རྩོམ་པ་བོ། ཟླ་བ་འོད་ཟེར། (འོས་སྦྱོར།)
༄༅། །དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས་པའི་པ་བའི་བསྟན་བཅོས་གནས་ལུགས་ཚིགས་དྲུག་མདའ་མོ་སྤྲད་པའི་མཆོག་དཀར་ཞེས་བྱ་བ།
ལུང་ཚིག་གཅིག་ཙམ་དྲངས་ནས་འཇིགས་འཇིགས་ཀྱི།།
རྣམ་འགྱུར་འཛིན་པའི་ངན་གོམས་རུལ་བ་དེ།།
ཐོས་མང་དཔྱོད་ལྡན་མདུན་དུ་འོས་མིན་པས།།
གཞུང་ལུགས་བརྒྱ་ཕྲག་མང་བོ་བསྡུར་བར་མཛོད།།
དེ་རིང་དྲ་ཐོག་ནས་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་པ་དང་བ་གཉིས་སྤྱོད་སྟངས་ནོར་བའི་དོན་སྐྱོན་སྐོར་བཤད་པ་ཞེས་པའི་རྩོམ་ཡིག་ཅིག་བཀླགས་པ་ཡིན། དེའི་ནང་མི་འཐད་པའི་ཆ་དུ་མ་ཞིག་འདུག་པས་དེ་ལས་འཕྲོས་ཏེ་སྐད་ཆ་འགའ་བཤད་འདོད་བྱུང་སོང་།
སྤྱིར་ན་དེང་སྐབས་དྲ་ཐོག་ཏུ་མཐོང་རྒྱུ་ཡོད་པའི་དགེ་རྒན་རྒན་པ་ཕལ་ཆེར་ཁོང་གཅིག་པུ་ཡིན་པས་ཁོང་ལ་གུས་པ་ཡོད། ལྷག་པར་དུ་རྒན་པོ་ཁོང་གིས་ན་གཞོན་ཚོ་ལྟར་དུ་དྲ་ཐོག་ཏུ་རྩོད་པ་མང་བོ་བྱེད་ཀྱིན་ཡོད་པས། ན་གཞོན་དག་ལ་ཡར་ཐོན་འབྱུང་བར་ཕན་པ་ཡོད་པར་འདོད་པས་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁོང་གི་རྩོམ་ཡིག་དེའི་ནང་དུ་ཉག་ཉོག་མང་བོ་ཞིག་བཤད་འདུག་མོད་མདོར་དྲིལ་ན། པ་པོ་གཉིས་ལས་བ་ཡིག་སོགས་བདག་སྒྲར་མི་འཇུག་ཚུལ་དང་། བ་ཡིག་བདག་སྒྲར་འཇུག་པ་ནི་དག་ཡིག་གསར་བསྒྲིགས་ཀྱི་ཤུགས་རྐྱེན་ཡིན་པ་དང་དག་ཡིག་གསར་བསྒྲིགས་ནི་རིག་གསར་གྱི་རྗེས་འབྲངས་ཡིན་ཚུལ། མིང་མཐའི་པ་བ་ནོར་བའི་སྐྱོན་དང་། ཧི་མ་ལའི་རིག་མཛོད་ཁང་ཆེན་མོས་བསྒྲིགས་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལ་སྡིགས་མོ་བྱས་པ་སྟེ་གནད་དོན་བཞིའི་ཐད་དུ་བཤད་འདུག་པར་སྙམ་པས། དེ་དག་རེ་རེ་ལ་ལན་སྟབས་བདེ་རེ་གདབ་པར་བྱའོ། །
དང་བོ། པ་པོ་གཉིས་ལས་བ་ཡིག་སོགས་བདག་སྒྲར་འཇུག་ཚུལ་ནི།
