༼གསལ་བཤད། རྩོམ་ཡིག་འདི་བློ་བཟང་རྒྱ་མཚོ་ལགས་ཀྱི་གདོང་དེབ་བརྒྱུད་ནས་བཤུས་པ་ཡིན་ལགས།༽
དེང་སྐབས་བོད་ཀྱི་མཁས་དབང་ནོར་བྲང་ཨོ་རྒྱན་གྱིས།
ཆུ་འབི་ཟླ་བ་ཚེ་རིང་། <<བོད་ལྗོངས་སློབ་ཆེན་རིག་དེབ་>>ཀྱིས་བོད་རིག་པའི་ཞིབ་འཇུག་མཁས་དབང་དང་རྒྱུས་ཡོད་རྒན་རབས་རྣམས་ལ་བཅར་འདྲི་ཞུ་བའི་འཆར་གཞི་ལྟར་ད་རེས་ཁོ་བོས་སྐུ་ཞབས་ཁྱེད་ཀྱི་དྲུང་དུ་ཆེད་མངགས་བཅར་འདྲི་ཞུ་བར་ཡོང་བས། ཁྱེད་ཀྱིས་ང་ཚོའི་ལས་དོན་འདིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མཁྱེན་རབ་ཡངས་པའི་དགོངས་འཆར་ལྷུག་རྩོལ་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན། དང་ཐོག་མར་སྐུ་ཉིད་ཆུང་དུས་ཀྱི་ལོ་རྒྱུས་དང་འབྲེལ་བའི་གཙང་བཀྲ་ཤིས་ལྷུན་པོའི་སྐོར་གྱི་གནད་དོན་ཁ་ཤས་ཡོད་དེ། སྐུ་ཉིད་དགུང་ལོ་བདུན་པར་བཀྲས་ལྷུན་ནོར་བུ་བྲང་ཁང་དུ་དགེ་ཕྲུག་ལ་བསྐྱལ་ཏེ་ཐོག་མར་ཆོས་ཞུགས་གནང་འདུག་པས།“ནོར་བུ་བྲང་ཁང་”ཞེས་པ་དང་བཀྲས་ལྷུན་དགོན་པའི་དབར་གྱི་འབྲེལ་བ་ཇི་ལྟར་ཡིན་ཚུལ་སྐོར་གསུང་རོགས་གནང་།
ནོར་བྲང་ཨོ་རྒྱན། “ནོར་བུ་བྲང་ཁང་”ཞེས་པ་དང་བཀྲས་ལྷུན་དགོན་པའི་དབར་གྱི་འབྲེལ་བ་ནི། སྤྱི་དང་བྱེ་བྲག་གི་གནད་དོན་ཞིག་རེད། གང་ཡིན་ཞེ་ན། བཀྲ་ཤིས་ལྷུན་པོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་སྤྱི་ལོ་༡༤༤༧ལོར་ཕྱག་བཏབ་པའི་དགེ་ལུགས་པའི་དབུས་གཙང་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ལ། དེ་ནི་གདན་ས་གཞན་གསུམ་པོ་དང་མི་འདྲ་བའི་དམིགས་བསལ་གྱི་གནས་བབས་ཡོད་ལ་གདན་ས་འདི་ཉིད་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། འདིའི་ནང་སྔར་བླ་བྲང་རྒྱལ་མཚན་མཐོན་པོ་ཞེས་པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་གནང་བའི་སྲིད་གཞུང་གི་སྒྲིག་གཞི་ཆ་ཚང་ཡོད་པ་ཞིག་དང་། གཙང་ཁུལ་གྱི་རིག་གནས་ཀྱི་ལྟེ་བ་ཞིག་ཀྱང་ཡིན་པ་དེ་ནི་དགོན་སྤྱིའི་གནས་ཚུལ་ཡིན་ལ། བྱེ་བྲག་ནོར་བུ་བྲང་ཁང་ཞེས་པ་ནི་གདན་ས་དེའི་ནང་གྲྭ་ཚང་དང་། མི་ཚན། དགེ་འདུན་གྱི་གྲྭ་ཤག་སོགས་མང་པོ་ཡོད་པའི་ནང་ནས་ནོར་བུ་བྲང་ཁང་ཞེས་པ་སྐུ་དྲག་སྒེར་གྱི་སྡོད་ཤག་ཅིག་རེད། དེའི་ལོ་རྒྱུས་མདོ་ཙམ་ཞུས་ན། སྡོད་ཤག་དེའི་མིང་ཆ་ཚང་ལ་གཟིམ་ཤག་ནོར་བུ་བྲང་ཁང་བརྗོད་ཀྱི་ཡོད་པ་དེ་ནི་སྤྱིར་བཏང་ནི་སྡོད་ཤག་དང་མི་འདྲ་བར་བྲང་ཁང་ཞེས་སུ་མིང་ཐོགས་པ་ནི་དཔེར་ན། དཔོན་ཚང་བྲང་ཁང་། དཀར་པོ་བྲང་ཁང་ཞེས་པ་ལྟ་བུའི་གྲས་ཡིན་པ་དེ་ནི་གཞན་ལས་གནས་བབས་ཅུང་མཐོ་བར་འཛིན་པ་དང་། ལྷག་པར་ཤག་དེར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དང་། སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་རིམ་པར་ཞབས་སོར་འཁོད་པས་གཟིམ་ཤག་ཅེས་འབོད་པ་དགོན་པའི་ནང་སྡོད་ཤག་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་ཤག་ཚང་ཞིག་རེད། མ་གཞི་བླ་སྤྲུལ་དང་སྐུ་དྲག་སོགས་ཀྱི་སྡོད་ཤག་ལ་གཟིམ་ཤག་ཅེས་ཆེ་བསྟོད་ཀྱིས་འབོད་སྲོལ་ཡོད་ནའང་རྒྱུ་མཚན་ངོ་མའི་ཐོག་ནས་བཤད་ན་པཎ་ཆེན་རིན་པོ་ཆེ་ཤག་དེར་ཞབས་སོར་འཁོད་ན་མ་གཏོགས་གཟིམ་ཤག་གི་ཐོར་ཐང་ཡོད་པ་ཞིག་མིན་ལ། གཟིམ་ཤག་ཐོབ་པའི་ཤག་ཚང་ལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་ཞིག་རེད། ནོར་བྲང་གཟིམ་ཤག་དེ་ནི་རྒྱུས་མངའ་མེད་པའི་མི་ཞིག་གིས་ཕྱི་ནས་བལྟས་ན་གྲྭ་ཚང་ཞིག་རེད་སྙམ་པ་ལས་སྒེར་ཤག་ཅིག་རེད་སྙམ་པ་མི་འཆར་བ་དཔེར་ན། ཁང་པ་ཐོག་སོ་བཞི་བརྩེགས་ཀྱི་གོང་ལར་སྤེན་བད་ཐོག་སོ་གཅིག་ཙམ་གྱི་ཐོག་མི་ཕྲེང་ཞེས་པ་གདུང་མའི་ཐོག་འབུར་བརྐོས་སྒོར་ཐིག་དཀར་རག་དཀར་པོ་བྱུགས་པ་ཉིས་བརྩེགས་འཁོར་མར་ཡོད་པ་དང་། ལྷག་པར་ཐོག་སོ་བཞི་པའི་དབུ་གཡབ་ཀྱི་ལྡེབས་རིས་ལ་པཎ་ཆེན་སྐུ་ཕྲེང་དགུ་པ་མེས་རྒྱལ་ནང་ས་ལ་ཆིབས་ཞལ་བསྒྱུར་བའི་རི་མོ་དང་། པཎ་ཆེན་སྐུ་ཕྲེང་དགུ་པ་མེས་རྒྱལ་ནང་ཁུལ་ནས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་པའི་ཚུལ་གྱི་རི་མོ་དང་། སྐབས་དེའི་བཀྲ་ཤིས་ལྷུན་པོའི་དགོན་པའི་རྒྱ་ཁྱོན་གྱི་ལྡེབས་རིས་བཅས་ཡོད་པ་དེ་དག་ནི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་རིམ་ཐང་ཅན་ཞིག་ཡིན་པ་རྗེས་སོར་ཁྱེད་རྣམ་པ་བཀྲ་ཤིས་ལྷུན་པོར་ཕེབས་ཁོམ་བྱུང་ན་ལོ་རྒྱུས་ཀྱི་ལྡེབས་རིས་དེ་ཚོ་པར་ལེན་གནང་ན་བོད་ཀྱི་ལོ་རྒྱུས་དུམ་བུའི་གནས་ཚུལ་གསལ་བཤད་ཐུབ་པ་ཡོང་གི་རེད་སྙམ་པ་བསམ་ཚུལ་ལགས་ན་དགོས་པ་ཡོད་མེད་ཁྱེད་རྣམ་པས་གཟིགས་རོགས་གནང་ཞུ་རྒྱུ།
