ལུང་རྟོགས།
ཨེམ་བྷེ་སེ་ཌོར་ཨོ་ཧྥི་ཁོན་ཤིན་(Ambassador of Conscience)ཞེས་པའི་གཟེངས་རྟགས་དེ་ནི། འཛམ་གླིང་སྟེང་གྲགས་ཆེ་བའི་རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དར་སྤེལ་གཏོང་བའི་རླབས་ཆེན་གྱི་བྱ་བ་སྒྲུབ་པའི་བྱས་རྗེས་ཅན་གྱི་མི་སྣ་ལ། ཆེ་བསྟོད་ཞུ་བའི་ཆེད་དུ་འབུལ་བའི་གཟེངས་རྟགས་མཐོ་ཤོས་ཤིག་ཡིན་ཞིང་། ད་ལོའི་གལ་ཆེའི་གཟེངས་རྟགས་དེ་ཐོབ་མཁན་མི་གཉིས་ཡོད་པ་ལས་གཅིག་ནི། པ་ཀི་སི་ཐན་གྱི་ནང་བུ་མོ་ལ་བུ་དང་ཤེས་ཡོན་སློབ་གསོའི་གོ་སྐབས་དང་ཐོབ་ཐང་འདྲ་མཉམ་དགོས་པའི་འཐབ་རྩོད་ཀྱི་ལས་འགུལ་སེམས་འགུལ་ཐེབ་པར་སྤེལ་མཁན་སློབ་གྲྭའི་བུ་མོ་(Malala Yousafzai)་མ་ལ་ལ་ཡུ་སེབ་རྫ་ཧི་ཞེས་པ་དེ་ཡིན་འདུག
མ་ལ་ལ་ཡུ་སེབ་རྫ་ཧི་ནི་ལོ་ན་བཅུ་དྲུག་ལ་སོན་པའི་བུ་མོ་བློ་སྟོབས་ཅན་ཞིག་ཡིན་པ་དང་། སྤྱི་ལོ་༢༠༠༩ ལོར་ཁོང་གིས་དབྱིན་འཇིའི་བྷི་བྷི་སི་གསར་ཁང་ལ་རང་ཉིད་གནས་ཡུལ་པ་ཀི་སི་ཐན་གྱི་ནང་ཋ་ལི་བྷེན་དྲག་སྤྱོད་པས། ཁ་ཆེའི་ཆོས་ཁྲིམས་དམ་འཛིན་བྱས་ཏེ་ས་གནས་སུ་ཡོད་པའི་བུ་མོའི་སློབ་གྲྭ་ཚང་མ་སྒོ་རྒྱག་དགོས་པའི་བཙན་བཀའ་གཏོང་བའི་བྱ་སྤྱོད་ལ། སྙིང་ཁོང་རུས་པའི་གཏིང་ནས་ཞེ་ཁྲེལ་གྱི་ཡོད་པའི་བསམ་ཚུལ་འཛེམ་ཟོན་མེད་པར་བྲིས་པའི་ཉིན་དེབ་ཅིག་སྤྲད་ཡོད་པ་མ་ཟད། ཁོང་གིས་ད་དུང་རང་ཉིད་དྲག་སྤྱོད་པས་གསོད་རྒྱུའི་ཉེན་ཁ་ལ་མ་འཛེམ་པར། གསར་བཀོད་པར་རང་གི་བསམ་ཚུལ་དེ་ཚོ་དངོས་སུ་བརྗོད་པ་བཅས་ཀྱི་གནས་ཚུལ་བྱུང་བའི་རྗེས་སུ། སྤྱི་ལོ་༢༠༡༢ ལོར་པ་ཀི་སི་ཐེན་གྱི་ཋ་ལི་བྷེན་དྲག་སྤྱོད་པས་ཁོ་མོ་ལ་དངོས་སུ་མེ་མདའ་རྒྱབ་སྟེ་རྨས་སྐྱོན་ཚབ་ཆེན་བྱུང་ཡོད་པ་རེད།