སུམ་ཅུ་བའི་རྩ་བ་ལས།
གང་མིང་གི་ནི་མ་མཐའ་ན། ། པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། ། བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་གསུངས་ཏེ། གང་ཡང་རུང་བའི་མིང་གི་མ་མཐའ་ན།པུ་ལིངྒ་སྟེ་པུ་རུ་ཥ་སྐྱེས་པ་དང༌། ལིངྒ་རྟགས་ཡིན་པས། པུ་རུ་ཥའི་རུ་དང་ཥ་ཕྱིས་ནས། པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། ། རྟགས་དེ་ནི་པ་པོ་ཁོ་ན་ལ་ངོས་འཛིན་པའི་སྐོར་ཞིག་དང་། པ་པོ་བ་བོ་བཞི་ལ་ངོས་འཛིན་པའི་སྐོར་ཞིག་དང་། པ་པོ་བ་བོ་མ་མོ་དྲུག་ལ་ངོས་འཛིན་པའི་སྐོར་ཞིག་བཅས་ཡོད་པ་ནི་དགེ་རྒན་ཁོང་གིས་མ་ཤེས་པ་ཡིན་ནམ་ཤེས་ཀྱང་མི་ཤེས་ཁུལ་བྱས་པ་ཡིན། དགེ་རྒན་ཆེན་མོ་ཞིག་གིས་འདི་ཙམ་ཡང་མ་ཤེས་པ་ག་ལ་ཡིན། ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་གཡོ་སྒྱུ་འཁྲབ་པའང་ཡིན་མི་སྲིད་དེ། ཡིན་རྒྱུ་ནི་ཕྱོགས་ལྷུང་གི་ནད་རོ་འཕར་བས་ཡིན་ནམ་སྙམ།
དེ་དག་ནི། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་དང་། པྲ་ཏི་རིན་ཆེན་དོན་གྲུབ་དང་། དངུལ་ཆུ་དབྱངས་གྲུབ་པའི་རྡོ་རྗེ་དང་། སྙིགས་དུས་ཀྱི་ཐོན་མི་གཉིས་པ་སློབ་དཔོན་དམུ་དགེ་བསམ་གཏན་རྒྱ་མཚོ་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་སོགས་སོ། །
དགེ་རྒན་ཆེན་མོ་ལགས་ལ་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ནི།ང་ཚོའི་བོད་ཡིག་འདི་ཞང་ཞུང་སྨར་ཆེན་ལས་བྱུང་ཚུལ་ཞིག་དང་། རྒྱ་གར་གྱི་ཡིག་རིགས་ཤིག་ལ་སློབ་དཔོན་ཐོན་མིས་ཁ་བསྐངས་མཛད་ནས་བྱུང་ཚུལ་ཞིག་དང་། ཞང་ཞུང་དང་རྒྱ་གར། བོད་རང་གི་སྐད་གསུམ་ལས་རིམ་གྱིས་བྱུང་བར་སློབ་དཔོན་ཐོན་མིས་གཞུང་ལུགས་མཛད་ཚུལ་སོགས་བཤད་ཚུལ་མང་བོ་འདུག་མོད། གང་ལྟར་སུམ་རྟགས་ཀྱི་རྩ་བ་འདི་ལ་གཞི་བཅོལ་ཏེ། དེའི་ནང་ཁ་མི་ཚང་བ་མང་བོ་འདུག་པ། ཕྱིས་ཀྱིས་མཁས་པ་དག་གིས་ཁ་བསྐངས་པ་མང་བོ་འདུག་པས་འདི་ཚང་མ་ནོར་བར་བརྩི་ག་ལ་རུང་ངོ་། །