ཆུ་འབི་ཟླ་བ་ཚེ་རིང་། བཀྲ་ཤིས་ལྷུན་པོའི་ནང་མ་སྒང་ལ་ཞབས་སྡོད་ཞུས་རྗེས་ལས་ཚན་གོ་མིང་གནས་སྤར་གྱི་བརྒྱུད་རིམ་གང་འདྲ་ཡོད་དམ།
ནོར་བྲང་ཨོ་རྒྱན། རང་ཉིད་བཀྲ་ཤིས་ལྷུན་པོའི་བླ་བྲང་རྒྱལ་མཚན་མཐོན་པོའི་ཞབས་སྡོད་ཞུས་རྗེས་སླར་ཡང་ལས་ཚན་པར་གནས་སྤར་གྱི་སྐོར་ཞུས་ན། རང་ལོ་ཉེར་གཉིས་ལོ་སྟེ་སྤྱི་ལོ་༡༩༥༥ལོར་པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་བཞིན་རང་ཉིད་བཀྲ་ཤིས་ལྷུན་པོའི་ཞབས་སྡོད་པའི་གསར་མཇལ་ཞུས་པ་དང་། སྐབས་དེར་སྤྱི་ལོ་༡༩༥༤ཤིང་རྟ་ལོ་རྒྱལ་རྩེ་ཉི་རོ་ནས་ཆུ་ལོག་སྔར་བྱུང་མྱོང་མེད་པ་ཐོན་པས་པཎ་ཆེན་སྐུ་ཕྲེང་ན་རིམ་དབྱར་བཞུགས་གནང་ཡུལ་ཕོ་བྲང་ཀུན་སྐྱོབས་གླིང་ཆུས་འཁྱེར་ཚབ་ལ་བདེ་ཆེན་སྐལ་བཟང་ཕོ་བྲང་གསར་སྐྲུན་ཨར་སྤྱི་ལས་ཁུངས་གསར་འཛུགས་གནང་བའི་དྲུང་ཡིག་ཏུ་བསྐོ་བཞག་གནང་བ་བཞིན་རང་ཉིད་ལས་དོན་ཚགས་ཚུད་སྒྲུབ་པ་མ་ཟད། ལྷག་པར་ང་ཚོའི་ཁྱིམ་ཚང་ནི་བཀྲ་ཤིས་ལྷུན་པོའི་སྐུ་དྲག་ནང་གཞུང་སེམས་དག་པའི་སྐད་གྲགས་ཡོད་ལ། དོན་དམ་པར་ཡང་ང་ཚོའི་ཁྱིམ་ཚང་གི་མི་ངོ་སུ་ཡིན་ན་ཡང་རང་རང་གི་ལས་གནས་གང་དུ་ཡོད་ཀྱང་རང་ལ་ཐོབ་མི་འོས་པའི་གཞུང་རྒྱུ་སྐར་ལི་ཙམ་བེད་སྤྱོད་གཏོང་སྲོལ་མེད་པ་སོགས་གཞུང་སེམས་དག་པའི་བསམ་ཚུལ་དང་། ཕོ་བྲང་གསར་བཞེངས་སྐབས་རང་ངོས་ནས་ལས་དོན་ཧུར་བསྐྱེད་ཞུས་པར་གཟིགས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པས་རང་གི་གོ་མིང་ལས་ཚན་པར་གནས་སྤར་ཐོག་འཕྲུལ་འཁོར་སློབ་གྲྭའི་སློབ་སྤྱིའི་གྲས་སུ་བསྐོ་གཞག་གནང་བ་ཞིག་ལགས།
ཆུ་འབི་ཟླ་བ་ཚེ་རིང་། བཀྲ་ཤིས་ལྷུན་པོར་གྲྭ་ཚང་ག་ཚོད་ཡོད་དམ། གྲྭ་རྒྱུན་གྱི་ཡོང་ཁུངས་ཇི་ལྟར་ཡིན་ནམ།
ནོར་བྲང་ཨོ་རྒྱན། བཀྲ་ཤིས་ལྷུན་པོར་གྲྭ་ཚང་བཞི་ཡོད་པ་དེ་ཡང་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་གྲྭ་ཚང་དང་། དཀྱིལ་ཁང་གྲྭ་ཚང་། ཤར་རྩེ་གྲྭ་ཚང་། རྒྱུད་པ་གྲྭ་ཚང་བཅས་མཚན་ཉིད་གྲྭ་ཚང་གསུམ་དང་། རྒྱུད་གྲྭ་གཅིག་བཅས་ཡོད་པའི་གྲྭ་ཚང་བཞིའི་མཁན་པོར་ཟུར་ཆེན་བཞི་ཞེས་གྲགས་པ་དང་། མཚན་ཉིད་གྲྭ་ཚང་གསུམ་གྱི་ཁོངས་སུ་མི་ཚན་ཞེས་རང་རང་གྲྭ་ཚང་དེའི་ཁོངས་སུ་གཏོགས་པའི་མི་ཚན་མང་པོ་ཡོད། དཔེར་ན། ཐོས་བསམ་གླིང་གྲྭ་ཚང་ཁོངས་སུ་མི་ཚན་ཉི་ཤུ་རྩ་བདུན་ཡོད་པ་ནི། དགེ་འདུན་གྲུབ་པའི་དུས་སུ་བྱུང་བ་བཅུ་སྟེ། ལེགས་གླིང་མི་ཚན། བདེ་འབྱོར་མི་ཚན། ལྷུན་རྩེ་མི་ཚན། ནོར་བུ་དགའ་ལྡན་མི་ཚན། གཅེན་ལུང་མི་ཚན། འབྲོང་རྩེ་མི་ཚན། རྟ་ནག་མི་ཚན། སྤང་ཡུལ་མི་ཚན། གནས་ཆོས་མི་ཚན། གནས་པ་མི་ཚན་དང་བཅུའོ། ། པཎ་ཆེན་སྐུ་ཕྲེང་བཞི་པའི་དུས་སུ་བྱུང་བ་བཅུ་དྲུག་ནི། ལེགས་གྲུབ་མི་ཚན། བཞད་པ་མི་ཚན། གསེར་གླིང་མི་ཚན། རྫོང་ཁ་མི་ཚན། བ་སོ་མི་ཚན། ཏྲེ་ཧོར་མི་ཚན། གཡང་པ་མི་ཚན། ཧར་གདོང་མི་ཚན། ཅོ་ནེ་མི་ཚན། གསེར་ཁང་མི་ཚན། རྒྱ་ཁམས་མི་ཚན། ཚུལ་ཁང་མི་ཚན། གྲང་མོ་མི་ཚན། ལྕགས་པ་མི་ཚན། རོང་པ་མི་ཚན། གཏིང་སྐྱེས་མི་ཚན་དང་བཅུ་དྲུག་གོ །པཎ་ཆེན་སྐུ་ཕྲེང་ལྔ་པའི་དུས་བྱུང་བའི་མི་ཚན་གཅིག་སྟེ། སྲད་པ་མི་ཚན་བཅས་ཁྱོན་བསྡོམས་མི་ཚན་ཉི་ཤུ་རྩ་བདུན་ནོ། དཀྱིལ་ཁང་གྲྭ་ཚང་ཁོངས་མི་ཚན་བཅུ་དྲུག་ནི། དགེ་འདུན་གྲུབ་པའི་དུས་སུ་བྱུང་བའི་མི་ཚན་བཅུ་སྟེ། དཔེ་ཐུབ་མི་ཚན། གུ་གེ་མི་ཚན། སྟག་མོ་མི་ཚན། ལྷུན་རྩེ་མི་ཚན། འདར་པ་མི་ཚན། མདངས་ཅན་མི་ཚན། ཁལ་ཁ་མ་ཚན། མི་མཁར་མི་ཚན། རོང་མཚོ་མི་ཚན། གནས་སྙིང་མི་ཚན་དང་བཅུའོ། །པཎ་ཆེན་སྐུ་ཕྲེང་བཞི་པའི་སྐུ་དུས་བྱུང་བ་དྲུག་ནི། བདེ་བ་ཅན་པ་མི་ཚན། ཆོས་སྦུག་མི་ཚན། ཁལ་ཁ་མི་ཚན། ཨོ་རྒྱན་རྫོང་པ་མི་ཚན། གློ་སྦུག་མི་ཚན། རྡོ་གདན་མི་ཚན་དང་དྲུག་བཅས་བཅུ་དྲུག་གོ ཤར་རྩེ་གྲྭ་ཚང་ཁོངས་མི་ཙན་བཅུ་དྲུག་ལས་དགེ་འདུན་གྲུབ་པའི་དུས་སུ་བྱུང་བ་མི་ཚན་དྲུག་ཡོད་པ་ནི། ལྷ་ཁང་མི་ཚན། གནས་གསར་བ་མི་ཚན། ཁྲོན་ཁ་སྦུག་པ་མི་ཚན། བ་ཤེ་བ་མི་ཚན། ཤར་བྱང་མི་ཚན། ལས་སྟོད་པ་མི་ཚན་བཅས་དྲུག་གོ པཎ་ཆེན་སྐུ་ཕྲེང་བཞི་པའི་སྐབས་གསར་འཕར་མི་ཚན་བཅུ་ནི། བདེ་ཡངས་མི་ཚན། ཞི་གནས་པ་མི་ཚན། ཐོན་པ་མི་ཚན། ནོར་སྟེང་མི་ཚན། ས་ལུང་པ་མི་ཚན། ལྷོ་པ་མི་ཚན། ཡོལ་དཀར་བ་མི་ཚན། སྤོར་ཐོག་པ་མི་ཚན། བསམ་བློ་བ་མི་ཚན། རྒྱལ་ཆེན་རྩེ་པ་མི་ཚན་བཅས་བཅུ་དྲུག་གོ ད་དུང་རྩེ་དབུ་སྒེར་གྲྭ་ཚང་ངམ་དགོན་ཁང་པ་ཞེས་པ་གཅིག་ཡོད། མཚན་ཉིད་གྲྭ་ཚང་དེ་དག་གི་གྲྭ་རྒྱུན་ཡོང་ཁུངས་ནི་སྤྱིར་བཏང་འབབ་ཁུངས་གཙང་ཁུལ་ལུང་པ་སོ་སོའི་མིང་མི་ཚན་ཡང་བཏགས་ཡོད་པ་ཞིག་ཡིན་དཔེར་ན། རྟ་ནག་ཁུལ་ནས་ཡོང་བའི་གྲྭ་པའི་འབབ་ཁུངས་རྟ་ནག་མི་ཚན་ཡིན་པ་ལྟ་བུ་དང་། ཁམས་སོགས་ནས་ཡོང་བའི་གྲྭ་པའི་འབབ་ཁུངས་ནི་ཁམས་པ་རྣམས་རྒྱ་ཁམས་པ་དང་། ཏྲེ་ཧོར་མི་ཚན་གཉིས་ལ་ཆོས་ཞུགས་བྱ་དགོས་པ། སོག་པོའི་རིགས་ནི་མང་ཆེ་བ་ཧར་གདོང་མི་ཚན་དང་། ཁལ་ཁ་ནས་ཡོང་བ་རྣམས་ཁལ་ཁ་མི་ཚན། ཨ་མདོ་ནས་ཡོང་བའི་འབབ་ཁུངས་ནི་བསམ་བློ་མི་ཚན་མངའ་རིས་དང་ལ་དྭགས་ཁུལ་ནས་ཡོང་བ་རྣམས་ཀྱི་འབབ་ཁུངས་ནི་གུ་གེ་མི་ཚན་དང་། དཔེ་ཐུབ་མི་ཚན། སྟག་མོ་མི་ཚན་ཡིན་པ་ལྟ་བུའོ། ། རྒྱུད་པ་གྲྭ་ཚང་ནི་བཤད་གྲྭ་གསུམ་ནས་དགེ་འདུན་པ་གསན་བསམ་གྲུབ་རྗེས་སྔགས་ཕྱོགས་འཛིན་སྐྱོང་དང་འབྲེལ་བར་སྔགས་ལ་ཞུགས་པ་རྣམས་ཀྱི་འདུས་ཚོགས་ཡིན་པ་བཅས་སོ། །
ཆུ་འབི་ཟླ་བ་ཚེ་རིང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་དུས་སུ་བཀྲ་ཤིས་ལྷུན་པོར་བླ་སྤྲུལ་ཆེ་ཁག་སུ་དང་སུ་ཡོད་དམ།
ནོར་བྲང་ཨོ་རྒྱན། བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་བཅུ་པའི་དུས་སུ་ཡོད་པའི་བླ་སྤྲུལ་ཁག་ནི། ཕན་ཁང་ལོ་ཆེན་བློ་བཟང་འཇམ་དཔལ་བསྟན་འཛིན། དཔོན་བྲང་ཡོངས་འཛིན་ངག་དབང་རྡོ་རྗེ། ལྷོ་པ་སྤྲུལ་སྐུ་པདྨ་འཕྲིན་ལས། དཔལ་ལྡན་སེང་གེ་དམ་ཆོས་དཔལ་འབྱོར། བློ་བཟང་རིག་གྲོལ། འབི་ལུང་བློ་བཟང་བསྟན་པའི་རྒྱལ་མཚན། གྲུབ་དབང་བྱམས་པ་བསྟན་དར། ཨ་ལི་བློ་བཟང་འཇམ་དཔལ། དངུལ་ཆུ་བློ་བཟང་ཆོས་འཕེལ། གངས་བླ་བློ་བཟང་དཔལ་ལྡན། སེང་ཆེན་བློ་བཟང་རྒྱལ་མཚན། གཏིང་སྐྱེས་བློ་བཟང་དཔལ་ལྡན་དབང་ཕྱུག གཟིགས་སྐྱབས་བློ་བཟང་ཐུབ་བསྟན། བྱ་བྲལ་བྱམས་པ་འཕྲིན་ལས། རྒྱ་སྤྲུལ་འཇམ་དཔལ་བསྟན་འཛིན། བློ་བཟང་འཕྲིན་ལས་ཆོས་འཕེལ། བདེ་ཆེན་བློ་བཟང་དམ་ཆོས་བརྩོན་འགྲུས། བྱབས་འཁྲུས་བྱམས་པ་རྒྱལ་མཚན་བཅས་སོ། །
ཆུ་འབི་ཟླ་བ་ཚེ་རིང་། སྐུ་ཉིད་ཀྱི་དགེ་བའི་བཤེས་གཉེན་གྲས་སུ་དཀའ་ཆེན་ཆོས་གྲྭ་བ་དང་དཀའ་ཆེན་ངག་དབང་ལགས་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པད་མ་ལགས་སོགས་མཆིས་པས། དཀའ་ཆེན་མཚན་གནས་དེ་ཇི་ལྟར་བཞེས་ཀྱི་ཡོད་དམ།
ནོར་བྲང་ཨོ་རྒྱན། དཀའ་ཆེན་ཞེས་པ་དེ་ལ་བཀྲ་ཤིས་ལྷུན་པོར་ལྟོས་ན་རིགས་གཉིས་ཡོད། དེ་ཡང་བཀྲ་ཤིས་ལྷུན་པོའི་སྒྲིག་གྲྭར་མཚན་ཉིད་པ་སྟེ་དགེ་བཤེས་དང་། དཀྱུས་མ་ཞེས་པ་རྣམ་ཀུན་དགོན་པའི་གཞོན་ཁྲལ་རྒྱུགས་དགོས་པ་ལས་མཚན་ཉིད་ལ་སློབ་གཉེར་གནང་མ་དགོས་པ་གྲྭ་དཀྱུས་ཞེས་པའི་ཁྱད་པར་གཉིས་ཡོད། དགེ་བཤེས་ནི་གཞོན་ནུའི་སྐབས་ནས་བཟུང་རང་རང་གང་གཏོགས་པའི་མཚན་ཉིད་གྲྭ་ཚང་སོ་སོར་ཆོས་ཐོག་ནམ་ཡིན་སྐབས་བསྡུས་གྲྭ་ནས་སྒོ་བཙུགས་ཏེ་གྲྭ་ཚང་སོ་སོའི་མཚན་ཉིད་ཀྱི་ཡིག་ཆ་རྣམས་ལ་དོན་གཉེར་གྱིས་བགྲོ་གླེང་རྟགས་གསལ་གཏོང་དགོས་པ། དེ་ནས་རང་རང་ལོ་ཚོད་ལ་གཞིགས་པའི་བསྡུས་གྲྭ་བ་དང་། རིག་གྲྭ་འབྲིང་པོ་སྟེ་རིག་འབྲིང་། བསྡུས་གྲྭ་ཆེ་བ་སྟེ་རིག་ཆེན། ཊཱིཀྐཱ་བ་སོགས་གྲྭ་ཚང་སོ་སོའི་ཉམས་བཞེས་རིམ་པར་བརྒྱུད་དེ་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་སྤྱི་འགྱུར་བ་ཞེས་ལོ་ལོའི་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་སྐབས་སྐལ་བཟང་འཁྱམས་ར་ཆེ་མོ་ཞེས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་རྡོ་གཅལ་དུ་ཟུར་ཆེན་བཞི་དང་དབུ་ཆོས་གདན་ལ་འཁོད་ཅིང་དགེ་བཤེས་གྲངས་ངེས་ཅན་འཛོམས་སར་བཤད་གྲྭ་གསུམ་ནས་ཕུལ་དུ་བྱུང་བའི་མཚན་ཉིད་པ་སྟེ་སྤྱི་འགྱུར་བ་ཞེས་པ་གཉིས་རེ་ཁྱོན་དགེ་བཤེས་དྲུག་ལོ་ལྟར་དཀའ་ཆེན་ཆེན་མོའི་མཚན་རྟགས་ཀྱི་དམ་བཅའ་འཇོག་དགོས་པ་མ་ཟད། རང་རང་ཐོབ་ཁུངས་མི་ཚན་ལ་མང་ཇ་ཞེས་ཇ་ཐུག་ཤིན་ཏུ་གཟབ་པ་གཏོང་དགོས་པ་བཅས་དེ་ནས་བཟུང་དཀའ་རམས་དགེ་བའི་བཤེས་གཉེན་ཆེ་མོའམ་ཡོངས་གྲགས་སུ་དཀའ་ཆེན་ཞེས་འབོད་པའི་གྲལ་དུ་ཚུད་པ་དེ་ནི་ལྷ་སའི་ལྷ་རམས་པ་དང་རིམ་པ་འདྲ་བ་ལྟ་བུ་ཡིན། དཀྱུས་མ་ལ་ཆ་བཞག་ནའང་རིག་འབྲིང་དང་། རིག་ཆེན་པ། ཕར་ཕྱིན་པ་ཞེས་རང་རང་ལོ་ཚོད་དང་བསྟུན་ཏེ་ཞུགས་དགོས་པ་དང་དེ་རྗེས་མིང་རྟགས་ལེན་དགོས་པ་དེ་ཡང་ཆོ་འཕྲུལ་དུས་ཆེན་སྐབས་དགེ་བཤེས་ཆེ་མོ་བ་དང་དུས་མཚུངས་གྲྭ་ཚང་རེ་ནས་དཀའ་ཆེན་མིང་རྟགས་ལེན་མཁན་བཞི་རེས་མིང་རྟགས་ལེན་དགོས་པ། དེ་བཞིན་ལོ་ལྟར་གྲྭ་ཚང་རེ་ནས་ཕར་ཕྱིན་པ་བརྒྱད་རེ་ཟླ་བ་བཞི་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་སྨན་བླའི་སྒྲུབ་མཆོད་སྐབས་གྲྭ་སྐོར་ལ་སོང་སྟེ་དྲུང་རམས་པའི་མིང་རྟགས་ལེན་དགོས་པ། གཞན་ཡང་ལོ་རེ་ཚོགས་གསོག་པའི་མིང་རྟགས་ལེན་དགོས་པ་སོགས་ལ་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་མཐར་ཕྱིན་པ་གནང་དགོས་པའི་ངེས་པ་མེད། འོན་ཀྱང་རང་རང་མིང་རྟགས་གང་བླངས་ཀྱང་ཐོབ་ཁུངས་མི་ཚན་ལ་མང་ཇ་གཏོང་དགོས་པ་ཙམ་ལས་སློབ་གཉེར་གྱི་བཀག་རྒྱ་ཆེ་བ་མེད་པ་དང་། ཁམས་སོགས་ནས་ཆོས་ཞུགས་བྱས་རིགས་ཀྱི་གྲྭ་པ་སྔགས་ལ་ཞུགས་ནས་སྔགས་རམས་པའི་མཚན་རྟགས་ཙམ་ལས་དེ་མིན་གྱི་མིང་རྟགས་ལེན་མ་དགོས་པའི་དམིགས་བསལ་ཡོད་པ་ལྟ་བུའོ།
ཆུ་འབི་ཟླ་བ་ཚེ་རིང་། བོད་སིལ་བུའི་དུས་རབས་ཀྱི་ལོ་རྒྱུས་ནང་ཧ་ཅང་རྙོག་འཛིང་ཆེ་ལ་ཁ་མི་གསལ་བའི་གནད་དོན་མང་པོ་མཆིས་པས། གཤམ་ལ་བོད་སིལ་བུའི་དུས་རབས་དང་ཐད་ཀའི་འབྲེལ་བ་ཡོད་པའི་གཞི་རྩའི་གནས་ཚུལ་དང་དོགས་གནད་འགའ་ཞིག་སྟེ། སྐུ་ཉིད་ཀྱིས་བརྩམས་གནང་བའི་《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》ཞེས་པའི་དེབ་ཐེར་འདི་ནི་ད་ཕན་ཆེད་གཏད་བོད་སིལ་བུའི་དུས་རབས་ལ་དམིགས་ནས་ཅུང་རྒྱུད་རིམ་ལྡན་པ་དང་རྒྱས་བཤད་གནང་བའི་ལོ་རྒྱུས་དེབ་ཐེར་ཞིག་ཡིན། ཁྱེད་ཀྱིས་མཁྱེན་གཟིགས་ལྟར་ན་བོད་སིལ་བུའི་དུས་རབས་ཀྱི་ལོ་རྒྱུས་ལ་ད་དུང་མུ་མཐུད་ཞིབ་འཇུག་དང་ཁ་སྐོང་བྱེད་དགོས་ན་ཐབས་ལམ་ག་རེ་བེད་སྤྱོད་དགོས་སམ། འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་གསར་རྙེད་བྱུང་ཡོད་དམ།
ནོར་བྲང་ཨོ་རྒྱན། བོད་སིལ་བུའི་ལོ་རྒྱུས་ལ་དཔྱད་པའི་དེབ་ཅིག་ཁོ་བོས་རྩོམ་འབྲི་བྱས་ཏེ་དཔེ་སྐྲུན་བྱས་པ་དེ་ཡང་གཡུ་ཕྲེང་རྩོམ་འབྲིའི་སྐབས་རང་གིས་བྲིས་པ་མཐའ་དག་གཡུ་ཕྲེང་ནང་འཁོད་ཐབས་མེད། གང་ཡིན་ཞེ་ན། དེབ་སྤྱིའི་དགོས་འདུན་ལྟར་སྙིང་བསྡུས་ལས་ཡོངས་རྫོགས་ཚུད་ཐབས་མེད་པར་བརྟེན་སྐབས་དེར་བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་ཁྱོན་ཡོངས་ལ་དཔྱད་པ་བྱས་པའི་འབྲས་བུ་ཡིག་ཐོག་ཏུ་བཀོད་པ་དེ་དག་བག་ལ་ཞ་བ་མི་རུང་པར་བསམས་ནས་བོད་སིལ་བུའི་ལོ་རྒྱུས་ལ་དཔྱད་པའི་ཆེད་རྩོམ་ཁོ་བོས་དངོས་སུ་དཔེ་སྐྲུན་བྱས་པ་དེ་ཡང་སོ་ཕག་དཀྱུར་ནས་གཡང་ཀྲི་འདྲེན་པའི་ས་བོན་དུ་གྱུར་ན་ཅི་མ་རུང་བསམ་སྟེ་ལོ་རྒྱུས་དུམ་བུ་དེའི་སྐོར་སྐབས་དེར་ཁ་སྐོང་བྱེད་འོས་དང་བཅས་དཔྱད་གཞིའི་ས་བོན་ཙམ་དུ་དཔེ་སྐྲུན་བྱས་པ་དེ་ནི་དུས་སྐབས་དེའི་ལོ་རྒྱུས་ཡོངས་སུ་ཆ་ཚང་བ་ཞིག་རྩོམ་འབྲི་ཐུབ་པར་རང་ཉིད་ནས་ངོས་འཛིན་ཞུ་ཡི་མེད། འོན་ཀྱང་གནད་དོན་གང་གི་ཐད་ལ་དོ་སྣང་གནང་དགོས་པ་དང་། ཐབས་ལམ་གང་གི་ཐད་གང་ཞིག་སྤྱོད་དགོས་པའི་སྐོར་ད་ལྟ་ངེས་པ་རྙེད་པའི་བསམ་འཆར་ལེགས་པོ་ཞུ་རྒྱུ་མ་རྙེད་ཀྱང་དེང་དུས་སྔར་དང་མི་འདྲ་བའི་དཔྱད་གཞིའི་ཡིག་ཆ་དང་། འཕྲིན་སྤེལ་བྱ་གཞག་སོགས་ཆ་རྐྱེན་གང་ཐད་སྔར་དང་བསྡུར་ཐབས་མེད་པ་ཕུན་སུམ་ཇེ་ཚོགས་སུ་སོང་བས་བོད་རིགས་པའི་མཁས་དབང་རྣམ་པ་སྙིམ་པ་སྤྱི་བོར་བཀོད་ནས་ལོ་རྒྱུས་དུམ་བུ་འདི་ནི་དོ་སྣང་གནང་དགོས་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད་སྙམ་གྱི་ཡོད། གང་ཡིན་ཞེ་ན། དར་མ་ཡན་གྱི་བཙན་པོ་ཡབ་མེས་མང་པོས་རྒྱུན་རིང་པོར་སྐུ་ངལ་ལ་མ་ལྟོས་པར་འབད་བརྩོན་དང་མཁས་གྲུབ་ལོ་པཎ་མང་པོའི་ཕྱག་རྗེས་བོད་དུ་འཕེལ་རྒྱས་འགྲོ་བཞིན་པའི་སངས་རྒྱས་ཀྱི་བསྟན་པ་དང་། མི་རིགས་ཀྱི་རིག་གནས་ཕུལ་དུ་བྱུང་བ་རྣམས་ལ་གླང་དར་མའི་སྐབས་གཏོར་བཤིག་ཚབས་ཆེན་ཕོག་པ་དང་། མཁས་གྲུབ་ལོ་པཎ་མང་པོ་དང་། རབ་ཏུ་བྱུང་བའི་སྡེ་མང་པོར་ཉམས་ཉེས་ཚད་མེད་པ་བྱུང་བའི་ལོ་རྒྱུས་བསླབ་བྱ་ཡིད་སྐྱོ་དགོས་པ་དེ་ནི་ང་ཚོས་ནམ་ཡང་བརྗེད་མི་རུང་བ་ཞིག་ཡིན་པ་སྨོས་མ་དགོས་པ་མ་ཟད། དེའི་ནང་གི་ལོ་རྒྱུས་ཀྱི་རྨ་ཁའམ་གནད་དོན་འགའ་ཞིག་ནི་ད་ལྟ་ཡང་སླར་གསོ་ཐུབ་མེད་ཅེས་བཤད་ན་མི་འཚམ་པ་མེད་པ་དཔེར་ན། ཐུ་མི་བཀའ་དྲིན་ཅན་གྱིས་ད་ལྟའི་བོད་ཡིག་འདི་ཉིད་ཀྱི་ཡིག་གཟུགས་གསར་གཏོད་གནང་བ་དང་དུས་མཚུངས་དེ་དག་ལག་ལེན་དངོས་ཐོག་ཇི་ལྟར་སྤྱོད་དགོས་པའི་སུམ་རྟགས་ལ་སོགས་པའི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་གསར་དུ་