡུལ་གྱི་མཐའ་སྐོར་དུ་ཚོན་ལྡན་འོད་ཟེར་རབ་རིབ་འཕྲོ་ལྡོག་བྱེད་པ་དང་། ནག་ཐིག་འབབ་པ་སོགས་དཀའ་ངལ་མང་བོ་ཞིག་ལ་འཕྲད་བཞིན་ཡོད་སྟབས། ཁོང་གིས་ཕོལ་དབྱིབས་ཅན་གྱི་རྒྱང་ཤེལ་གསར་བ་ཞིག་བཟོ་སྐྲུན་མཛད་པ། དེང་སེང་ཡོངས་གྲགས་ནོས་ཁྲོན་ལུགས་སམ། འཕྲོ་ལྡོག་རྒྱང་ཤེལ་ཞེས་འབོད་བཞིན་དེ་ཉིད་ཡིན་པར་སྣང་ལ། ནོས་ཁྲོན་མཆོག་གིས་བཏོད་པའི་རྒྱང་ཤེལ་གྱི་བཀོད་དབྱིབས་གསར་བ་དེ་ནི། ཤིང་ཤུབ་ཟླུམ་པོའི་དབྱིབས་ཅན་གྱི་རྐེད་མཐིལ་དུ་མེ་ལོང་ཡོད་པ། དངོས་པོ་གང་ཞིག་བརྟག་ཞིབ་བྱེད་སྐབས་འོད་ཟེར་གཏིང་ཤེལ་ལ་ཕོག་པ་གྱེན་དུ་འཕྲོ་ལྡོག་གིས་རྐེད་ཀྱི་མེ་ལོང་ཐོག་ཕོག་པ། རྒྱང་ཤེལ་གྱི་མཐོང་རྒྱའི་བུ་ག་བརྒྱུད་གསར་བོར་མཐོང་ཐུབ་པ་ཞིག་ཡིན་ལ། ཁོང་གིས་རྒྱང་ཤེལ་དེ་བཟོ་སྐྲུན་གནང་བ་ཙམ་དུ་མ་ཟད། བཟོ་སྐྲུན་གྱི་ལག་ཆའང་རང་ཉིད་ཀྱིས་གསར་སྐྲུན་བྱས་ཤིང་། དེང་སང་འཛམ་གླིང་ཐོག་གི་རྒྱང་ཤེལ་ཆེ་ཤོས་ཚང་མའི་གཞི་རྩའི་བཀོད་དབྱིབས། ནོས་ཁྲོན་ལུགས་ཀྱི་རྒྱང་ཤེལ་གྱི་རྣམ་པ་ཡིན་ཞེས་ལོ་རྒྱུས་ཀྱི་ཡི་གེ་དག་ན་བྲིས་འདུག་གོ། སྤྱི་ལོ༡༦༧༡ནང་ཁོང་གིས་ཡར་བསྐྱེད་འགྱུར་བ་བཏང་བའི་རྒྱང་ཤེལ་དེ་བཞིན། ལོན་གྲོན་གྱི་༼རྒྱལ་པོའི་མཐུན་ཚོགས༽སུ་འབུལ་ལམ་ཞུས་ཤིང་། ཚོགས་པ་འདི་མི་ལོ་བཅུ་གཅིག་གི་སྡོན་དུ་རྩ་འཛུགས་བྱས་པ། འཛམ་གླིང་གི་ཚན་རིག་ཐོག་ཆེས་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ལ། སྤྱི་ལོ༡༦༧༢ལོར་ནོས་ཁྲོན་མཆོག་ཚན་ཚོགས་དེའི་ཟླ་གྲོགས་སུ་འོས་འདེམས་བྱུང་འདུག
པར་སྐྲུན་ཐོག་གི་རྩོད་པ།
སྤྱི་ལོའི་དུས་རབས་བཅུ་བདུན་ཡས་མས་ཤིག་ཏུ། དབྱིན་ཇིའི་རྒྱལ་ས་ལོན་གྲོན་གྲོང་ཁྱེར་གྱི་ནང་སྲེག་ཇ་འཐུང་སའི་ཁང་བ་མིང་གྲགས་ཅན། ཚོང་རིགས་དང་། ཤེས་ཡོན་ཅན། སྒྱུ་རྩལ་བ་སོགས་འདུ་འཛོམས་མཇལ་འཕྲད་ཀྱིས་ཕན་ཚུན་བསམ་འཆར་གྲོས་བསྡུར་དང་། གནས་ཚུལ་བརྗེ་ལེན་བྱེད་ས་ཞིག་ཡོད་པར་མངོན་ཞིང་། དོན་གནད་གང་ཞིག་ཐོག་མར་འདོན་མཁན་དེ་རང་ཉིད་ཡིན་མིན་སྐོར། སྤྱི་ཚོགས་ནང་ངོ་སྤྲོད་ཁྱབ་སྤེལ་གྱིས་མི་མང་དག་ལ་ཤེས་རྟོགས་འཇུག་རྒྱུ་ནི། ཧ་ཅང་་གི་དོ་གལ་ཆེན་པོ་ཞིག་ཡིན་པར་སེམས་ལ། སྤྱི་ལོ༡༦༦༨ལོར་ནོས་ཁྲོན་མཆོག་གིས་སྒྲ་ནེ་ཤའི་རྩིས་རིག་པ་ནེ་ཁོ་ལ་སི་མིར་ཁ་ཁྲོར་དུ་འབོད་པས་བརྩམས་པའི་དཔེ་ཆ་ཞིག་གཟིགས་པའི་ནང་། ནོས་ཁྲོན་རང་ཉིད་ཀྱིས་བཏོན་ཟིན་པ་གང་ཞིག་ཆ་སོ་སོར་དབྱེ་བསྡུ་བྱས་འདུག་པ་གཟིགས་པས། ཁོང་གིས་རྩིས་ཐབས་ཀྱི་བསམ་བློ་དེ་དག་ཐོག་མར་འདོན་མཁན་དེ་རང་ཉིད་ཡིན་ཚུལ་མི་མང་ཚོར་ངོ་སྤྲོད་ཤེས་རྟོགས་སྤེལ་ཆེད། རྩིས་རིག་པ་ལྗོན་ཁོ་ལེན་སི༡༦༢༥ཧ༡༦༨༣མཆོག་ལ་ཕྱག་ཡིག་སྤྲིངས་པ་བརྒྱུད། རང་གི་ལྟ་ཚུལ་ཚན་རིག་གི་སྤྱི་ཚོགས་དང་། ཚོགས་འདུ། སྲེག་ཇ་ཚོང་ཁང་སོགས་སུ་ཡོངས་ཁྱབ་མཛད་ཅིང་། དེ་དང་ཆབས་ཅིག་རྩོམ་བྲིས་གཞན་པའང་བཏང་འདུག གང་ལྟར་ཡང་། ཁོང་གི་འགྲན་རྩོད་དེས་རང་བཞིན་གྱིས་རང་གི་ལས་རོགས་ཚན་རིག་པ་དག་དང་ལྷན་དུ་རྩོད་གླེང་བྱུང་ཞིང་། ཁྱད་པར་ཁོང་གི་ཁ་གཏད་ཡོངས་གྲགས་ཚན་རིག་པ་རོ་བྷིར་གྲི་ཧོས་ཁའི་མཆོག་གིས། ནོས་ཁྲོན་གྱི་འོད་དང་མཐོང་རྒྱའི་རིག་པ་སྤྱི་ལོ༡༦༧༢ལོར་པར་སྐྲུན་བྱས་པའི་ཐོག་སྐྱོན་བརྗོད་མཛད་པར། དགག་ལན་བརྒལ་བརྟག་ཚ་ནན་སྤེལ་བ་སོགས་དུས་ཚོད་རེ་ཞིག་གི་བར། ཁོང་གྲོགས་མེད་ཁེར་རྐྱང་ལྟ་བུའི་གནས་སྟངས་འོག་ཕྱག་ལས་གནང་དགོས་བྱུང་ཡོད། དེ་ལྟར་མོད་ཀྱི་གསེར་ས་འོག་འོད་ནམ་མཁའི་དཔེ་ལྟར། སྤྱི་ལོ༡༦༧༥ནང་ཧོས་ཁའི་མཆོག་གིས་ནོས་ཁྲོན་གྱི་དགོངས་འཆར་ངོས་ལེན་གདེངས་འཇོག་མ་གནང་ཐུ་མེད་བྱུང་ཞིང་། ནོས་ཁྲོན་གྱིས་སླར་ཡང་མཚན་བྱང་དུ༼འོད་ཀྱི་དངོས་རྫས་ལ་ཚོད་དཔག་བྱས་པའི་འགྲེལ་བརྗོད༽ཅེས་པ་ཞིག་རྩོམ་བྲིས་མཛད་པར། སྐབས་དེར་ཧོས་ཁའི་ནས་ཚན་རིག་གཞན་དག་གི་ཁྲོད་ནོས་ཁྲོན་གྱིས་ང་རང་གི་བསམ་བློ་རྐུ་འཁྱེར་བྱས་ཚུལ་སྐྱོན་བརྗོད་ཁྱབ་བསྒྲགས་བྱས་པས། ཁོང་གཉིས་ཆ་རྩོད་པས་རྩོད་ཐག་མ་ཆོད་པར་དགྲ་བོར་གྱུར་འདུག་གོ།
ལེའུ་བཞི་བ།
འཐེན་ཤུགས་དང་འགུལ་བསྐྱོད།
སྤྱི་ལ༡༦༧༠དོན་གྲངས་ནང་ནོས་ཁྲོན་མཆོག་གིས་འོད་དང་མཐོང་རྒྱའི་རིག་པ་དང་། རྩིས་རིག་སྐོར་ལ་ཕྱག་ལས་གནང་ཕྱོགས་ཅུང་ཉུང་དུ་བཏང་ཚབ། རྫས་སྦྱོར་རིག་པ་དང་། ཆོས་རིག་ཐོག་ཉམས་ཞིབ་ྐློག་སྦྱོང་གནང་བ་དང་། ལྷག་པར་དཀོན་མཆོག་གི་རང་བཞིན་གནས་ལུགས་དང་། དེའི་ནང་དོན་སྐོར་ལ་སློབ་སྦྱོང་གཏིང་ཟབ་མཛད་ཅིང་། དམ་པའི་ཆོས་གཞུང་དང་གནའ་བོའི་ཡ་ཧི་ད་བའི་ཆོས་གཞུང་སོགས་ཆོས་རིག་སྐོར་གྱི་དཔེ་གཞུང་མང་བོ་ལས་བཤད་པ་ལྟར་གྱི་དཀོན་མཆོག་གི་དུས་ཀྱི་བཞེངས་སྐྲུན་སྐོར་ལ་ཉམས་ཞིབ་ཚོད་བལྟ་མཛད། གཞན་ནད་ཡམ་དར་མཆེད་དུས་ཚོད་དེའི་སྐབས། ཁོང་གིས་དངོས་རིགས་འགུལ་སྐྱོད་ཐོག་བསམ་གཞིགས་ཀྱི་མགོ་མརྩམས་ཤིང་། བྱ་དངོས་འགུལ་སྐྱོད་ཀྱི་སྔོན་འགྲོའི་ཆོས་ཉིད་གསུམ་ཞིག་གཏན་འབེབས་བྱས་པ། ཧ་ཅང་་དོ་གལ་ཆེན་པོ་གལ་སྲིད་དེ་དག་མེད་ན་དེང་རབས་ཚན་རིག་གི་གནད་དོན་མང་བོ་ཞིག་གི་ཐད་བསམ་བློ་གཏོང་དཀའ་བར་གྲགས་ལ། དུས་ཕྱིས་གནད་དོན་དེ་གསུམ་ཁོང་གི་དཔེ་ཆ་ཞལ་བྱང་དུ(ངཔྱདྲརྣཏྲདྲསྣྲདྲཎ) ཞེས་པའི་ནང་པར་སྐྲུན་གནང་ཡོད་པར་བཤད། ནོས་ཁྲོན་མཆོག་ལ་འཇིག་རྟེན་འཐེན་ཤུགས་ཀྱི་བསམ་ཚུལ་ཐོག་མར་སྐྱེས་སྟངས་སྐོར་ལ། རྒོད་བྲོ་བའི་གཏམ་རྒྱུད་འདི་འདྲ་ཞིག་ཤོད་སྲོལ་འདུག གཉན་ནད་དར་མཆེད་ཀྱི་དུས་ཚོད་ནང་། ཉིན་ཞིག་ཁོང་ཁྱིམ་ཚང་གི་ལྡུམ་རྭའི་ཁྲོད་ཤིང་གི་འཕོང་སྟེགས་ཤིག་གི་ཐོག་བཞུགས་ནས། ཀུ་ཤིའི་སྡོང་བོ་ལས་ལྷུང་བཞིན་པའི་ཀི་ཤིར་གཟིགས་རྟོགས་གནང་སྐབས། ༼འགའ་རེས་ཀི་ཤི་ཞིག་ཁོང་གི་དབུ་ཐོག་ཏུ་ལྷུང༽ཞེས་ཀྱང་བཤད། ཅིའི་ཕྱིར་ཀུ་ཤི་ས་སྟེང་དུ་ལྷུང་འགྲོ་བའི་ཐོག་བསམ་བློ་ཐོག་མར་འཁོར་བ་ཡིན་ཞེས་གྲགས་ལ། ཁོང་གིས་འགུལ་བསྐྱོད་ཀྱི་གཙོ་བོའི་ཆོས་ཉིད་གསུམ་ཞིག་གཏན་འབེབས་མཛད་པ་ལས། ཆོས་ཉིད་དང་བོ་ལྟར་ན་ནུས་པ་གང་ཞིག་གིས་ཤུགས་རྐྱེན་མ་སྤྲད་པ་ཡིན་ན། བྱ་དངོས་རྣམས་རང་མུར་སྡོད་པའམ། ཡང་ན། མུ་མཐུད་འགུལ་བསྐྱོད་བྱེད་པ་སྟེ། དཔེར་ན། ཅིའང་མེད་པའི་དབྱིངས་སུ་པོ་ལོ་ཞིག་ལ་རྡོག་པས་གཞུས་ན། པོ་ལོ་དེ་བཞིན་ཐད་ཀར་དུས་ནམ་ཡང་མུ་མཐུད་བསྐྱོད་ངེས་མོད། གོ་ལ་འདིའི་མཁའ་རླུང་ཁྲོད་དེ་ལ་རྡོག་པས་བརྒྱབ་པ་ཡིན་ན། མཁའ་རླུང་ནང་རྡུལ་ཕྲན་གྱི་རླངས་པ་དང་འཕྲད་ཅིང་། གོང་ལའི་འཐེན་ཤུགས་ལ་བརྟེན་ནས་པོ་ལོ་དེ་ཉིད་མར་ཐང་ལ་ག་ལེར་ལྷུང་འགྲོ་བ་ཡིན། ཆོས་ཉིད་གཉིས་པ་ལྟར་ན། བྱ་དངོས་གང་ཞིག་ལ་ཤུགས་རྐྱེན་སྤྲད་པ་ཡིན་ན། དངོས་བོ་དེ་ཤུགས་རྐྱེན་སྤྲོད་མཁན་གྱི་དམིགས་ཕྱོགས་ལྟར་བསྐྱོད་ཅིང་། དངོས་པོ་དེའི་མྱུར་ཚད་དེ་ཤུགས་རྐྱེན་སྤྲོད་མཁན་གྱི་ནུས་པ་དང་། དངོས་པོ་རང་ཉིད་ཀྱི་བསགས་ཕུང་དང་འབྲེལ་བ་ཡོད་པ་སྟེ། དཔེན་ན། པོ་ལོ་ཞིག་ལ་རྡོག་པས་གཞུས་པ་ཡིན་ན། པོ་ལོ་དེ་བཞིན་ཁྱོད་རང་གི་རྡོག་པས་གཞུ་ཕྱོགས་ལྟར་བསྐྱོད་ཅིང་། རྡོག་པས་ཡང་བསྐྱར་ཤུགས་ཆེར་གཞུས་ཚེ་མྱུར་ཚད་ཀྱང་མགྱོགས་སུ་འགྲོ་བ་དང་། ཡང་། པོ་ལོ་ཆེན་པོ་ལྗིད་ཁོག་ཅན་ཞིག་ལ་རྡོག་པས་གཞུས་ཚེ། པོ་ལོ་དེ་བཞིན་གོང་གསལ་པོ་ལོ་ཡང་ཞིང་ཆུང་ངུའི་མགྱོགས་ཚད་ལས་དལ་དུ་འགྲོ་བ་ཡིན། ཆོས་ཉིད་གསུམ་པ་ལྟར་ན། བྱ་འགུལ་ཚང་མར་འདྲ་མཚུངས་དང་། ལྡོག་ཕྱོགས་ཀྱི་ཚུར་ལྡོག་ཡོད་པར་འདོད་པ་སྟེ། དཔེར་ན། པོ་ལོ་གཉིས་མཉམ་པོར་བརྡབ་པ་ཡིན་ན། ཚུར་ལྡོག་གི་མགྱོགས་ཚད་པོ་ལོ་དེ་གཉིས་མཉམ་བརྡབ་ཀྱི་ནུས་ཤུགས་སམ་མྱུར་ཚད་དང་འདྲ་མཚུངས་ཡིན་པར་སྨྲ་བཅས་གསུམ་མོ།། གང་ལྟར་ཡང་། ནོས་ཁྲོན་མཆོག་གིས་རང་གི་བསམ་ཚུལ་ལ་གཞི་བཅོལ་ནས། གོ་ལ་རྣམས་དང་། ཟླ་བ་དག་གི་འགུལ་བསྐྱོད་ཀྱི་རང་བཞིན་འགྲེལ་བརྗོད་ཞིབ་མོའི་ལུགས་སུ་མཛད་ཡོད། སྐབས་དེ་ཤེད་ན་སའི་གོ་ལ་གཙོ་བོར་གྱུར་པའི་ཉི་ཟླ་གཟའ་སྐར་སོགས་གྱི་འགུལ་བསྐྱོད་རང་བཞིན་དེ། ལྟ་ཚུལ་མི་མཚུངས་པ་སྣ་ཚོགས་པའི་ལམ་ནས་འགྲེལ་བཤད་བྱེད་བཞིན་ཡོད་ཚོད་ལ། དེ་དག་གི་རྨང་གཞི་ལྟ་བུ་ནི་དེང་རབས་ཚན་རིག་གི་གཞི་འཛིན་སྤ་རན་སའི་མཚན་ཉིད་པ་སྐུ་ཞབས་སྒྲིའི་ས་ཁུར་ཁྲེ་སི་མཆོག་གིས། གོ་ལ་གཟའ་སྐར་རྣམས་རྡུལ་མང་འདུས་པའི་རླུང་ཁམས་འཁོར་འཁྱིལ་ནུས་པ་ལ་བརྟེན་ནས་བཟུང་ཡོད་པར་བཤད་པའི་ལྟ་སྟངས་དེ་ཉིད་ཡིན་པར་གྲགས་ཤིང་། སྐུ་ཞབས་ནོས་ཁྲོན་ནས་ཐོག་མར་བར་སྣང་སྟོང་བར་དངོས་རིགས་འཕེན་འཇོག་བྱས་ཏེ་བརྟག་དཔྱད་མཛད་པས། བསགས་ཕུང་ཆེན་པོའི་གྲས་ལ་བསགས་ཕུང་ཆུང་རིགས་ལས་དངོས་པོ་དབང་དུ་སྡུད་པའི་ནུས་པ་ཆེ་བ་ཡོད་པར་ཚོད་གིས་ཐུག་ནས། སའི་གོ་ལ་འདིར་དངོས་རིགས་རང་གི་དབུས་དཀྱིལ་དུ་འཐེན་པའི་ནུས་ཤུགས་ཆེན་པོ་ཞིག་ཡོད་པར་ཚོད་དཔགས་བྱས་པར། དེང་སང་ང་ཚོས་འདི་ལ་སའི་གོ་ལའི་འཐེན་ཤུགས་ཞེས་བརྗོད་བཞིན་པ་ཡིན། ནོས་ཁྲོན་གྱིས་གོ་ལའི་འཐེན་ཤུགས་ནམ་མཁའ་སྟོང་བའི་དབྱིངས་སུ་རིམ་པར་མཆེད་ནས་ཟླ་བའི་གོ་ལ་བར་ཐུག་ཡོད་པ་དང་། ཟླ་བས་སའི་གོ་ལ་བསྐོར་བཞིན་ཡོད་པ་སོགས་། གཟའ་སྐར་དག་གིས་གཅིག་གིས་གཅིག་བསྐོར་བ་ལ་བརྟེན་ནས། དེ་དག་རེ་རེར་ཡུལ་རང་གི་དབུས་སུ་འཐེན་པའི་ནུས་པ་དང་། དབུས་ནས་ཕྱི་ལ་འཐེན་པའི་ནུས་ཤུགས་ཏེ་གཞི་རྩའི་ནུས་པ་གཉིས་ཤིག་ཡོད་པའི་དགོངས་འཆར་བཏོན་ཅིང་། ཁོང་གིས་རང་གི་ལྟ་ཚུལ་འདི་བཞིན་འཐད་ལྡན་ཞིག་ཏུ་ཆགས་ཆེད། གཟའ་སྐར་གྱི་འཁོར་ཤུགས་དེ་རྩིས་རིག་གི་ལམ་ནས་གཏན་འབེབས་ཞུས་འདུག་གོ།
མཐའ་ནས་དབུས་སུ་སྡུད་པའི་ནུས་པ།
དེང་སང་ཚན་རིག་པ་ཕལ་ཆེར་གྱིས་ནོས་ཁྲོན་གྱིས་བཏོན་པའི་དབུས་ནས་ཕྱི་ལ་འཐེན་པའི་ནུས་པ་ཞེས་པ་འདི་དོན་དངོས་ཐོག་གནས་པ་ཞིག་མ་ཡིན་པར་ཡིད་ཆེས་གནང་བཞིན་ཡོད། ཁྱེད་རང་གིས་ཐག་པ་ཞིག་གི་སྣེ་མོར་པོ་ལོ་ཞིག་བཏགས་ནས་བསྐོར་པ་ཡིན་ན། ནོས་ཁྲོན་ལུགས་ཀྱི་འགུལ་བསྐྱོད་དང་བོ་ལྟར། ནུས་པ་གང་ཞིག་གིས་ཤུགས་རྐྱེན་མ་སྤྲད་ཚེ། པོ་ལོ་དེ་བཞིན་ཐད་ཀར་ཤར་གྱིས་འགྲོ་དགོས་མོད། ཐ་གུའི་འཐེན་ཤུགས་ཀྱིས་བཟུང་ཡོད་སྟབས། པོ་ལོ་དེ་མུ་མཐུད་འཁོར་བཞིན་པ་འདི་ལྟ་བུ་ལ། མཐའ་ནས་དབུས་སུ་ཕྱོགས་པའམ་འཐེན་པའི་ནུས་པ་ཞེས་འབོད་ཅིང་། པོ་ལོ་ཉིད་འཁོར་སྟངས་ཉིད་ཀྱིས་ཕྱི་ལ་ཕྱོགས་བཞིན་ཡོད་སྟབས། དབུས་ནས་མཐའ་ལ་འཐེན་པའི་ནུས་པ་ཞེས། པོ་ལོ་དེ་བཞིན་ཕྱི་ལ་འཐེན་པའི་ནུས་པ་གཞན་པ་ཞིག་མི་དགོས་འདོད་ལ། གལ་སྲིད་གློ་བུར་དུ་ཐག་པ་དེ་ཆད་སོང་བ་ཡིན་ན། མཐའ་ནས་དབུས་སུ་སྡུད་པའི་ནུས་པ་དེ་མེད་པར་ཆགས་ཏེ། པོ་ལོ་དེ་རང་དབང་ཡན་གར་བར་གྱུར་པས། ནོས་ཁྲོན་ལུགས་ཀྱི་འགུལ་བསྐྱོད་དང་བོ་ལྟར་པོ་ལོ་དེ་ ཐད་ཀར་ཤར་གྱིས་འགྲོ་དགོས་མོད། གོ་ལའི་འཐེན་ཤུགས་དང་འཕྲད་པས་ནོས་ཁྲོན་ལུགས་ཀྱི་འགུལ་བསྐྱོད་གཉིས་པ་ལྟར། ཐང་དུ་ག་ལེར་ལྷུང་འགྲོ་བ་ཡིན། དེ་བཞིན་ཟླ་བའི་སའི་གོ་ལ་བསྐོར་ཚུལ་ཡང་རྒྱུ་མཚན་འདིའི་སྟེང་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་སྟེ། ནོས་ཁྲོན་ལུགས་ཀྱི་འགུལ་བསྐྱོད་དང་བོ་ལྟར་ན། ནུས་པ་གང་ཞིག་གི་ཤུགས་རྐྱེན་མ་ཐེབས་ཚེ། བཅོ་ལྔའི་དུང་ཟླ་དཀར་བོ་མཁའ་དབྱིངས་སྟོང་བའི་ངོགས་སུ་ཐད་ཀར་ཤད་ཀྱིས་བསྐྱོད་ཆོག་ཀྱང་། སའི་གོ་ལའི་འཐེན་ཤུགས་ཀྱིས་ཟླ་བ་མུ་མཐུད་རང་གི་ཁ་ཕྱོགས་སུ་འཐེན་བཞིན་ཡོད་པས། ཟླ་བར་ཐད་བསྐྱོད་བྱེད་པའི་རང་དབང་བྲལ་བ་ཡིན། འོ་ན། དེ་ལྟར་ན་ཟླ་བ་ཅིའི་ཕྱིར་སའི་གོ་ལའི་ཐོག་མ་ལྷུང་བ་ཡིན་ཞེས་དྲིས་ན། དེ་ནི་གོ་ལ་འདི་དག་ཐོག་མར་ཆགས་སྟངས་ཉིད་ཀྱི་འཁོར་ཤུགས་ལས། ནམ་མཁའི་དབྱིངས་སུ་ཐད་བསྐྱོད་བྱེད་བཞིན་ཡོད་པས། ཕན་ཚུན་ཅིག་གིས་གཅིག་གི་ཐོག་མ་ལྷུང་པའམ། མ་བརྡབས་པ་ཤིག་ཡིན་ཞེས་བརྗོད་ཆོག་པར་སྙམ་མོ།།
ལེའུ་ལྔ་བ།
རང་བཞིན་མཚན་ཉིད་རིག་པའི་རྩིས་ཀྱི་གཞི་རྩ།