དེ་དག་རེ་རེ་ནི་འབུམ་རམས་པ་སློབ་དཔོན་ཆེན་མོ་ཞིག་ལ་སློབ་ཆུང་སློབ་མ་བཞིན་དུ་ངོ་སྤྲོད་བྱེད་ག་ལ་དགོས་སོ། །
གཉིས་པ། བ་ཡིག་བདག་སྒྲར་འཇུག་པ་ནི་དག་ཡིག་གསར་བསྒྲིགས་དང་རིག་གསར་གྱི་ཤུགས་རྐྱེན་མིན་པ་ནི།
བོད་རབ་བྱུང་བཅུ་བཞི་བའི་ས་སྦྲུལ་སྤྱི་ལོ ༡༨༠༩ ལོར་འཁྲུངས་པའི་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་དབང་དུ། ན་རོ་ཡོད་མེད་པ་བ་མ། ། བདག་པོའི་སྒྲ་སྟེ་ག་ད་ན། ། བ་མ་ས་དང་དྲག་མཐར་པ། ། ང་འ་ར་ལ་མཐའ་མེད་ལ། ། བདག་སྒྲ་ཡར་གྱུར་བ་དང་ནི། ། ཆ་ལ་པ་ཉིད་སྦྱོར་བ་ལེགས། ། མིང་མཐའི་པ་བའང་ཕལ་ཆེར་འདྲ། ། མ་ནི་ངེས་མེད་སྐབས་དང་སྦྱར། ། ཞེས་པ་པོ་བ་བོ་མ་མོ་དྲུག་པོ་བདག་སྒྲར་འཇུག་པས་མ་ཚད་ཐོབ་ཐང་གསལ་བོར་བསྟན་ཡོད། དགེ་རྒན་ཆེན་མོ་ལགས་ཀྱིས་འདི་ཡང་ཡིག་ནོར་དུ་བརྩི་ག་ལ་སྲིད། འདི་རིག་གསར་གྱི་སྔོན་སྔོན་གྱི་ཡིན་པ་ཁས་མི་ལེན་ཟེར་ག་ལ་ཕོད། མངོན་སུམ་དང་དངོས་ཡོད་ལ་རྒོལ་བ་ནི་ཀླད་རྩ་མི་ཚང་བ་དང་སྨྱོན་པའི་ལུགས་སོ། །
གསུམ་པ། མིང་མཐའི་པ་བ་ནོར་བའི་སྐྱོན་ཞེས་པའི་ལན།
པ་བ་ནོར་བའི་སྐྱོན་ནི།རྟགས་འཇུག་གི་རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། ། ཞེས་པ་འདི་ལ་བལྟ་དགོས་པ་ལས། དགེ་རྒན་ཆེན་མོ་ཁོང་གིས་ཞེ་འདོད་ཙམ་ལ་ཁོང་གི་བསྟུན་ག་ལ་ཕོད།ཡིན་ཡང་ཁོང་གིས་ནོར་བའི་དོན་ལ། འབྱོར་པ་ཞེས་པ་ལོངས་སྤྱོད་ཀྱི་མིང་རྐྱང་ཡིན།འབྱོར་བ། ཞེས་པ་ལས་ཚིག་སྟེ་དངོས་པོ་ལག་ཏུ་འཕྲོད་པ་དང་། སོགས་རྫུན་གཏམ་འགའ་རེ་བཤད་འདུག་མོད། འབྱོར་བ་བྱ་ཚིག་ཡིན་པའི་དབང་དུ་བཏང་ནའང་བྱ་ཚིག་འདས་པ་ཡིན་པས་ངེས་པར་དུ་ད་དྲག་ཐོབ་པས་འབྱོརད་པ་ཡིན