བརྩམས་པ་གཟུར་གནས་མཁས་པ་རྣམས་ཀྱིས་གླེང་བཞིན་པ་དོན་ལ་གནས་པ་བསྙོན་དུ་མེད་པ་འདིའི་ནང་ནས་ད་ལྟ་བཞུགས་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་འཕྲོས་བསྟན་བཅོས་དྲུག་དར་མའི་སྐབས་ནུབ་པས་ད་ལྟ་ང་ཚོས་སུམ་རྟགས་ཀྱི་གནད་དོན་འགའ་ཞིག་གཞུང་དུ་མི་གསལ་བ་མཁས་པའི་མན་ངག་ལ་བརྟེན་དགོས་པའི་ཤུགས་བསྟན་མང་པོ་ཐོན་པ་ད་ལྟ་ཡང་དཀའ་གནད་དེ་དག་སླར་གསོ་ཐུབ་མེད་པ་ལྟ་བུ་ཡིན་སྙམ། དེའི་སྐོར་མཁས་པའི་ཁྱུ་མཆོག་ཁྲོ་རུ་མཁན་ཆེན་མཆོག་ནས་འདི་འདྲ་ཞིག་གསུངས་མྱོང་བ་སྟེ། བོད་ཡིག་གི་སྒྲའི་བསྟན་བཅོས་ད་ལྟ་བཞུགས་མེད་པ་འདི་དག་སྒྲའི་གནས་ཚུལ་ནས་བལྟས་ན་མིང་ལེ་དང་ཡི་གེའི་བསྡུ་བ་སོགས་འདི་དང་འདི་ལྟ་བུ་ཡིན་སྙམ་པ་ཚོར་སྣང་ཡོང་བ་ངས་དེ་དག་གི་གནད་དོན་ཁ་སྐོང་ཐུབ་ན་སྙམ་པའི་འདུན་པ་ཡོད་རུང་ཁོམ་པ་མི་འདུག་གསུངས་པ་རང་གི་བློ་ལ་ད་ལྟ་ཡང་ངེས་པ་ལྟ་བུ་ད་དུང་མང་པོ་ཞིག་མཆིས་སྲིད་པ་འདི་དག་ད་ལྟ་བཞུགས་པ་དོན་དམ་མཁས་པ་རྣམས་ནས་ཐུགས་བསྐྱེད་བཞེས་ཐུབ་པ་བྱུང་ན་བོད་ཀྱི་རིག་གནས་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་ཡོང་རྒྱུ་གདོན་མི་ཟ་བ་གང་དྲན་གྱི་ཚུལ་དུ་ཞུས་པ་དོན་ལ་གནས་མིན་བརྟག་དཔྱད་གནང་རོགས་གནང་ཞུ་རྒྱུ།
ཆུ་འབི་ཟླ་བ་ཚེ་རིང་། སྐུ་ཉིད་ཀྱིས་བརྩམས་གནང་མཛད་པའི་《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》ཞེས་པ་དེ་ནི་བོད་སིལ་བུའི་ལོ་རྒྱུས་ཐད་བརྒྱུད་རིམ་ལྡན་ཞིང་ཡིད་རྟོན་འཕེར་བའི་ཞིབ་འཇུག་འབྲས་བུ་ཞིག་རེད་འདུག དེབ་ཐེར་འདིའི་དཔྱད་གཞིའི་ཐད་སྐབས་དེ་དུས་ཡོངས་ཁྱབ་སུ་མཐོང་སྣང་དུ་མ་གྱུར་བའི་དཔེ་རྒྱན་དཀོན་པོ་ག་རེ་བེད་སྤྱད་ཡོད་དམ།
ནོར་བྲང་ཨོ་རྒྱན། དཔྱད་གཞིའི་ཐད་ཁོ་བོས་དར་མའི་འཁྲུངས་འདས་ལོ་ཚིགས་ལ་སོགས་པའི་གནད་དོན་སྐབས་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་དང་། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་བསྟན་པའི་རྒྱལ་མཚན། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བསྟན་པ་སྤྱིའི་ཆོས་འབྱུང་། བོན་གྱི་དར་རྒྱས་གསལ་སྒྲོན། ས་ཆེན་གྲགས་པའི་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས། ཀ་ཐོག་ཚེ་དབང་ནོར་བུས་མཛད་པའི་བོད་རྗེ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ལ་སོགས་པ་དང་། བསྟན་པ་ཕྱི་དར་སྐབས་བོད་དུ་མཁས་གྲུབ་ལོ་པཎ་ཇི་ལྟར་བྱོན་པའི་སྐོར་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེའི་བསྟནའགྱུར་དཀར་ཆག་གཙོ་བོར་བཟུང་བ་བཅས་ཡིག་ཆ་དེ་དག་ནི་ཤིན་ཏུ་ཡིད་རྟོན་རུང་བའི་ཡིག་ཆ་ཤ་སྟག་གོ
ཆུ་འབི་ཟླ་རིང་བ་ཚེ་། 《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》ཞེས་པའི་ནང་། “མཁས་པ་ལྡེའུའི་ཆོས་འབྱུང་ལས་བརྩམས་དུས་ཅུང་ཕྱི་བ་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་བསྟན་པའི་རྒྱ་མཚོ་”ཞེས་བཀོད་འདུག་པས། མཁས་པ་ལྡེའུ་ཇོ་སྲས་ཞེས་པ་ཡང་སྙིང་མི་གཅིག་ཡིན་ནམ་ཡང་ན་ཐ་དད་ཡིན། དེར་སྒྲུབ་བྱེད་གང་ཡོད་དམ།
ནོར་བྲང་ཨོ་རྒྱན། མཁས་པ་ལྡེའུ་དང་ལྡེའུ་ཇོ་སྲས་ཞེས་པ་ནི། ཁོང་གཉིས་ཡབ་སྲས་ཀྱི་འབྲེལ་བ་ཡིན་པ་ལས་མི་གཅིག་མ་ཡིན་པ་གཏན་འཁེལ་གྱིས་བཤད་ཆོག་སྙམ། གང་ཡིན་ཞེ་ན། ལོ་རྒྱུས་ཐོག་མཁས་པ་མང་པོའི་རྣམ་ཐར་ལ་གཞིགས་ན་བླ་སློབ་ཡབ་སྲས་ཀྱི་འབྲེལ་བ་དང་། གདུང་རྒྱུད་ཡབ་སྲས་ཀྱི་འབྲེལ་བའི་ཐད་ནས་ཕན་ཚུན་གཞོགས་འདེགས་སམ་རྒྱབ་སྐྱོར་གནང་རེས་ཀྱི་གནས་ཚུལ་རྟག་པར་མངོན་པ་བཞིན་འདི་གཉིས་ནི་གདུང་རྒྱུད་ལྡེའུ་ལས་བྱུང་བའི་ཡབ་སྲས་ཀྱི་འབྲེལ་བ་ཞིག་ཡིན་པ་མཁས་པ་ལྡེའུ་དང་ལྡེའུ་ཇོ་སྲས་ཞེས་པ་མངོན་པར་གསལ་བ་གདུང་རྒྱུད་ཡབ་སྲས་ཏེ་མི་གཉིས་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་ཡིན། སྒྲུབ་བྱེད་ནི་གོང་དུ་མཚན་གྱི་རྣམ་གྲངས་དང་། ཆོས་འབྱུང་དེ་གཉིས་ཀྱི་ནང་དོན་ཐད་གཞི་མཐུན་པའི་གནད་དོན་མང་པོ་ཡོད་པ་ལྡེའུ་ཇོ་སྲས་ཀྱི་དཔེ་སྐྲུན་གསལ་བཤད་ནང་བཤད་པ་དེ་ནི་དོན་ལ་གནས་པ་དེ་ཡང་མཁས་ཁ་ལྡེའུས་མཛད་པའི་ཆོས་འབྱུང་ནང་ཅུང་ཟད་ཞལ་མི་གསལ་བ་དང་། ཆ་མི་ཚང་བ་ཇོ་སྲས་ཀྱི་ཞབས་འདེགས་ཁ་སྐོང་གི་ཚུལ་དུ་གསུངས་པ་གོར་མ་ཆག་པ་དེས་མཚོན་ནུས་པ་ལྟ་བུའོ།
ཆུ་འབི་ཟླ་བ་ཚེ་རིང་། ཡ་ཚེ་རྒྱལ་རབས་ཞེས་པའི་ས་ཁོངས་དང་ཟངས་དཀར་ཞེས་པའི་ས་མིང་ཐད་དགོངས་འཆར་ག་རེ་ཡོད་དམ།