༼ངས་ཁྱོད་ལ་དོན་གནད་ལྷག་པོ་ཞིག་ར་སྤྲོད་བྱ་རྒྱུར། སྐུ་ཞབས་ཧོས་ཁེ་མཆོག་གི་བྱ་དངོས་ཀྱི་འཐེན་ཤུགས་ཕན་ཚུན་འདྲ་མཚུངས་དང་། ཉམ་རྒུད་ཀྱི་ལྟ་ཚུལ་ལས་ཁྱོད་ཀྱིས་ཁོང་གི་བསམ་ཚུལ་རྐུ་འཁྱེར་བྱས་འདུག་སྐོར་ཧོས་ཁེ་ཉིད་ཀྱིས་གསུངས་སོང་།༽ཞེས་དབྱིན་ཇིའི་གནམ་རིག་པ་ནོས་ཁྲོན་ཉིད་ཀྱི་གྲོགས་པོ་ཧ་ལེ་མཆོག་གིས་ནོས་ཁྲོན་ལ་ཕྱག་ཡིག་སྤྲིངས་ཤིང་། ཡི་གེ་དེར་ཁོང་གིས་༼རྒྱལ་བོའི་མཐུན་ཚོགས༽སུ་ཁྱེད་ཀྱི་རྩོམ་བྲིས་དཔར་སྐྲུན་ཡོང་བའི་སྙན་སེང་ཞུས་དོན། ཚོགས་པའི་ངོས་ནས་དེ་ལུགས་ཡོང་འཐུས་ཞལ་བཞེས་གནང་སྐོར་བཀོད་འདུག་པ་ལྟར། ནོས་ཁྲོན་མཆོག་གིས་༼རང་བཞིན་མཚན་ཉིད་རིག་པའི་རྩིས་ཀྱི་གཞི་རྩའམ༽། ཡོངས་གྲགས༼གཞི་རྩ༽ཞེས་འབོད་པའི་ཚན་རྩིས་ཀྱི་དཔེ་གཞུང་སྙན་གྲགས་ཅན་དེ་རྩོམ་བྲིས་ཆ་ཚང་མཇུག་འཁྱོངས་ཞུས་འདུག
འགྲན་ཟླ་ལྷག་པོ་ཞིག
སྐུ་ཞབས་ནོས་ཁྲོན་དང་ཧོས་ཁེ་གཉིས་ཀྱི་བར་རྩིས་རིག་རྩོད་གླེང་བྱུང་བ་དེས། ནོས་ཁྲོན་ལ༼གཞི་རྩ༽ཐོག་མར་རྩོམ་པའི་སྐུལ་མ་ལྷག་པོ་ཞིག་ཐེབས་ཡོད། ལར་ནས་སྤྱི་ལོ༡༦༧༩ལོར་སྐུ་ཞབས་ཧོས་ཁེ་མཆོག་གིས་གཟའ་སྐར་དག་གི་མཐའ་ནས་དབུས་སུ་སྡུད་པའི་གུག་ཀྱོག་འཐེན་ཤུགས་ཀྱི་སྐོར་དང་། གྲུབ་བཞི་གོ་ལྡོག་གི་རྩིས་རིག་ཐད་བསམ་གྲོས་འདོན་མྱོང་མོད་ཀྱང་། ཁོང་གིས་རང་གི་ལྟ་ཚུལ་དེར་རྩིས་རིག་གི་རྒྱབ་ལྗོངས་སྐྲུན་མ་ཐུབ་པར། འཐེན་ཤུགས་དེ་བཞིན་དམིགས་བསལ་གྱི་ནུས་པ་དོན་གནད་ཁྱད་པར་བ་ཞིག་གི་ཐོག་བྱུང་བ་ཁོ་ན་ལས། དུས་དང་འཇིག་རྟེན་ཡོངས་ཁྱབ་ཀྱི་ཁྱད་པར་ཞིག་ཡིན་པར་ཐུགས་ལ་མ་ཤར་བ་རེད། སྐུ་ཞབས་ཧལ་ལེ་མཆོག་ནས་ཧོས་ཁེའི་ལྟ་ཚུལ་དེ་དག་ནོས་ཁྲོན་ལ་བརྗོད་སྐབས། ནོས་ཁྲོན་ནས་ལན་དུ་ལྟ་ཚུལ་དེ་དག་དེ་ལས་ལོ་བར་ཁ་ཤས་ཀྱི་སྔོན་དུ་ཁོང་རང་ཉིད་ཀྱིས་བཏོན་ཟིན་མོད་ཀྱང་། མ་ཡིག་ལག་ཏུ་སྙེད་སོན་བྱུང་མ་སོང་ཞེས་གསུངས་ཤིང་། ཁོང་གིས་སླར་ཡང་ལྟ་ཚུལ་དེ་དག་བསྐྱར་བྲིས་གནང་སྟེ། ཚན་རིག་གི་རྩོམ་ཡིག་མཚན་བྱང་དུ༼གཟའ་སྐར་འཁོར་འགྲོའི་ཐོག་གི་འགུལ་བསྐྱོད༽ཅེས་བཏགས་འདུག ནོས་ཁྲོན་ཀྱིས་རང་ཉིད་ཀྱི་རྩིས་གཞིའི་ནང་ཁོང་ལས་ལོ་བར་དྲུག་ཅུ་ལྷག་གིས་སྔ་ཕེབས་རྩིས་རིག་པ་སྐུ་ཞབས་ཁེབ་ལིར་གྱིས་བཏོན་པའི་༼གཟའ་སྐར་གྱི་འགུལ་བསྐྱོད་ཆོས་ཉིད༽ཅེས་པ། རྩིས་ཀྱི་རིག་བྱེད་ལ་བརྟེན་ནས་ཇི་ལྟར་དང་། ཅིའི་ཕྱིར་གཟའ་སྐར་རྣམས་གོར་དབྱིབས་ངོ་མ་ལས། སྒོ་ང་ལྟ་བུའི་དབྱིབས་སུ་མགྱོགས་ཚད་ཅི་འདྲ་ཞིག་གི་གནས་སྟངས་འོག འགྲུལ་བསྐྱོད་བྱེད་བཞིན་ཡོད་མེད་སྐོར་འགྲེལ་བཤད་ཞིབ་མོར་གནང་ཡོད་པ། དེ་ཉིད་བེད་སྤྱད་ཡང་ཡང་མཛད་ཡོད་པར་གྲགས་ལ། རྒྱུ་སྐར་དུ་བ་མཇུག་རིང་ཐོག་མར་ངོས་འཛིན་བྱེད་མཁན་༼རྒྱལ་བོའི་མཐུན་ཚོགས༽ཀྱི་དྲུང་ཆེ། སྐུ་ཞབས་ཧལ་ལེ་མཆོག་དང་རྒྱབ་སྐྱོར་བ་གཞན་དག་གིས། ནོས་ཁྲོན་ལ་ཚན་རྩིས་ཀྱི་གཞུང་ལུགས་རྒྱས་པ་ཞིག་རྩོམ་བྲིས་ཡོང་བའི་སྐུལ་མ་བཏབ་དོན་ལྟར། ལོ་བར་གཉིས་ལྷག་གི་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་སུ། སྙན་གྲགས་ཅན་གྱི་ཚན་རྩིས་རིག་གཞུང་ཞལ་བྱང་དུ༼རང་བཞིན་མཚན་ཉིད་རིག་པའི་རྩིས་ཀྱི་གཞི་རྩ༽ཞེས་པ། སྤྱི་ལོ༡༦༨༦ནང་པར་སྐྲུན་བྱེད་ཐུབ་པ་བྱུང་འདུག གོང་གསལ་ཁོང་བར་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཧལ་ལེ་ཞེས་འབོད་པ་ནི། ཨིན་ལན་དུ་བརྟེན་གཞི་བྱས་པའི་ཚན་རིག་གི་ཚོགས་པ་སྙན་གྲགས་ཅན། ༼རྒྱལ་བོའི་མཐུན་ཚོགས་༽ཞེས་པའི་ཚོགས་དྲུང་ཡིན་ལ། ཁོང་གིས་ནམ་མཁའི་སྐར་གྲངས་ཀྱི་དཀར་ཆགས་དང་། དེ་དག་གི་གནས་ཡུལ་འགུལ་བསྐྱོད་བཅས་རྩོམ་བྲིས་རྒྱས་པ་མཛད་ཅིང་། སྤྱི་ལོ༡༦༨༢ལོར་ཁོང་གིས་༼རྒྱུ་སྐར་དུ་བ་མཇུག་རིང༽ཞེས་པ། བོད་པས་ལྟས་ངན་གྱི་གཟའ་སྐར་ཞིག་ཡིན་ཞེས་ཤོད་སྲོལ་ཡོད་པ། དེ་ཉིད་ངོས་འཛིན་བྱས་པས་མ་ཚད་སྐར་མ་དེ་བཞིན་མི་ལོ་བདུན་ཅུ་དོན་དྲུག་རེའི་ནང་ཐེངས་རེར་ཡོང་གི་ཡོད་ཚུལ་འགྲེལ་བཤད་གནང་སྟབས། ཁོང་གི་རྗེས་སུ་སྐར་མ་དེའི་མིང་དུ་དེ་ལྟར་ཆགས་པ་ཞིག་ཡིན་ཞེས་གསལ་ཞིང་། ནོས་ཁྲོན་མཆོག་གིས་དོན་གནད་མང་བོ་ཁོང་དང་མཉམ་པོར་ཞིབ་བསྡུར་བྱས་འདུག་གོ།