་པས། རྟགས་འཇུག་གི་རྩ་བ་ལ་བསྟུན་ན་ཕོ་ཡིས་ཕོ་ཡི་མིང་འདྲེན་དགོས་པས། འབྱོརད་པ། ཞེས་པའི་ད་ཡིག་ནི་སི་ཏུ་དང་པྲ་ཏི་གང་ཡིན་ཡང་རྗེས་འཇུག་གི་ཕོ་ཡིག་ཡིན་པ་དང་། པ་ཡིག་ནི་མིང་གཞིའི་ཕོ་ཡིག་ཡིན་པས། འབྱོར་བ་ཞེས་བ་ཡིག་མི་ཐོབ་པར་འབྱོར་པ་ཞེས་པ་ཡིག་ཁོ་ན་ཐོབ་བོ། །
རྐང་པ། མཐའ་པ། ཤར་པ། ཚལ་པ། བཞི་པ་སོགས་སྦྱར་ན་ཧ་ཅང་མི་འཐད་དེ།པྲ་ཏི་དང་སི་ཏུ་ཕྱོགས་སུ་མ་ལྷུང་བའི་མཁས་པ་ཆེན་པོ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སྔོན་བྱོན་མཁས་པ་དག་གི་ལེགས་བཤད་ཀྱི་ཆ་ཐམས་ཅད་གཅིག་ཏུ་བསྡུས་པའི་ཉིང་བཅུད་ལྟ་བུ།དེང་སང་བོད་ཕྱི་ནང་མདོ་དབུས་ཁམས་གསུམ་ཀུན་ན་རྒྱུགས་ཆེ་བའི་སུམ་ཅུ་བའི་བསྡོམས་ཚིག་ལེགས་བཤད་ལྗོན་དབང་ལས།ང་འ་ར་ལ་མཐའ་མེད་མཐར་བ་སྦྱོར་དགོས་པ་དངོས་སུ་བསྟན་ཡོད་པས། རྐང་བ། མཐའ་བ། ཤར་བ། ཚལ་བ་ལྟར་སྦྱར་ན་ཤིག་ཏུ་ལེགས་སོ། །
འདིར་ཡང་དགེ་རྒན་ཆེན་མོ་ལགས་ལ་ཞུ་དགོས་པ་ནི། བསྟན་དར་ལྷ་རམས་པའི་ཡི་གེ་བཤད་པ་མཁས་པའི་ཁ་རྒྱན་དང་། ཨ་ཁུ་དམུ་དགེ་ཚང་གི་བློ་གསལ་དགའ་སྟོན་སོགས་ལས་རྣམ་པ་ཐམས་ཅད་དུ་ད་དྲག་ཡོད་པའི་མིང་ཚིག་གི་སྐོར་དང་། དེ་ལས་བོད་ཀྱི་བརྡ་སྤྲོད་མཁན་པོ་བྱིངས་ཀྱིས་བྱ་ཚིག་ལས་རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་ད་དྲག་ཐོབ་རུང་གི་འདས་སྐུལ་ལ་ད་དྲག་ཡོད་པའི་ཁྱབ་ཅེས་པ་འདིས། ཁྱོད་དང་ང་ལྟ་བུའི་རྨོངས་པ་མགོ་འཁོར་པ་ཡིག་དང་བ་ཡིག་སྦྱོར་སྟངས་མི་ཤེས་པ་དག་ལ་ཧ་ཅང་གི་སྟབས་བདེ་བཟོས་འདུག པ་ཡིག་དང་བ་ཡིག་སྦྱོར་མི་ཤེས་པའི་གནད་དོན་ནི་གཙོ་བོ་ད་དྲག་ཡོད་མེད་མ་ཤེས་པའི་ཉེས་པ་ལས་ཡོང་གི་འདུག་གོ། །།
བཞི་བ། ཧི་མ་ལའི་རིག་མཛོད་ཁང་གིས་བསྒྲིགས་པའི་བོ་དོང་གསུང་འབུམ་ཐད་སྡིགས་མོ་བྱས་པར་ལྟ་ཚུལ་བརྗོད་པ།