ནོར་བྲང་ཨོ་རྒྱན། འོད་སྲུངས་ཀྱི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་བར་པ་བཀྲ་ཤིས་ལྡེ་མགོན་གྱི་མངའ་ཁོངས་ནི་ཞང་ཞུང་དང་ཡ་རྩེ། ཆུང་བ་ལྡེ་གཙུག་མགོན་གྱི་མངའ་ཁོངས་ནི་ཟངས་དཀར་སྒོ་གསུམ། སྤི་ཏི། སྤི་ལྕོག་བཅས་ཡིན་པར་གསལ་བ་དེས་ན་འདི་གཉིས་ནི་བཙན་པོའི་གདུང་རྒྱུད་གཉིས་ཀྱི་མངའ་ཁོངས་ཐ་དད་པ་ཡིན་སྙམ་ལགས།
ཆུ་འབི་ཟླ་བ་ཚེ་རིང་། གསང་སྔགས་སྔ་འགྱུར་གྱི་ཆེ་བ་རྫོགས་པ་ཆེན་པོའི་གཞུང་དང་རྫོགས་ཆེན་གྱི་ཐ་སྙད་དེ་བཙན་པོའི་དུས་རབས་སུ་བྱུང་ཡོད་མེད་དེ་དང་བོད་སིལ་བུའི་སྐབས་རྙིང་མའི་གྲུབ་མཐའི་ནང་དུ་རྫོགས་པ་ཆེན་པོས་གནས་བབས་ག་རེ་བཟུང་ཡོད་དམ།
ནོར་བྲང་ཨོ་རྒྱན། འོད་གསལ་རྡོ་རྗེ་སྙིང་པོ་ཟབ་དོན་མན་ངག་རྫོགས་པ་ཆེན་པོའི་གདམས་པ་དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་རིག་འཛིན་དགའ་རབ་རྡོ་རྗེ་སངས་རྒྱས་མི་གཟུགས་སུ་བྱོན་ཏེ་ཐེག་དགུའི་ཡང་རྩེ་ཟབ་གསང་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཆོས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་ནས་པཎ་ཆེན་འཇམ་དཔལ་བཤེས་གཉེན་ལ་གནང་བ་ནས་བརྒྱུད་དེ། རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེང་ཧཱ། ཨོ་རྒྱན་སངས་རྒྱས་གཉིས་པ། ཁ་ཆེའི་པཎ་ཆེན་བི་མ་ལ་མི་ཏྲ་སོགས་ཟག་མེད་འོད་སྐུར་གཤེགས་ཏེ་འཕོ་ཆེན་ཟུང་འཇུགགི་སྐུར་བཞེངས་པའི་མི་སློབ་པའི་གང་ཟག་དུ་མར་སྙན་ནས་སྙན་དུ་བརྒྱུད་པ་བར་མ་ཆད་པ་གླང་དར་གྱི་དུས་སུ་ཡང་སངས་རྒྱས་ཀྱི་མདོའི་བསྟན་པ་སྤྱི་དང་། གཙུག་ལག་ཁང་། སྐུ་རྟེན་དང་། ལྷག་པར་གསུང་རྟེན་ལ་རྨེག་མེད་རང་བཞིན་གྱི་གཏོར་བཤིག་འཕོག་པ་དེ་ལྟ་ན་ཡང་། གོས་དཀར་ལྕང་ལོའི་སྡེ་གླགས་མ་རྙེད་པ་དཔེར་ན། མཁས་པའི་དགའ་སྟོན་ནང་འདི་འདྲ་ཞིག་གསལ་བ། སྣུབས་སངས་རྒྱས་ཡེ་ཤེས་ལྷ་སར་བཀུག་ནས་གླང་དར་གྱིས་ཁྱོད་སུ་ཡིན་ལས་ཅི་བྱེད་པ་ཡིན་དྲིས་པས་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་ང་དཀོན་མཆོག་སྔགས་པ་བྱ་བ་ཡིན་བྱས་པས། འོ་ན་ངས་སངས་རྒྱས་ཀྱི་བསྟན་པ་བཤིག་ཟིན་གྱིས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བར་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིག་མཛུབ་གནམ་དུ་འཕྱར་བས་སྡིག་མཛུབ་ཀྱི་སྟེང་ན་སྡིག་པ་ནག་པོ་གཡག་གྲུས་པ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཅེས་ཟེར་བའི་ལོ་རྒྱུས་ཤིག་ཡོད་པ་དེའི་ཐོག་ནས་གོས་དཀར་ལྕང་ལོའི་སྡེ་གླགས་རྙེད་མ་ཐུབ་པས་རྫོགས་པ་ཆེན་པོའི་གདམས་པ་མུ་མཐུད་གནས་པ་ཕྱིས་རྒྱལ་བ་ཀློང་ཆེན་རབ་འབྱམས་པས་རྫོགས་པ་ཆེན་པོའི་ཉམས་བཞེས་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་པ་བྱུང་བའི་ལོ་རྒྱུས་ནས་མཚོན་ཐུབ་པ་རྙིང་མའི་ཆོས་ལུགས་ནང་ཐེག་དགུའི་ཡང་རྩེ་ཟབ་གསང་རྫོགས་པ་ཆེན་པོ་ནི་གསང་བའི་ནང་གི་སྙིང་པོ་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མ་དགོས་པ་ཡིན་སྙམ་མོ།
ཆུ་འབི་ཟླ་བ་ཚེ་རིང་། རྙིང་མ་ཞེས་པའི་གྲུབ་མཐའ་དེར་ངེས་ཚིག་ཇི་ལྟར་འཇོག་ན་ལེགས་སམ།
ནོར་བྲང་ཨོ་རྒྱན། གྲུབ་མཐའ་དེ་ནི་འཁོར་བའི་སྡུག་བསྔལ་སེལ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དཀར་འཇམ་ཡུགས་གཅིག་ཏུ་བརྡལ་ནས། ཆོས་ཐེག་དགུ་འཛོམས་པར་སངས་རྒྱས་ཀྱི་བསྟན་པའི་ལུས་ཚང་བ། གྲུབ་མཐའ་ང་ཁྱོད་ཀྱི་ཕྱོགས་རིས་མེད་པས་བསྟན་པ་ཐམས་ཅད་གཅིག་ཏུ་བསྡུས་པ། བཤད་སྒྲུབ་གཉིས་ལྡན་དུ་འབྱུང་བ། མདོ་སྔགས་ཟུང་དུ་འཆད་པས་ལྟ་སྤྱོད་ཡ་མ་བྲལ་བའི་སྔ་འགྱུར་རྙིང་མའི་ཆོས་ཞེས་ངེས་ཚིག་དེ་ལྟར་བཞག་ན་འགྲིག་གམ་སྙམ་ལགས།
ཆུ་འབི་ཟླ་བ་ཚེ་རིང་། སྤྱི་ལོ་༡༩༨༨ནས་སྤྱི་ལོ་༡༩༩༤ལོ་དབར་ལོ་ངོ་དྲུག་རིང་སྐུ་ཉིད་ཀྱིས་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ཞེས་པའི་སྒྲིག་རྩོམ་གྱི་ལས་དོན་ལ་བཞུགས་པ་མ་ཟད། གྲགས་ཅན་དེབ་ཐེར་དེའི་ཁོངས་ཀྱི་བོད་སིལ་བུའི་དུས་རབས་དང་ཕག་གྲུའི་དུས་རབས་སོགས་ཀྱི་རྩོམ་སྒྲིག་གཙོ་འགན་ནི་སྐུ་ཉིད་ནས་བཞེས་གནང་འདུག སྐུ་ཉིད་ཀྱིས་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་མཉམ་ལས་ཇི་ལྟར་གནང་ཡོད་དམ། དེབ་ཐེར་དེར་“གཡུ་ཡི་ཕྲེང་བ”ཞེས་མིང་འདོགས་གནང་བ་དང་ཐོག་མའི་པར་གཞིའི་ཁ་ཤོག་གི་ཚོས་གཞི་ཡང་གཡུ་མདོག་ཏུ་སྣང་བས། དེར་དམིགས་བསལ་གྱི་མཚོན་དོན་ག་རེ་ཡོད་དམ།