རྩིས་རིག་གཞི་རྩའི་ལེགས་ལམ།
ནོས་ཁྲོན་གྱི༼རང་བཞིན་མཚན་ཉིད་རིག་པའི་རྩིས་གཞི༽ཞེས་པའི་བརྩམས་ཆོས་འདིས། དུས་ཚོད་རྒྱུན་རིང་བོ་ཞིག་གི་བར་དེ་སྔ་འབྲི་མ་མྱོང་བའི་ཚན་རིག་གི་དཔེ་གཞུང་ལེགས་ཤོས་ཀྱི་གོ་གནས་བཟུང་ཡོད། དཔེ་གཞུང་དེས་གཟའ་སྐར་དག་གིས་ཉི་མའི་གོ་ལ་བསྐོར་ཚུལ་ནས། མེ་མདས་འཕངས་བའི་མདེའུ་ཤུགས་དང་། ཆུ་ཚོད་འཁོར་ལོའི་དཔྱང་རྡོའི་ཡོམ་ལང་། རྒྱ་མཚོའི་རྦ་རླབས་མཐོ་དམན། དངོས་རིགས་རྣམས་སའི་གོ་ལའི་ཐོག་ལྷུང་བའམ་ཟག་འགྲོ་བའི་རྒྱུ་མཚན་སོགས། གཏན་ཚིག་མི་འདྲ་བ་སྣ་ཚོགས་པའི་ལམ་ནས་འཐེན་ཤུགས་མི་གཅིག་པ་སྣ་ཚོགས་འགྲེལ་བཤད་ཞིབ་མོའི་ལུགས་སུ་མཛད་དེ། འཇིག་རྟེན་འཐེན་ཤུགས་ཀྱི་གསང་བའི་ཆོས་ཉིད་དཀྱུས་མའི་ལུགས་སུ་བེད་སྤྱོད་ཐུབ་པ་འདི་བྱུང་བ་ཡིན། ནོས་ཁྲོན་གྱིས་༼གཞི་རྩའི༽དཔེ་ཆ་དེ་བཞིན་གནའ་བོའི་རོམ་གྱི་སྐད་ཡིག་ཐོག་བརྩམས་བྲིས་གནང་ཞིང་། རོམ་གྱི་སྐད་ཡིག་ནི་རང་རེས་གནའ་བོའི་རྒྱ་གར་གྱི་སྐད་ཡིག་ལ་རྩིས་ཆེན་བྱེད་པ་ལྟར། སྐབས་དེའི་ཚན་རིག་འགྲིམ་འགྲུལ་གྱི་སྐད་ཡིག་ཁུངས་མ་དེར་ཆགས་ཡོད། དཔེ་ཆ་དེ་བཞིན་ཆ་གསུམ་དུ་ཕྱེས་ནས། ཆ་དང་བོའི་ལེའུ་གསུམ་གྱིས་ནང་གཟའ་སྐར་གྱི་རྒྱུ་ལམ་ཁག་དང་། ཆ་གཉིས་པའི་ནང་ Rene Descartes སྒྲེ་ཁར་ཁྲེ་སི་མཆོག་གི་མཁའ་དབྱིངས་རླུང་འཁྱིལ་གྱི་ལྟ་ཚུལ་གྱིས་ཟླ་བ་སོགས། འཁོར་སྐར་དག་གི་གཡོ་འགུལ་གྱི་རང་བཞིན་འགྲེལ་བརྗོད་བྱེད་མ་ཐུབ་པའི་ཚུལ་ལས་བརྩམས་པའི་བརྒལ་བརྟག་གྱི་རྣམ་གཞག་དང་། ཆ་གསུམ་པའི་ནང་འཐེན་ཤུགས་དེ་བཞིན་དངོས་པོའི་བསགས་ཕུང་ལ་ལྟོས་པའི་བསམ་བློའི་ལྟ་ཚུལ་དང་། ལྟ་ཚུལ་དེ་ཉི་ཟླ་གཟའ་སྐར་གྱི་རྒྱུ་ལམ་འཁོར་འགྲོས། གནམ་རིག་གི་ཤེས་བྱ་གཞན་གྱི་ཐོག་ཏུའང་བཀོད་སྤྱོད་བྱེད་རུང་བར་རྩལ་ཏུ་བཏོན་ནས་གསུངས་ཡོད་དོ།།
འཐེན་ཤུགས་ཞེས་པ་ཅི་ཞིག་ཡིན་ནམ།
༼རང་བཞིན་མཚན་ཉིད་རིག་པའི་རྩིས་ཀྱི་གཞི་རྩ༽དཔར་སྐྲུན་ཞུས་པ་དང་ཆབས་ཅིག ཚན་རིག་པ་དག་གིས་མཐོང་སྣང་ལ་འགྲེལ་མེད་ལྟ་བུར་སྣང་བའི་ཤེས་བྱའི་ཆོས་ཀྱི་དཀྱུས་མའི་དཔེ་གཞི་དང་། མཚན་ཉིད་སྣ་ཚོགས་གསར་བཞེངས་བྱས་མོད། འོ་ན། དོན་དངོས་ཐོག་འཐེན་ཤུགས་ཀྱི་རྒྱུ་ངོ་མ་དེ་རྐྱེན་གང་ཞིག་ལས་བྱུང་བ་ཞིག་ཡིན་ནམ། ནོས་ཁྲོན་མཆོག་གིས་གནད་དོན་དེའི་ཐད་བསམ་བློ་རྙིང་བའི་ནང་ནས་ལྟ་ཚུལ་གསར་བ་ཞིག་བཏོན་ཏེ། འཐེན་ཤུགས་རྒྱུ་རྐྱེན་ནི་ཤེས་པས་རྩད་ཆོད་རུང་དང་། མིག་གིས་མཐོང་ཡུལ་དུ་མ་གྱུར་པའི་རྒྱུ་རྫས་ཕྱོགས་གང་སར་ཁྱབ་ནས་ཡོད་པ་ཞིག་ཡིན་པར་འདོད་ལ། རྒྱུ་རྫས་དེ་ཡོད་སྟངས་ཀྱི་གནས་ལུགས་ལ། འོད་ཀྱི་རྒྱུ་འགྲུལ་དང་། རྡོ་ཁབ་ལེན་གྱི་ནུས་པ་སོགས་རྒྱུ་མཚན་སྣ་ཚོགས་པ་ཞིག་བཀོད་འདུག ལྟ་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲིང་བའི་ཚན་རིག་པ་མང་བོ་ཞིག་བྱུང་མོད་ཀྱང་། རིམ་པས་དེ་ཉིད་ཉམས་རྒུད་དུ་སོང་ནས་འགུལ་བསྐྱོད་ཀྱི་རང་བཞིན་དངོས་གནས་པ་ད་དུང་ཡང་རྩོད་པས་རྩོད་ཐག་མ་ཆོད་པར་ྐླན་ཀའི་གནས་སུ་ལྷག་ཡོད། གང་ལྟར་ཡང་། དེང་རབས་ཀྱི་ཚན་རིག་པ་དག་གིས་ལྟ་བ་དེ་བཞིན་ངོས་ལེན་བྱེད་ཀྱི་མེད་པར་གྲགས་སོ།།
ལེའུ་དྲུག་པ།
ནོས་ཁྲོན་གྱི་སྐུ་ཚེའི་མཇུག