ཁྱོད་ཀྱིས་བོ་དོང་གསུང་འབུམ་གྱི་མ་ཡིག་བཀླགས་མྱོང་ཡོད་མེད་གསལ་བོ་མི་ཤེས་ཀྱང་། ཚོད་དཔག་ལྟར་ན་བོ་དོང་གསུམ་འབུམ་མ་དཔེ་ལག་བྲིས་མ་པོད་བརྒྱ་དང་ཞེ་གཉིས་ཡོད་པ་ཆ་ཚང་ལ་ཁྱོད་ཀྱིས་བལྟས་མེད་པ་གསལ་ཐག་ཆོད་པ་རེད། རྒྱུ་མཚན་ནི། དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་། རྨེ་གྲྭ་ཚེ་རིང་བསམ་འགྲུབ་གཉིས་གཙོ་མཛད་པའི་ཧི་མ་ལའི་རིག་མཛོད་ཁང་ཆེན་མོས། དཀའ་མོའི་ཚེགས་དང་། དཀོན་མོའི་རྒྱུ་བཏང་། བོད་མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་པ་མང་བོར་བློ་དྲིས། ད་སྔ་ཡན་ཆད་ལ་ཚོགས་པ་གང་མང་ཞིག་གིས་སྒྲིག་མ་ཐུབ་པའི་བོ་དོང་གཞུང་བརྒྱ་མ་ཞེས་པ་སྙན་གྲགས་ཆེ་བའི་གསུང་འབུམ་ཆེན་མོ་འདི་དཔར་དུ་བསྐྲུན་པས་མ་ཚད། དགོན་གྲོང་རིས་མེད་ལ་རིན་མེད་གཟུགས་འབུལ་བྱས་པ་འདི་ལ་རྒྱུས་ལོན་ཙམ་ཡང་མ་ཐུབ་པར་སྡིགས་མོ་བྱས་པ་འདིས་ཤེས་སོ།།
ཁོ་བོ་ཡང་བོ་དོང་གསུང་འབུམ་ལག་བྲིས་མ་དེ་དག་ཆ་ཚང་ལ་ཞིབ་མཇལ་ཡོད་དེ། མ་ཡིག་དབུ་ཅན་དང་དབུ་མེད་གཉིས་ཀ་འདུག་པ་མ་ཟད། དབུ་ཅན་དག་ནི་དབུ་མེད་ཚུར་དབུ་ཅན་དུ་བྲིས་པ་འདྲ་ཞིག་འདུག་སྟེ། དཔེར་ན། ཉན་ཐོས་ལ་ཉོས། འགའ་ཞིག་ལ་འིག གྲང་རེག་ལ་གྲེག བསྟན་བཅོས་ལ་བསྟོས། ཆ་མཐུན་ལ་ཆུན། ལྟ་བུའི་སྐོང་ལོག་དང་། དབུ་མེད་དག་ལའང་སྐོང་ཡིག་དང་། མི་གསལ་བའི་མཆན་སོགས་དཀའ་ཉོག་ཆེ་བ་མ་ཟད། དེ་ལས་ད་རུང་ཡི་གེ་ཕྲད་དང་ཐོབ་ཐང་ནོར་བ་བགྲང་ལས་འདས་པ་འདུག་པས། འདི་དག་དགེ་རྒན་ཆེན་མོ་ཁྱོད་ཀྱིས་མཐོང་ཡུལ་དུ་མ་གྱུར་པ་ཡ་མཚར་ཆེའོ། །
བན་དང་བོན་གྱི་ཆོས་བརྒྱུད་མི་དཀྲུག་ལ།།
པྲ་ཏི་སི་ཏུ་ཕྱོགས་སུ་མི་དགར་ཞིང་།།
ཁམས་དང་ཨ་མདོ་རིས་སུ་མི་གཅད་པར།།
གཟུ་བོའི་བློ་ཡིས་གཏམ་ལ་འཇུག་པར་བྱོས།།