དེ་ནས་ཕྱི་རྒྱལ་ལ་སྨན་བཅོས་རྒྱུན་རིང་བྱས་ཏེ་མཐར་ཉེ་དུས་དྲག་སྐྱེད་བྱུང་བའི་རྗེས་སུ་ཡང་། ད་དུང་ཁོ་མོས་རང་ཐོག་ཏུ་བྱུང་བའི་སྲོག་ལ་ཉེན་ཁའི་གནས་ཚུལ་དེ་རིགས་སླར་ཡང་འབྱུང་སྲིད་པའི་ཉེན་ཁ་ལ་འཛེམ་མེད་ཀྱི་ཐོག་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། དེ་བཞིན་སྐྱེས་ཕོ་མོ་དབྱེ་བ་མེད་པར་ཚང་མ་མི་ཡིན་པའི་མཐོང་འདྲ་འདྲ་དགོས་པའི་འཐབ་རྩོད་ཀྱི་ལས་འགུལ་ཞིག། སློབ་གྲྭར་སྐྱོད་པའི་སྐབས་ནས་འགོ་བརྩམས་ཡོད་པ་དེ་མཐའ་བསྐྱང་བྱ་རྒྱུ་ཡིན་པའི་གཏམ་བཤད་ཅིག་བྱས་ཡོད་པ་དེས། རྒྱལ་ཚོགས་སུ་ལྷན་ཚོགས་གནང་བའི་འཛམ་གླིང་གི་དབུ་ཁྲིད་མི་སྣ་མང་པོར་སེམས་འགུལ་ཐེབ་སྟེ་མིག་ཆུ་རང་དབང་མེད་པར་ཤོར་དགོས་པ་བཟོས་པའི་གནས་ཚུལ་བྱུང་ཡོད་ཅིང་།
མ་ལ་ལ་ནི་ཕྱི་ལུས་ཀྱི་ཆ་ནས་བྱས་ན་སློབ་གྲྭའི་བུ་མོ་ལོ་ཆུང་ཞིག་ཡིན་ཡང་། ནང་སེམས་ཀྱི་སྙིང་སྟོབས་ནི་རི་ལྟར་ཆེན་པོ་ཡོད་པ་ཞིག་ལ་ཀུན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་རེས་རང་ཉིད་ལ་གཟེངས་རྟགས་དེ་འདྲ་ཞིག་ཐོབ་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་དང་། གོ་སྐབས་འདིས་ཐོག་ནས་ངས་ཚང་མར་དྲན་སྐུལ་ཞུ་འདོད་བྱུང་བ་ཅིག་ལ། འཛམ་གླིང་གི་ས་ཕྱོགས་གང་སར་ད་ལྟའང་ང་འདྲ་བའི་ཕྲུ་གུ་ས་ཡ་མང་པོས། སློབ་གྲྭར་འགྲོ་རྒྱུའི་ཐོབ་ཐང་གི་ཆེད་དུ་ཉིན་ལྟར་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་དེ་ང་ཚོས་མ་བརྗེད་པ་བྱེད་དགོས་ཀྱི་རེད། ངའི་རེ་བ་ལ་ང་ཚོ་ཚང་མ་མཉམ་རུབ་བྱེད་པ་རྒྱུད་ནས་ནམ་ཞིག་འཛམ་གླིང་འདིས་ཐོག་ཕྲུ་གུ་ཅིག་ཀྱང་མ་ལུས་པ། ཚང་མར་ཤེས་ཡོན་སློབ་གསོའི་གོ་སྐབས་འདྲ་འདྲ་ཐོབ་པའི། ང་ཚོའི་རེ་བ་དེ་མངོན་དུ་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་ཡོད་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཟེངས་རྟགས་དེ་ནི། ཐོག་མར་སྤྱི་ལོ་༢༠༠༣ ལོར་གནང་རྒྱུའི་འགོ་འཛུགས་བྱས་ཡོད་པ་དང་། གཟེངས་རྟགས་དེའི་མིང་གི་འབྱུང་ཁུང་ནི་ཨར་ལེན་གྱི་སྙན་ངག་མཁས་པ་ཞིག་ནས། ཉེས་ཡང་ཚོགས་པའི་ཆེད་དུ་འབྲི་རྩོམ་བྱས་པའི་སྙན་ངག་ཅིག་ནས་བྱུང་བ་ཞིག་ཡིན་འདུག དེ་སྔའི་གཟེངས་རྟགས་དེ་འབུལ་ཡུལ་གྱི་གྲལ་དུ་འཛམ་གླིང་སྟེང་སྙན་གྲགས་ཧ་ཅང་ཆེ་བའི། ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་པ་ནེལ་སན་མེ་ཌ་ལ་དང་། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སེན་སུ་ཅི། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་གཤེགས་སྲིད་འཛིན་ཟུར་པ་ཝལ་སི་ལ་ཧལ་བར་སོགས་ཡོད་པ་རེད་འདུག།
(Malala Yousafzai) རྒྱལ་གྱུར་ཅིག མོའི་ཕུགས་བསམ་དེ་སྨོན་འདུན་ཙམ་དུ་མི་འགྱུར་བར་ཤོག་ཅིག
བུ་མོ་དེའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་ཡི་ཡིན།
བུ་མོ་དེ་ལྟ་བུ་ཞིག་བོད་ཀྱི་ན་གཞོན་དཀྱིལ་ན་བོད་སྐད་དང་བོད་ཀྱི་ཆ་ལུགས་སྤེལ་བ་ལ་འཐོན་ན། ཆེས་ཆེར་ལེགས།
སངས་རྒྱས་པའི་ལྟ་བ་དང་སྨོནཔ་་་འགྲོ་བ་གཅིག་ཀྱང་མ་ལུས་པ་སངས་རྒྱས་ཀྱི་ས་ལ་འགོད་རྒྱུ་དང་མོས་༼མ་ལ་ལ་༽ རེ་བ་དང་སྨོན་པ་འཛམ་གླིང་འདི་སྟེང་གི་ཕྲུ་གུ་ཚང་མར་སློབ་གྲར་ཤེས་ཡོན་གྱི་གོ་སྐབས་རག་རྒྱུའི་འབད
བརྩོན་ལ་སྙིང་ནས་འདུད་དོ།
གཞུང་དང་ཚོགས་པ་སྒེར་བ། ཆོས་ལུགས་གང་ལ་ཡང་མ་འོས་པ་དང་མི་འདོད་པའི་སྣང་ཚུལ་རིགས་ཡོད་མེད་ལ་བསམ་བློ་གཏོང་ཐུབ་པའི་བསམ་ཕོད་མཁན། དེ་དག་ལ་གདོང་ཐུག་དང་བརྒྱུད་ལམ་ཁག་ནས་གསལ་འདོན་བྱེད་པའི་བཤད་ཕོད་པ། ཇི་ལྟར་བསམས་ནས་བཤད་པ་ལྟར་རང་གིས་དངོས་སུ་ལག་ཏུ་བསྟར་བའི་སྒྲུབ་ཕོད་པ། ད་དུང་དེས་སྤྱི་ཚོགས་ལེགས་བཅོས་ལ་ཕན་ཐོགས་པ་བཅས་ཀྱི་བྱ་བ་སྒྲུབ་མཁན་གྱི་མི་དེ་རིགས་ནི་མི་རིགས་བྱེ་བྲག་པ་ཙམ་ལས་འདས་ཏེ་མིའི་རིགས་ཀྱི་ཕུལ་བྱུང་མི་སྣའམ་རླབས་ཆེན་མི་སྣར་འགྱུར་རྒྱུ་ཐེ་ཚོམ་མེད།
འཛམ་གླིང་ཞི་བདེའི་གཟེངས་རྟགས་བུ་མོ་འདི་ལ་སྤྲད་ན་འོས་འཚམས་རེད་སྙམ།
ང་ཡང་དེ་ལྟར་བསམ་བཞིན་ཡོད།
བུ་མོ་མ་ལ་ལ་གི་འདོད་པ་ལྟར་འགྲུབ་བའི་སྨོན་འདུན་གྲངས་མེད་ཞུ