ནོར་བྲང་ཨོ་རྒྱན། དང་ཐོག་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཕྱོགས་སྒྲིག་བྱ་རྒྱུ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་ནས་དགའ་ལྡན་ཕོ་བྲང་པའི་དུས་སྐབས་ཏེ་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་རྩོམ་འབྲི་གནང་དགོས་པའི་ལས་འགན་ཤིན་ཏུ་ལྕི་བ་ཞིག་ཡིན་སྟབས་མཁས་དབང་ཆབ་སྤེལ་མཆོག་སྐུ་རྐྱང་གིས་བསྒྲུབ་ཐབས་མེད་པའི་དོན་དངོས་ལ་བརྟེན་ནས་ཆབ་སྤེལ་མཆོག་གི་དགོངས་འཆར་ལྟར། ཁོང་གི་ཕྱག་རོགས་སུ་ང་རང་ཉིད་བཀའ་བསྐོས་གནང་བྱུང་། ང་གཉིས་ཀྱི་ལས་བགོས་སྐོར་ཆབ་སྤེལ་མཆོག་གི་དགོངས་གཞི་ལྟར་ལོ་རྒྱུས་ཀྱི་གལ་ཆེའི་ལྷུ་ཚིགས་ཐམས་ཅད་ཆབ་སྤེལ་མཆོག་ནས་འགན་བཞེས་གནང་ཞིང་། ལོ་རྒྱུས་ཀྱི་གནད་དོན་ཅུང་གལ་མི་ཆེ་བ་རང་ཉིད་ནས་འབྲི་རྒྱུ་དང་ལས་དོན་རྩག་རྩིག་རང་གི་བསྒྲུབ་དགོས་པར་གཏན་འཁེལ་གནང་བའི་དོན་བཞིན་རང་གི་ལས་འགན་ཐད་བཙན་པོའི་དུས་སྐབས་སྲོང་བཙན་སྐུ་དུས་ཀྱི་ཁོད་བཤམས་པའི་ཁྲིམས་སྲོལ་དང་། ད་ལྟའི་བོད་ཡིག་འདི་ཉིད་ཐུ་མའི་བཀའ་དྲིན་ཅན་གྱིས་གསར་གཏོད་ཇི་ལྟར་མཛད་པའི་སྐོར། བོད་སིལ་བུའི་ལོ་རྒྱུས་ཆ་ཚང་། སྡེ་སྲིད་ཕག་མོ་གྲུ་བའི་སྐབས་ཀྱི་ལོ་རྒྱུས་ཆ་ཚང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལོ་རྒྱུས་བཅས་རྩོམ་འབྲི་བྱ་རྒྱུ་རང་ཉིད་ལ་འགན་དཀྲི་གནང་བ་ལྟར་བསྒྲུབ་ཅིང་། ལས་དོན་དངོས་ནང་ཕན་ཚུན་བསམ་འཆར་བརྗེ་རེས་དགོས་ངེས་རིགས་ལ་འཛེམ་ཟོན་མེད་པར་ཞུས་པ་བཅས་གང་ལྟར་དེབ་འདིའི་རྩོམ་འབྲི་སྒོ་ནས་མཇུག་བར་ལེགས་པོ་ཞིག་བྱུང་སོང་སྙམ་ལགས། དེ་ནས་《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ》ཞེས་པའི་དེབ་ཀྱི་ཁ་དོག་གཡུ་ཡི་མདོག་ཏུ་བྱས་པ་དེ་ནི་སྤྱིར་བཏང་མཛེས་ཆོས་ཀྱི་གནད་དོན་ཞིག་མིན་པ་དེ་ལ་རྒྱུ་མཚན་ངེས་པ་ཅན་བརྗོད་རྒྱུ་ཡོད་པ་ཞིག་རེད། དེ་ཡང་བོད་རྗེ་སྲོང་བཙན་སྒམ་པོས་ཞང་ཞུང་དབང་དུ་བསྡུས་ཏེ་བོད་ཁམས་གཅིག་གྱུར་གནང་བའི་མཛད་པའི་ནང་ནས་སྐབས་དེར་སྐུའི་སྲིང་མོ་སད་མ་དཀར་ཞང་ཞུང་རྒྱལ་པོ་ལིག་མི་རྒྱའི་ཁབ་ཏུ་གནང་བ་ཞང་ཞུང་དུ་བཞུགས་སྐབས་སྲོང་བཙན་སྒམ་པོར་ཕུལ་བའི་གསུང་མགུར་དང་། ཆབས་ཅིག་འབུལ་རྟེན་ཕྱག་རྒྱས་མནན་པའི་ནང་བོད་གཡུ་རྙིང་མ་ཧ་ཅང་ལེགས་པ་སུམ་ཅུ་ཙམ་ཞིག་བླུགས་ཡོད་པ་གཟིགས་པས་གསུང་མགུར་གྱི་གབ་ཚིག་དང་གཡུ་བསྐུར་གནང་གི་དོན་ལ་ཡང་ཡང་དགོངས་པ་བཞེས་པའི་མཐར་སྲིང་མོའི་དགོངས་པ་མཁྱེན་རྟོགས་ཐུབ་སྟེ་བློན་པོ་རྣམས་ལ་བཀའ་བསྩལ་པ། རང་རེས་ཞང་ཞུང་ལིག་མི་རྒྱ་ལ་ཕར་རྒོལ་བྱེད་ཕོད་ན་དཔའ་རྟགས་མགོ་བོར་གཡུ་ཐོགས་ཤིག གལ་ཏེ་ཕར་རྒོལ་བྱེད་མ་ཕོད་ན་བུད་མེད་དང་འདྲ་བས་ཞུ་གྱོན་ཅིག་ཟེར་བར་གདའ་གསུངས་ཏེ་ཕར་རྒོལ་མཛད་པས་ཞང་ཞུང་དབང་དུ་བསྡུས་ཏེ་བོད་ཁམས་ཡོངས་རྫོགས་བཙན་པོའི་ཆབ་འོག་ཏུ་གཅིག་གྱུར་བཟོ་བའི་མཛད་པ་བླ་ན་མེད་པ་བསྟན་པའི་དཔེ་དང་། བཀའི་ཕྱག་རྒྱའི་ཡི་གེའི་ནང་གཡུ་ཡིག་ནི་ཨང་དང་པོར་འཇོག་པ། གནའ་རབས་གཡུ་ནི་རང་ཅག་བོད་མི་ཀུན་གྱི་རྒྱན་དུ་བྱེད་པ་དང་། རྣ་རྒྱན་དུ་གཡུ་འདོགས་པ་དཔའ་བོའི་ཆ་བྱད་དང་། དེ་བཞིན་དུ་གཙུག་གཡུ། བླ་གཡུ་ཞེས་གཡུ་ལ་གཙིགས་ཆེར་འཛིན་པའི་གོམས་གཤིས་དང་། གཞན་ཡང་ལོ་རྒྱུས་དེབ་ཐེར་གྱི་མིང་ལ་བེེ་སེར་དང་། བེེ་སྔོན། བེེ་དཀར། རིན་ཆེན་ཕྲེང་བ་ལྟ་བུ་མང་དུ་མཆིས་པ་ལྟར་སྐབས་འདིར་བོད་ཀྱི་ལོ་རྒྱུས་ཁྱོན་ཡོངས་གསལ་བའི་དེབ་ཐེར་འདི་ཡང་གཙིགས་ཆེར་འཛིན་དགོས་པའི་དགོས་པ་དམིགས་བསལ་ཅན་གྱིས་གཡུ་ཡི་ཕྲེང་བ་ཞེས་མིང་བཏགས་པ་དང་མཚུངས་པ་དེ་ལྟ་བུ་ནི་དགོས་པ་དམིགས་བསལ་ཅན་ཡོད་པ་ཞིག་ཡིན་པ་མ་ཟད། སྐབས་དེར་དེའི་སྐོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་ཁྲིད་ལ་དགོངས་སྐོར་ཞུས་ཏེ་དེ་དོན་ཆོག་པའི་བཀའ་འཁྲོལ་བ་མ་ཟད། དེབ་ཐེར་འདི་ནི་ཡིག་ཆ་གཞན་དག་དང་མི་འདྲ་བ་རྒྱལ་ཁབ་རིམ་པའི་དེབ་ཅིག་ཡིན་པ་བཅས་སྤྱིར་བཏང་བྱས་ན་གང་བྱུང་དུ་དེབ་ཀྱི་ཚོས་གཞི་བསྒྱུར་བ་སོགས་ནི་མི་རུང་བ་ཞིག་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ། དེབ་ཐེར་འདི་ཉིད་ཡང་བསྐྱར་དཔེ་སྐྲུན་བྱེད་སྐབས་རྒྱུ་མཚན་གང་ཡང་མེད་པར་དེབ་ཀྱི་ཁ་དོག་ཤ་མདོག་ཏུ་བསྒྱུར་འདུག་པ་རང་ཉིད་ཀྱི་མིག་ལམ་དུ་མངོན་སྐབས་བློ་མི་བདེ་བ་བྱུང་བ་མ་ཟད། དེབ་འདིའི་ཕྱོགས་སྒྲིག་གནང་མཁན་གྱི་གཙོ་བོ་མཁས་དབང་ཆབ་སྤེལ་མཆོག་ལ་དེའི་གནས་ཚུལ་ཞུས་ཤག་སྙམ་ཡང་། ཁོང་གིས་ཀྱང་དེ་སྐོར་མཁྱེན་རྟོགས་བྱུང་མེད་པ་ཐུགས་ཕམ་པའི་རྣམ་པ་ཞིག་མངོན་གྱི་འདུག