ཞེས་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་དེང་དུས་པ་དང་བ་གཉིས་སྤྱོད་སྟངས་ནོར་བའི་དོན་སྐྱོན་སྐོར་བཤད་པ་ཞེས་པའི་རྩོམ་ཡིག་ཅིག་བཀླགས་རྗེས། ཟླ་བ་འོད་ཟེར་དུ་འབོད་པས་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་དུ་ཤར་མར་བྲིས་པ་དགེའོ། །
༢༠༡༦.༩.༢༤ མཚན་མོར།
་ངན་གོམས་རུལ་བ་མ་རེད། རུལ་པ་རེད།
་མང་བོ་མ་རེད། མང་པོ་རེད།
དང་བོ། དང་པོ་མ་རེད། དང་པོ་རེད།
སུམ་ཅུ་བ་མ་རེད། སུམ་ཅུ་པ་རེད།
ཨ་ལགས་ཚེ་ཏན་མ་རེད། ཚེ་བརྟན་རེད།
བཅུ་བཞི་བ་མ་རེད། བཅུ་བཞི་པ་རེད།
ཡང་།
་་་་་་་ རྐང་བ། མཐའ་བ། ཤར་བ། ཚལ་བ་ལྟར་སྦྱར་ན་ཤིག་ཏུ་ལེགས་སོ། །་་་་་་ ཟེར། ཧཧཧ།། །།
བྱ་ཚིག ལས་ཚིག རྒྱན་ཚིག མིང་ཚིག འདི་ཚོར་དབྱེ་བ་ཡོད་ན། པ་བ་ཡི་སྦྱོར་སྟངས་ལའང་དེ་ཚོད་ཀྱི་ཁྱད་ཅིག་དགོས་པ་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི་ཐོན་མིའི་ཞལ་ལུང་ལས་བདག་སྒྲའི་སྐོར་འདིའི་སྐབས་སུ་རྩ་འགྲེལ་གཉིས་སྦྲགས་སུ་བཀོད་ནས། དེ་མཇུག་ཏུ་འདིའི་སྐབས་སུ་སྔོན་གྱི་མཁས་པའི་འབྲི་སྲོལ་གྱི་རྗེས་སུ་ཞུགས་པ་གནད་དུ་ཆེ་བར་གསུངས་དགོས་པའི་དགོངས་པ་དེས་དོན་གྱི་གནད་ཅིག་བསྟན་ཡོད་པ་རེད།
གོང་དུ་ཀ་རྡོ་རབ་འབྱམས་པ་ལགས་ཀྱིས་ ༼ཚེ་ཏན༽ མ་རེད་ ༼ཚེ་བརྟན་༽ རེད་གསུངས་འདུག་སྟེ། དེ་མ་རེད། ༼ཚེ་ཏན་༽ རེད་ལགས།
་་་་་་་་་ གོང་དུ་ཀ་རྡོ་རབ་འབྱམས་པ་ལགས་ཀྱིས་ ༼ཚེ་ཏན༽ མ་རེད་ ༼ཚེ་བརྟན་༽ རེད་གསུངས་འདུག་སྟེ། དེ་མ་རེད། ༼ཚེ་ཏན་༽ རེད་ལགས། ་་་་་་་་ འདི་ནི། རིག་གནས་གསར་བརྗེའི་ན་ཚ་ལྷག་མ་ཅིག་ལས་མཁས་བཙུན་གྱི་ཁུངས་གང་ཡང་མི་མཐོང་བས་་་་་་་
བསྟན་འཛིན་ཚེ་བརྟན་ལ། བསྟན་འཛིན་ཚེ་ཏན་ཞེས་བྲིས་ན། འགྲིགས་སམ། ལགས། སྲིན་པོ་རྫ་རྒན་ལགས།