སྐུ་ཞབས་ནོས་ཁྲོན་མཆོག་གིས་ཚན་རིག་ཐོག་གཞི་རྒྱ་ཆེ་བའི་འབད་བརྩོན་ཆུ་བོའི་རྒྱུ་བཞིན་བརྟེན་ཅིང་། ལྷག་པར་༼གཞི་རྩ༽མཇུག་ཆ་ཚང་གྲུབ་རྗེས། ཁོང་གི་སྐུ་ཚེའི་ཚན་རིག་གི་ཕྱག་ལས་ཕལ་ཆེར་མཇུག་རྫོགས་ཤིང་། ནམ་རྒྱུན་མཚན་དུས་སུ་གནམ་རིག་གི་ཞིབ་འཇུག་ཆེད། ཕྱི་ལ་ཡང་ཡང་ཕེབས་ནས་གཟིམས་རྒྱུ་མ་བྱུང་སྟབས། སྤྱི་ལོ༡༦༩༣ཡས་མས་ཤིག་ནས་གཟུགས་ཁམས་ཧ་ཅང་་ཉམས་རྒུད་དུ་ཕྱིན་ཅིང་། ཁོང་གི་སེམས་ཐག་ཉེ་བའི་གྲོགས་པོ་སིད་སིའི་གནམ་རིག་པ་སྐུ་ཞབས་སྤ་གྲི་ཡོད་སྒྲིའི་སྒྲལ་ལེའི་ཡར་ཟེར་བ་ཡང་། དོན་རྐྱེན་དེ་འདྲའི་གནས་སྟངས་འོག་ཟླ་ཤས་སྔོན་དུ་སྐུ་གཤེགས་འདུག དེའི་སྟེང་ཁོང་ནམ་རྒྱུན་ཡུ་ཤིའི་ཆོས་ལུགས་གསར་མའི་ལྟ་གྲུབ་ལ་ཞེན་ཁོག་ཤུགས་དྲག་གནང་མཁན་བུད་མེད་ལ་བྱོལ་ཞིང་། དུས་ནམ་ཡང་གཉེན་སྒྲིག་ཞུ་མ་མྱོང་མཁན་ཐུགས་དབྱིས་གྱོང་ཞིང་ཧ་ཅང་གུ་དོག་པོ་སྤྱི་ཚོགས་ཀྱི་འཁོར་ཡུག་དང་འགྲོགས་མ་བདེ་ཞིག་ཡིན་ཚོད་ལ། ཁོང་གི་གྲོགས་་པོ་མཚན་ཉིད་རིག་པའི་མཁས་པ་ལྗོན་ལོག་ཁིའི་མཆོག་གིས། ཁོང་བར་བུད་མེད་ཅིག་ངོ་སྤྲོད་བྱས་པས་ལན་དུ། ༼ཁྱེད་ཀྱིས་འབད་པ་ཆེན་པོས་ཁོ་བོ་བུད་མེད་ཀྱི་དཀའ་རྙོག་ནང་ཚུད་དུ་བཅུག་སྟབས། མི་ཞིག་གིས་ང་ལ་ཁྱེད་ནད་གཞི་ཛ་དྲག་ཞིག་གིས་ཟིན་ནས་འཚོ་དཀའ་བའི་གནས་སུ་གྱར་ཚུལ་བརྗོད་པར། ལན་དུ་ཁྱོད་རང་ཤི་སོང་ན་ཡག་ཤོས་རེད་ཅེས་བརྗོད་རྒྱུ་བྱུང་༽ཞེས་གསུངས་འདུག་པ་དང་། དེ་བཞིན་ཚན་རིག་པ་ཧོས་ཁིའི་དང་། ལེ་བྷི་ནེ་ཟི་སོགས་དང་རྒྱུན་རིང་ཛ་དྲག་གི་རྩོད་པ་ཤུགས་ཆེ་བྱས་འདུག་པ་སོགས་། ཐུགས་ངལ་སྣོན་མ་ཞིག་ཐེབས་འདུག་པ་དེས་ཀྱང་གནག་ཐོག་འབུག་གཙག་ལྟར། ཁོང་གི་འཕྲོད་བརྟེན་ལ་མཐོ་མཚམས་པ་བྱས་ཡོད་སྲིད་པ་ཞིག་ཡིན་པར་སྣང་ངོ་།།
དངུལ་ཏྲམ་པར་ཁང་གི་ལྟ་རྟོག་པ།
ནོས་ཁྲོན་མཆོག་གི་སྐུ་ཁམས་རིམ་པས་དྲག་སྐྱེད་ལྟ་བུའི་ངོ་ཞིག་ཤར་བ་དང་ཆགས་ཅིག ཁོང་གིས་སླར་ཡང་རང་ཉིད་ཐུགས་མོས་ཆེ་བའི་ཆོས་ལུགས་དང་། ཆབ་སྲིད་ཀྱི་གནད་དོན་ཐོག་བསམ་གཞིགས་སྐུལ་འདེད་ཀྱི་དབུ་ཚུགས་ནས། སྤྱི་ལོ༡༦༨༩ནས༩༠བར་ཁམ་བྷི་རེ་ལྗིའི་གཙུག་ལག་སློབ་ཆེན་གྱི་གྲོས་ཚོགས་ཚོགས་མིའི་ལས་འགན་བཞེས་པ་དང་། སྤྱི་ལོ༡༦༩༦ལོར་༼རྒྱལ་བོའི་དངུལ་ཏྲམ་པར་ཁང་གི་ལྟ་རྟོགས་པར༽བསྐོ་བཞག་བྱས་ཤིང་། དེ་ནས་ལོ་གསུམ་གྱི་རྗེས་པར་ཁང་དེའི་བཟོ་དཔོན་ཏུ་གྱུར་ནས། དབྱིན་ཇི་ལུང་བར་ཏྲམ་ཀ་གསར་བ་འགྲེམས་སྤེལ་གྱི་བཟོ་བཀོད་དང་། ལྟ་རྟོགས་པའི་ཕྱག་ལས་གནང་སྟེ། དངུལ་ཏྲམ་རྫུས་མ་བཟོ་མཁན་གྱི་མི་མང་བོ་འཛིན་བཟུང་དོ་དམ་གནང་ཞིང་། མི་ཁ་ཤས་ཤིག་ལ་སྲོག་ཁྲིམས་ཀྱི་ཆད་པའང་བཅད་འདུག དུས་རབས་བཅུ་བདུན་པའི་མགོ་ཙམ་ནས་ཁོང་ཁམ་བྷི་རེ་ལྗིའི་ནས་དབྱིན་ཇིའི་རྒྱལ་ས་ལོན་གྲོན་གྲོང་ཁྱེར་དུ་གནས་སྤོས། སྤྱི་ལོ༡༧༠༤ལོར་ཁོང་༼རྒྱལ་བོའི་མཐུན་ཚོགས༽ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་མོད། དེའི་ཕྱིར་ལོ་ཁོང་གི་སྔ་རྒོལ་བ་ར་བྷིར་གྲི་ཧོས་ཁིའི་མཆོག་འདས་གྲོངས་མ་སོང་བར་དུ་གོ་གནས་དེ་ངོས་ལེན་བྱས་མི་འདུག ཚོགས་པ་དེའི་སྲིད་འཛིན་གྱི་མཛད་འགན་བཞེས་ནས། སླར་ཡང་ཁ་བྱང་དུ་༼མཐོང་རྒྱའི་རིག་པ༽ཞེས་པའི་དཔེ་ཆ་ཞིག་བརྩམས་བྲིས་གནང་སྟེ། འོད་དང་། ཁ་དོག འཇའ་ཚོན་སོགས་ཀྱི་ཤེས་བྱའི་ཐོག་རང་གི་ལྟ་ཚུལ་ལྷག་པོ་ཞིག་ཡང་བསྐྱར་བཏོན་པ་དེ་ལ་ཡོངས་གྲགས་༼ནོས་ཁྲོན་ལུགས་ཀྱི་གདུབ་ཀོར༽ཅེས་བརྗོད་དོ།། སྤྱི་ལོ༡༧༠༥ལོར་དབྱིན་ཇིའི་རྒྱལ་མོ་ཨེན་མཆོག་གིས་ནོས་ཁྲོན་ལ༼མཚན་མོ༽ཞེས་པའི་ཆེ་བསྟོད་གོ་མིང་བསྩལ་ཏེ། ཚན་རིག་གི་ཐོག་མའི་སྐུ་ཞབས་སུ་གྱུར། སྤྱི་ལོ༡༧༡༣ལོ་དང་། སྤྱི་ལོ༡༧༢༦ལོ་གཉིས་ཀར་ཁོང་གིས་བརྩམས་ཆོས་༼གཞི་རྩ༽དཔར་ཐེངས་གཉིས་པ་དང་། གསུམ་པ་གཉིས་རིམ་པར་དཔར་སྐྲུན་འགྲེལ་སྤེལ་རྒྱ་ཆེ་བྱས་པ་དང་། ལོ་རྗེས་མའི་སྤྱི་ཟླ༣ཚེས༣༡ཉིན་ལོན་གྲོན་གྲོང་ཁྱེར་ནང་སྐུ་གཤེགས་ཤིང་། བེ་སི་གྲི་མེན་སི་གྲར་ཨ་བྷེ་ཞེས་པའི་ས་ཁུལ་དུ་སྐུ་ཕུང་དུར་འཇུག་གི་ཆོ་ག་གཟབ་རྒྱས་ཤིག་བསྟར་འབུལ་ཞུས་འདུག་ལ། སྤྱི་ལོ༡༧༣༡ནང་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཆེད། སྐུ་ཕུང་བཞུགས་ཡུལ་གྱི་དུར་སྒམ་ཐོག་ཚན་རིག་གི་ཁྱབ་ཁོངས་མང་བོ་ཞིག་གི་ནང་། ཁོང་གི་མངོན་འདོད་ཀྱི་རྣམ་པ་མཚོན་པའི་བསྐོས་རིས། རྒྱང་ཤེལ་དང་། འཇའ་ཟེར། དངུལ་ཏྲམ། སའི་གོ་ལ། ཉི་ཟླ་གཟའ་སྐར། ཨང་རྩིས་ཀྱི་རི་མོ་སོགས་དང་། ཁོང་གི་བརྩམས་ཆོས་ཁག་གི་ཞལ་བྱང་བཅས་བཞེངས་སྐྲུན་བྱས་ཡོད་དོ།།