ཡིན་རྒྱུ་ནི་ཕྱོགས་ལྷུང་གི་ནད་རོ་འཕར་བས་ཡིན་ནམ་སྙམ། དེ་དག་ནི། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་དང་། པྲ་ཏི་རིན་ཆེན་དོན་གྲུབ་དང་། དངུལ་ཆུ་དབྱངས་གྲུབ་པའི་རྡོ་རྗེ་དང་། སྙིགས་དུས་ཀྱི་ཐོན་མི་གཉིས་པ་སློབ་དཔོན་དམུ་དགེ་བསམ་གཏན་རྒྱ་མཚོ་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་སོགས་སོ། ། “དེ་”དག་ནི། སི་ཏུ་པཎ་ཆེ་ཞེས་པའི་དེ་སྒྲ་དེ་གང་ལ་སྙེག་དགོས་སམ།
འདི་ཚང་མ་ནོར་བར་བརྩི་ག་ལ་“རུང་ངོ་”། ། འདི་དྲི་ཚིག་ཡིན་ནམ་རྫོགས་ཚིག་ཡིན།
ལྷག་པར་དུ་རྒན་པོ་ཁོང་གིས་ན་གཞོན་ཚོ་“ལྟར་དུ་”དྲ་ཐོག་ཏུ་རྩོད་པ་མང་བོ་བྱེད་ཀྱིན་ཡོད་པས། ལ་དོན་ལྷག་པའི་སྐྱོན་ཞིག་འདུག
དགེ་རྒན་ཆེན་མོ་ཁོང་“གིས་ཞེ་འདོད་ཙམ་ལ་ཁོང་གི་”བསྟུན་ག་ལ་ཕོད། འདི་ལ་རང་འགྲེལ་ཞིག་གནང་རོགས།
མཁས་པ་མང་“བོར”་བློ་དྲིས། ཀརྡོར་གྱི་གསུངས་པ་བཞིན་ཡིན།
རྩོམ་ཡིག་གནད་དུ་ཁེལ་བ་ཞིག་བྲིས་འདུག ཡིན་ན་ཡང་འགའ་ཤས་ནོར་བ་འདུག ལེགས་ཆ་མང་པོ་འདུག ཐུགས་རྗེ་ཆེ་ཞུ།
ཀརྡོ་རབ་འབྱམས་པ་ལགས། ཚེ་ཏན་དང་ཚེ་བརྟན་ཁ་ཁ་རེད། ཚེ་ཏན་ཞབས་དྲུང་ཚང་ཞུན་ཧྭ་ཚེ་ཏན་ནས་འཁྲུངས་པ་ཡིན་ཙང་ཚེ་ཏན་ཞབས་དྲུང་ཞེས་འབྲི་དགོས་པ་དེ་དང་པོ་ནས་མཁྱེན་པར་གྱིས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པར་འདོད།
འཁྲུངས་ས་ཡིན་ན་ཡང་། ཚེ་ཏན་གྱི་གོ་དོན་བོད་སྐད་ལ་མི་འདུག་ཅེས་པ་འདི་ངའི་དོགས་སློང་གི་དགོས་དོན་དེ་རེད་དོ།།
སྤྱིར་ན་ཆགས་སྡང་མེད་ན་གྲོང་པར་ཡར་རྒྱས་མེད། བརྒལ་བརྟག་མེད་ན་ཆོས་ལ་ཡར་བསྐྱེད་མེད། ཅེས་ཨ་ཁུ་འབྲོག་པའི་ཁ་སྐད་ལ་ཡོད་པ་ལྟར། བོད་སྐད་དང་བོད་ཡིག་མི་ཉམས་རྒྱུན་གནས་སླད་བགྲོ་གླེང་དགོས་གལ་ཤིན་ཏུ་ཆེ་བས་ཐུབ་བསྟན་ཕུན་ཚོགས་ཞུ་བ་དང་། ཟླ་བ་འོད་ཟེར་ཞུ་བས་པ་བའི་སྐོར་དགོངས་ཚུལ་གསུངས་པར་ལེགས་སོ་ཞུ། ཐུབ་བསྟན་ཕུན་ཚོགས་ཞུ་བའི་རྩོམ་དེ་ཞིབ་ཕྲ་ཀློག་རྒྱུ་མ་བྱུང་ཡང་། མིག་ཤར་གཅིག་བྱས་པས་རང་གི་འདོད་པ་གང་ཡོད་གསུངས་འདུག་སྙམ། གོང་གི་ཟླ་བ་འོད་ཟེར་ཞུ་བའི་རྩོམ་འདིར་ཡང་ཁོང་རང་གི་འདོད་པ་ཡང་ཡོད་གསུངས་འདུག ལྷག་པར་ད་དྲག་ལ་དོ་སྣང་གསར་བསྐྲུན་གནང་འདུག་སྙམ་སྟེ་དགའ། འོན་ཀྱང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་ལུང་འདྲེན་སྐབས་དེ་མ་ཐག་པར། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་གསུངས་ཡོད་པ་དེ་སྦས་བསྐུངས་བྱས་འདྲ་མངོན།
མཁས་པའི་གསུང་ལ་མ་ཉན་བླུན་བཤད་རེད། མཁས་དབང་གང་གིས་མིང་མཐའི་པ་བ་འདིས་བྱ་ཚིག་དང་མིང་ཚིག་གི་ཁྱད་འབྱེད་པར་གསུངས་པའི་ལེགས་བཤད་འདི་རྨད་དུ་བྱུང་། འོན་ཏེ་དག་ཡིག་གསར་སྒྲིག་དང་། དེ་བས་ཀྱང་མ་དག་པ་འདིའི་ཁུངས་དེད་ས་གཅིག་ཨ་ལག་དམུ་གེ་ཡིན། ཕྱིས་ཁོང་གི་དགེ་ཕྲུག་ཡིན་ཟེར་བ་ཚོས། བདག་སྒྲ་འདི་ཕྲད་གཞན་དབང་གི་ཁུངས་སུ་བཙན་གྱིས་བཙུད་ཅིང་། དེས་ཟླ་དྲངས་ཏེ་མི་མཐའི་པ་བའང་དཀྱུས་གཅིག་ཏུ་འབྲི་སྤྱོད་བྱེད་པའི་ཉེས་པ་འདི་བྱུང་བ་ལགས། འོན་ཏེ་སྔོན་དང་ཕྱིས་ཀྱི་ཨ་མདོའི་མཁས་པ་ཚདལྡན་ཕལ་ཆེ་བས་བདག་སྒྲ་དེ་ཕྲད་རང་དབང་དུ་འདོད་ལ། མིང་མཐའི་པ་བའང་ཚུལ་བཞིན་སྦྱར་དང་སྦྱོར་བ་མཛད་པ་ཁོང་ཅག་གི་གསུང་རྩོམ་ཁག་ཏུ་གསལ་བ་འདི་ལགས།
གཞན་ཡང་རྩོམ་པ་པོས་རྗེས་འཇུག་ན་ར་ལ་གསུམ་གྱི་འདས་ཚིག་མཐར་ད་དྲག་ཡོད་པར་ཐག་བཅད་མོད། དེ་ནི་རྩོད་གཞི་ཙམ་ལས་སུམ་རྟགས་ཀྱི་རྩ་གཞུང་དུ་མི་གསལ་བ་དང་། གཞན་ཡང་འདས་པར་ད་དྲག་ཡོད་དབང་དུ་བྱས་ན་འགྲིག་མོད། དུས་མ་འོངས་པ་དང་ད་ལྟ་བའི་མཐར་རྗེས་འཇུག་ན་ར་ལ་གསུམ་དང་མིང་མཐའི་པ་འཐོབ་པ་འདི་མི་མཐོང་བ་ཡ་མཚན་རེད་ཨང་།
་་་་་་་་་་ ཕྱིས་ཁོང་གི་དགེ་ཕྲུག་ཡིན་ཟེར་བ་ཚོས། བདག་སྒྲ་འདི་ཕྲད་གཞན་དབང་གི་ཁུངས་སུ་བཙན་གྱིས་བཙུད་ཅིང་། དེས་ཟླ་དྲངས་ཏེ་མི་མཐའི་པ་བའང་དཀྱུས་གཅིག་ཏུ་འབྲི་སྤྱོད་བྱེད་པའི་ཉེས་པ་འདི་བྱུང་བ་ལགས། ་་་་་་་་་