ལེའུ་བདུན་པ།
ནོས་ཁྲོན་མཆོག་འབུར་དུ་ཐོན་པ།
ཡོངས་གྲགས་ནོས་ཁྲོན་གྱི་མཚན་གནས་ལ་༼དུས་རབས་བཅུ་བདུན་པའི་ཚན་རིག་གསར་བརྗེའི་ཁྲོད་ཀྱི་ཡང་རྩེ༽ཞེས་འབོད་ལ། སྐབས་དེར་ཁོང་གི་ཕྱག་ལས་དག་གིས་ཚན་རིག་གི་བསམ་བློའི་ལྟ་སྟངས་ཐད། ཁྱོན་ཡོངས་ནས་དུས་རབས་གསར་བ་ལྟ་བུ་ཞིག་གི་སྒོ་ཕྱེས་ཤིང་། དབྱིན་ཇིའི་སྙན་ངག་པ་ཆེན་པོ་སྐུ་ཞབས་ཨེ་ལེག་ཟན་སྒྲིར་ཕོབ(༡༦༨༨་༡༧༤༤) མཆོག་གིས་༼རང་བཞིན་དང་རང་བཞིན་ཀྱི་ཆོས་ཉིད་མཚན་མོའི་མུན་ནག་ཁྲོད་གབ་ཅིང་། དཀོན་མཆོག་གིས་ནོས་ཁྲོན་ལ་ཚང་མ་འོད་ཀྱི་སྣང་བས་ཁྱབ་ཏུ་ཆུག་ཅེས་བཀའ་བསྩལ༽ཅེས་བྲིས་འདུག གང་ལྟར་ཡང་། ནོས་ཁྲོན་དང་ཁོང་གི་རྒྱབ་སྐྱོར་བ་རྣམས་དང་། ལེ་བྷི་ནེ་ཟི་དང་དེའི་རྗེས་འབྲིང་བ་དག་གི་བར་རྒྱུན་རིང་རྩོད་གླེང་བྱས་པའི་ཉེར་ལེན་ལས། དབྱིན་ཇི་ལུང་བ་དང་། ཡུ་རོབ་ཀྱི་ས་ཁུལ་ལྟེ་བའི་ནང་གི་ཚན་རིག་པ་ཁག་ཅིག་གི་བར་འགལ་ཟླའི་སེར་ཁ་ཤུགས་ཆེ་ཞིག་བྱུང་འདུག་མོད། ༼ནོས་ཁྲོན་རང་ལུགས་པ་གསར་བ༽དག་གིས་ཁོང་གི་ཚན་རིག་གི་ལྟ་དགོངས་ཡུ་རོབ་ཀྱི་ནང་འཛིན་སྐྱོང་དར་སྤེལ་གྱིས། ཚན་རིག་གི་ལྟེ་བའི་སྲོག་གནད་ལྟ་བུར་ཆགས་ཏེ་རྩོད་སྙོག་དེ་དག་རིམ་པས་ཞི་འཇམ་དུ་ཕྱིན་འདུག་གོ།
ཚན་རིག་གི་བཤད་སྒྲོས།
གནའ་བོའི་ཨི་ཏྲ་ལིའི་ཚན་རིག་པ་ཆེན་པོ་དགའ་ལི་ལེའོ་དང་འདྲ་བར། ནོས་ཁྲོན་མཆོག་གིས་ཀྱང་ཚན་རིག་གི་སྔོན་འགྲོའི་བཤད་སྒྲོས་ནི། རྩིས་ཀྱི་རིག་བྱེད་ཡིན་པར་འདོད་པ་ལྟར། རང་ཉིད་ཀྱི་འདོད་པའི་འགུལ་བསྐྱོད་ཀྱི་ཆོས་ཉིད་གཙོ་བོ་ཁག་དང་། གསར་གཏོད་ཚང་མ་རྩིས་ཀྱི་ལམ་ནས་འགྲེལ་བརྗོད་གཏན་འབེབས་མཛད་ཡོད་ལ། ཁོང་གིས་དགའ་ལི་ལེའོ་གཙོ་བོར་གྱུར་པའི་སྔ་རབས་ཚན་རིག་པ་དག་ལ་བརྩི་བཀུར་དང་། གདེང་འཇོག་ཆེན་པོ་ཞིག་གནང་སྟེ། ༼གལ་སྲིད་ངས་དོན་གནད་ལྷག་པོ་ཞིག་མཐོང་ཡོད་ན། དེ་ནི་ཆེན་པོ་དག་གི་ཕྲག་སྒང་དུ་འཛེགས་ནས་མཐོང་བ་ཞིག་ཡིན༽ཞེས་གསུངས་ཚུལ་ལ་དཔགས་ན། མི་རབས་ཕྱི་མ་དག་གིས་མི་རབས་སྔོན་མིའི་བཀའ་དྲིན་ལ་རྗེས་དྲན་གུས་བརྩི་ཞུ་འོས་ལུགས་ཀྱི་ཞལ་ཏ་ཡག་པོ་ཞིག་གནང་འདུག་པར་སྙམ་མོ།། ནོས་ཁྲོན་གྱིས་འཇིག་རྟེན་ནི་༼ཆུ་ཚོད་འཁོར་ལོ༽ཆེན་པོ་ཞིག་དང་འདྲ་བར་གསུངས་ཤིང་། ཚན་རིག་པ་དག་གིས་ཁོང་གི་བཞེད་པ་ལྟར་གྱི་རྩིས་རིག་དང་། འཇིག་རྟེན་ཆོས་ཉིད་ལྟ་ཚུལ་སོགས་ཕྱོགས་གང་སར་ཡོངས་ཁྱབ་བེད་སྤྱོད་གནང་ཞིང་། ཁོང་གིས་རྒྱུ་སྐར་དུ་བ་མཇུག་རིང་བོང་ཚད་ཧ་ཅང་ཆེན་པོ་སྒོ་ང་ལྟ་བུའི་དབྱིབས་དང་མཚུངས་པར། ཉི་མའི་མཐའ་འཁོར་གྱི་གཟའ་སྐར་རྒྱུ་ལམ་ཐོག་ཡོང་གི་ཡོད་པ་དང་། སའི་གོ་ལ་འདི་བཞིན་ཟླུམ་པོ་དངོས་གནས་པ་ཞིག་མ་ཡིན་པར་ལྷོ་བྱང་གི་ཆ་གཉིས་ཅུང་ཟད་ནང་དུ་གླེབ་པའི་ཉམས་དང་ལྡན་པར་བཤད་པ་སོགས་ནི། མཁས་བླུན་ཚང་མས་དངོས་འབྲེལ་གྱི་བདེན་དོན་ཉག་ཅིག་ཏུ་ངོས་ལེན་ཞུ་བཞིན་ཡོད་དོ།།
ནོས་ཁྲོན་ནས་ཨ་ཡེན་སི་གྲན།
ཚན་རིག་པ་དག་གིས་ལོ་བར་མང་བོ་ཞིག་བརྒྱུད། འཇིག་རྟེན་འདིར་བརྟག་དཔྱད་ཉམས་ཞིབ་གཟབ་ནན་བཏང་ཞིང་། ལྷག་པར་དངོས་པོ་ཆུང་རིགས་དང་། རྡུལ་ཕྲན་གྱི་ཐོག་བརྟག་ཞིབ་མཛད་པས། ནོས་ཁྲོན་ལུགས་ཀྱི་འཇིག་རྟེན་གྱི་ཆོས་ཉིད་ལྟ་ཚུལ་གྱིས། དེ་དག་གི་གནས་ལུགས་དེ་ཙམ་གཞལ་མི་ཐུབ་པ་དང་། གནམ་རིག་པ་དག་གིས་གཟའ་ཆེན་ལྷག་པའི་འགུལ་བསྐྱོད་ཐད། ཉི་མའི་གོ་ལ་དང་ཁད་ལྷག་པར་ཉེ་བའི་གཟའ་སྐར་མེ་ལྷ་ཞེས་པའི་འཐེན་ཤུགས་ཀྱིས་བར་ཆད་གཏོང་བཞིན་ཡོད་པར་བཤད་པ་སོགས། ནོས་ཁྲོན་ལུགས་ཀྱི་ཕྱི་དོན་གྱི་རིག་པས་དེ་དག་ལ་འགྲེལ་བརྗོད་འདྲ་ཆགས་པོ་ཞིག་བརྒྱབ་མ་ཐུབ་བར་བཤད་ལ། གང་ལྟར་ཀྱང་། མཐའ་མཇུག་དེང་རབས་ཚན་རིག་གི་མཁས་ཆེན་སྐུ་ཞབས་ཨ་ཡེན་སི་གྲན་མཆོག་གིས(༡༨༧༩་༡༩༥༥) སྔ་ཕེབས་ཚན་རིག་པ་དག་གིས་ལྟ་ཚུལ་ཚང་མ་དཀྱུས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ལོ་༡༩༠༥ལོར་༼དམིགས་བསལ་ལྟོས་བཏགས་ཀྱི་ལྟ་བའི་རྣམ་བཞག༽དང་། སྤྱི་ལོ༡༩༡༦༼སྤྱི་བཏང་ལྟོས་བཏགས་ཀྱི་ལྟ་བའི་རྣམ་བཤད༽གཉིས་རིམ་པར་རྩོས་བྲིས་པར་འགྲེམས་གནང་བས། ཚན་རིག་གི་ཐོག་སྔ་ན་མ་གྲགས་པའི་ཡར་ཐོན་ཆེན་པོ་ཞིག་བྱུང་མོད། ནོས་ཁྲོན་མཆོག་གིས་འཇིག་རྟེན་འདི་བཞིན་༼ཆུ་ཚོད་འཕྲུལ་འཁོར༽ཞིག་དང་འདྲ་བར་གསུངས་པའི་ལྟ་ཚུས་དེས། འཐེན་ཤུགས་གཙོ་བོར་སོང་བའི་གནས་ཚུལ་མང་བོའི་ཐོག ད་དུང་ཡང་འགྲེལ་བཤད་ལྡང་ངེས་ཤིག་བསྐྱོད་ཐུབ་པར་བཤད་དོ།།
རྔ་བ་ཆོས་གྲགས་ཀྱིས་ཡང་རིག་གནས་གསར་པ་ཞིག་ངོ་སྤྲོད་བྱས་གཱ དངོས་གནས་ཐུགས་རྗེ། ཁྱེད་ཀྱིས་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་སློབ་དཔོན་དང་མཁས་པ་ངོ་སྤྲོད་བྱས་པ་སྔར་ནས་བཀླགས་ཟིན། ད་ཐེངས་ནེའོ་ཐྲོན་ངོ་སྤྲོད་གནང་བར་དགའ་ནས་ཡོད། ཐུགས་རྗེ་ཆེ། ད་ནི་ཁོང་རྣམ་པའི་བརྩམས་ཆོས་དུམ་བུ་རེ་ངོ་སྤྲོང་བྱས་ན་མི་བཟང་ངམ། འདི་ངའི་རེ་བ་ཆུང་ཆུང་ཞིག་ཡིན།
Hello! My name is not so called Nawa Chudak, you may got something wrong Info from somebody else. However, I am very happy you are enjoying with my works. Thank you!
དྲ་གྲོགས་ཚོ་རིག་པའི་དཔའ་ཁོང་རྔ་བ་ཆོས་གྲགས་རེད་མི་འདུག་་ཁོང་གི་སྙན་རྩོམ་དྲ་ཐོག་ཏུ་སྤེལ་བ་ཞིག་གི་མཇུག་ཏུ་རྩོམ་ཡིག་དེ་ཨ་རི་ནས་བྲིས་འདུག་སྟབས་ཁོང་ཨ་རིར་བཞུགས་པའི་རྔ་བ་ཞིག་རེད་མོད་ཌྷཌྷའོན་ཀྱང་རྔ་བ་ཆོས་གྲགས་རེད་མི་འདུག་་རྔ་བ་ཆོས་གྲགས་དེང་སྐབས་དབྱིན་ཡུལ་ན་ཡོད།་་མི་མང་བོ་ཞིག་གི་ཁོང་རྔ་བ་ཨ་ཁུ་ཆོས་གྲགས་ལ་ནོར་གྱི་ཡོད་ས་རེད།་་་དེ་གཉིས་ཐ་དད་ཡིན་པ་རེད།
རྩོམ་པ་པོ་རང་ཉིད་ཀྱིས་དབྱིན་ཡིག་ནང་ངའི་མིང་ལ་རྔ་བ་ཆོས་གྲགས་མི་འབོད་ཀྱི་བཤད་ཡོད་པས་དེ་གཟིགས་དང་ཤེས་།།།་
རྔ་བ་རྒྱལ་ཁམས་པ་ཟེར་བ་དེ་ནི། དངོས་མིང་ལ་བློ་བཀྲ་ཟེར་ཞིང་ད་སྐབས་ཁོ་ནི་ཨ་རིར་བསྡད་ནས་ཡུན་རིང་རེད་ལ། ཁོང་ནི་སྐྱེས་ཡུལ་ནི་ཨ་མདོ་རྔ་བ་ཡིན་པ་འདྲ། སྔོན་མ་བཙན་བྱོལ་ནང་གི་དུས་དེབ་འགའ་ཤས་ཀྱི་ནང་དུ་སྙན་རྩོམ་མང་པོ་ཞིག་སྤེལ་ཡོད་ཀི ད་དུང་ཁོང་ནི་བོད་ནང་གི་དྲ་ཚུགས་ཤིག་གི་ནང་དུ་མི་རབས་གསུམ་པའི་སྙན་པའི་གྲས་སུའང་གཟུངས་ཕྱུག་སྐྱིད་ཁོང་ཚོ་མཉམ་དུ་ངོ་སྤྲོད་བྱས་ཡོད་པ་ངས་ཐེངས་ཤིག་མཐོང་བྱུང་། དཔེ་མཛོད་ཁང་ཞིག་ལ་ལས་ཀ་བྱེད་ཀྱིན་ཡོད་པ་རེད་ཟེར། གང་ལྟར། ཁོང་གིས་སྔ་ཕྱི་མང་པོར་བསྒྱུར་རྩོམ་གནད་འཁེལ་གང་མང་ཞིག་ཁ་བརྡ་དྲ་ཚུགས་དང་བོད་ནང་གི་དྲ་ཚུགས་འགའ་ཤས་ཀྱི་ཐོག་ཏུ་སྤེལ་གྱིན་འདུག་པ་དེ་དངོས་གནས་རྗེས་སུ་ཡི་རངས་ཀྱི་གནས་ཤིག་ཀྱང་རེད།
ཁོང་རྔ་པ་ཆོས་གྲགས་མ་རེད། ཁོང་ནི་རྔ་པ་བློ་བཀྲའམ་བློ་བཟང་བཀྲ་ཤིས་ཞེས་པ་དེ་སྔོན་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་རྒན་ཞིག་རེད་འདུག ཁོང་དེང་སྐབས་ཨ་རིའི་དཔེ་མཛོད་ཁང་ཞིག་ཏུ་ཕྱག་ལས་གནང་གི་ཡོད་འདུག་པ་བཅས་ངོ་སྤྲོད་ཙམ་ཡིན།
ཨོ་ཡ། ད་ཡིན་ན་ངས་ནོར་འཁྲུལ་ཆུང་ཆུང་ཞིག་བཟོས་འདུག་གཱ བློ་བཀྲ་ཡིན་ན་ཁོང་ལ་དགོངས་དག་ཞུ། ཁྱེད་ཀྱིས་བསྒྱུར་བའི་ནུབ་ཕྱོགས་མཚན་ཉིད་རིག་པ་བ་དང་ནུབ་ཕྱོགས་རིག་གནས་སྐོར་གང་མང་ཞིག་ཁ་བརྡ་དྲ་ཐོག་ནས་བཀླགས་མྱོང་ལ་སྐབས་རེར་མཆན་བུ་རེ་ཡང་བཏབས་མྱོང་། དེ་རིང་ཡང་བཀླགས་ཟིན་རྗེས་ཁྱེད་ལ་རྗེས་སུ་ཡི་རངས་ཞུས་པ་ཡིན་ཏེ། གང་ལྟར་མིང་ནོར་བ་མ་གཏོགས་དོན་ལ་རྩོམ་ཡིག་འགོད་མཁན་སུ་ཡིན་པ་དེར་ཟེར་ནས་ཡོད་པས་ཁྱད་མི་འདུག ཁྱེད་ཀྱིས་གསལ་བཤད་གནང་བར་དགའ། འོན་ཀྱང་བོད་ཡིག་གིས་བྲིས་ན་མི་བཟང་ངམ།
རེ་བ་གོང་དང་གཅིག་མཚུངས་ཡིན། ད་ནི་ཁོང་ཚོའི་བརྩམས་ཆོས་སམ་ལྟ་གྲུབ་གང་ཞིག་ངོ་སྤྲོད་བྱས་ན་མ་རེད།