སྤྱིར་བཏང་ནས་བཤད་ན། དེབ་གང་འདྲ་ཞིག་ཡིན་རུང་བསྐྱར་སྐྲུན་དགོས་པའི་སྐབས་སྔར་གྱི་རྩོམ་པ་པོ་ལ་བློ་འདྲི་བྱེད་དགོས་ངེས་ཡིན་པ་དེ་ཡང་སྐྱར་བསྐྲུན་སྐབས་ནང་དོན་ལ་བཟོ་བཅོས་བྱེད་སྐབས་མེད་ཀྱང་དེ་སྔའི་དཔེ་སྐྲུན་སྐབས་ཡིག་ནོར་སོགས་ཡོད་ན་བསྐྱར་སྐྲུན་སྐབས་བཟོ་བཅོས་བྱེད་དགོས་པ་ལྟ་བུ་ཡིན། དཔེར་ན། རང་ཉིད་ནས་ཕྱོགས་སྒྲིག་བྱས་པའི་གྲུབ་མཐའ་ཁག་གི་ཞལ་འདོན་ཕྱོགས་སྒྲིག་ལྟ་བུར་མཚོན་ན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཡང་ཡང་བསྐྱར་སྤར་སྐབས་ཁོ་བོར་སྤྲོ་འདྲི་གནང་བས་ཡིག་ནོར་བཟོ་བཅོས་བྱེད་དགོས་ངེས་འཐུས་ཚང་བྱས་པ་ལྟ་བུའོ།
ཆུ་འབི་ཟླ་བ་ཚེ་རིང་། དེ་སྔ་སྐུ་ཉིད་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་འགན་འཁུར་གནང་རིང་བོད་ཡིག་དཔེ་རྙིང་གི་བྱ་གཞག་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་ཀྱི་སྐུང་ཡིག་ལ་ཞིབ་འཇུག་དཔྱད་པ་གཏིང་ཟབ་གནང་ཡོད། ད་རུང་སྐུ་ཉིད་ལ་བོད་ཀྱི་སྐུང་ཡིག་ཐད་དགོངས་འཆར་གསར་པ་ག་རེ་ཡོད་དམ།
ནོར་བྲང་ཨོ་རྒྱན། སྐུང་ཡིག་གི་གནད་དོན་འདིའི་ཐད་སྔར་རང་གིས་དཔྱད་པ་བྱས་པ་དེས་སྐུལ་མ་ཐེབས་པ་ལྟ་བུས་ཕྱིས་རིག་པའི་གནས་འདི་ལ་ཐུགས་སྣང་གནང་མཁན་མི་ཉུང་བ་ཞིག་མཆིས་པ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན་པ་མ་ཟད། སྐུང་ཡིག་གི་དཔེ་མཚོན་ཚིག་མཛོད་ལྟ་བུ་ཡང་མང་པོ་དྲན་དབང་རྣམ་པས་བརྩམས་པ་ཡང་མཇལ་རྒྱུ་འདུག་པ་ནི་བློ་གསར་གཞོན་ནུ་ཚོར་ལྟོས་ན་བློ་སྒོ་འབྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་གདོན་མི་ཟ་བ་ཡིན། རང་ངོས་ལ་ལྟོས་ན། སྔར་བྲིས་ཟིན་པའི་དཔྱད་གཞི་དེ་ལྷག་ད་ཕན་འབྲི་ཐུབ་པ་བྱུང་མ་སོང་རུང་། ཕྱིས་སྐུང་ཡིག་གི་སྐབས་ཞལ་འདོན་གྱི་གླེགས་བམ་བྲིས་མ་མང་པོ་མཇལ་བའི་ནང་སྐུང་ཡིཤིན་ཏུ་མང་པོ་ཐོན་པ་མ་ཟད། ཞལ་འདོན་ཀློག་མཁན་མང་པོས་སྐུང་ཡིག་དེ་སྐབས་འཕྲལ་བཀྲལ་ཏེ་ཞལ་འདོན་གནང་བཞིན་མཆིས་པ་སྔར་རང་གིས་སྐུང་ཡིག་གི་རྣམ་གཞག་བྲིས་པ་དེ་ལ་ད་དུང་ཁ་སྐོང་དང་བཅས་ཚགས་ཚུད་པ་ཞིག་བྱེད་དགོས་སྙམ་ཡང་རང་ཉིད་དེང་སྐབས་རྟ་ཆུང་ལ་བཞོན་བདེ་དང་མི་ཆུང་ལ་སྐུལ་བདེའི་དཔེ་ལྟ་བུ་ལས་བྲེལ་གྱི་རྐྱེན་པས་ཁ་སྐོང་དགོས་ངེས་ཀྱང་ཟོམ་འཇོག་ཏུ་ལུས་པ་འདི་སྐོར་ཞིབ་འཇུག་གནང་མཁན་འདྲ་བྱུང་ན་རང་ངོས་ནས་གཞོགས་འདེགས་གང་ཐུབ་ཞུ་རྒྱུའི་འདུན་པ་ཡོད་ལགས།
ཆུ་འབི་ཟླ་བ་ཚེ་རིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་རྩིས་རྒྱག་གི་རིགས་པའི་གཞུང་ལུགས་རྡེའུའི་རྩིས་གཞུང་ལ་རྒྱུས་མངའ་ཡོད་པའི་མཁས་དབང་རྒན་གྲས་ད་ལྟ་སྐུ་འཚོ་བཞུགས་གནང་བཞིན་པ་སྐུ་ཉིད་ཀྱི་མཁྱེན་གསལ་ལྟར་ན་སུ་དང་སུ་ཡོད་དམ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་རྩ་ཆེན་འདིར་སློབ་སྦྱོང་བྱེད་དགོས་ན་རྨང་གཞིའི་ཤེས་བྱ་གང་དང་གང་མཁོ་དགོས་སམ།
ནོར་བྲང་ཨོ་རྒྱན། བོད་ཀྱི་ཐུན་མོང་མིན་པའི་དཔལ་འབྱོར་རྩིས་གཞིའི་རིགས་པའི་གཞུང་ལུགས་ནི་སྲོལ་རྒྱུན་གྱི་རིག་པའི་གནས་གལ་ཆེན་ཞིག་ཡིན། འོན་ཀྱང་དཔལ་འབྱོར་གྱི་རྩིས་གཞི་ཆ་ཚང་བ་སྤྱི་ཚོགས་འཕོ་འགྱུར་ལ་བརྟེན་ནས་དེང་སྐབས་དངོས་སུ་བེད་སྤྱོད་ཀྱི་རིན་ཐང་མི་ལྡན་པ་ལྟ་བུས་དེང་སྐབས་དེ་སྐོར་མཉམ་འཇོག་གནང་མཁན་ཉིན་མོའི་སྐར་མའི་ཚུལ་ལྟ་བུས་དེང་སྐབས་དེ་སྐོར་མཁྱེན་མཁན་བགྲེས་རབས་ཧ་ཅང་ཉུང་བས་ངོས་རང་ལ་ལྟོས་ན་ལྟེ་པོའི་ནང་གི་གཟུགས་བཟང་ལྟ་བུའི་གནས་མཆིས་པ་སེམས་སྐྱོ་དགོས་པའི་གནས་སུ་ཐུག་འདུག དཔལ་འབྱོར་གྱི་རྩིས་གཞི་དེ་ནི་བསྒྱུར་བགོས་དབྲི་བསྣན་དུས་གཅིག་ཏུ་དེ་དག་གི་ངན་ངག་ངག་སྐྱོར་ལ་བརྟེན་ནས་བདེ་བླག་བྱེད་ཐུབ་པ་མ་ཟད། དཔལ་འབྱོར་གྱི་རྣམ་གྲངས་མང་པོ་གཅིག་ཏུ་རྩིས་བྱང་ཐོག་རྣམ་གྲངས་གང་ཡོད་བཀོད་པ་བསྒྱུར་བཀོད་དབྲི་བསྣན་གང་དགོས་བྱེད་ཐུབ་པ་དང་། ལྷག་པར་རྩིས་གཞི་དེའི་ཆ་ཕྲ་བའི་གནས་ཚུལ་ནས་བཤད་ན། དེའི་ཆ་ཤས་ཀྱི་བརྒྱ་ཉི་ཤུའི་བགྲོས་ལ་གཞིགས་ནས་བརྩི་ན་ཧྲིལ་གྲངས་ཤིག་དུམ་བུ་ཆ་ཤས༢༩༨༥༩༨༤༠༠༠༠༠༠སིལ་ཐུབ་པ་འདི་ལྟ་བུའི་རྩིས་གཞི་ཤིན་ཏུ་ཕྲ་བ་འཛམ་གླིང་ན་མེད་ཅེས་བཤད་ཆོག་པ་ཡིན་པ་བཅས་དེང་སྐབས་སྤྱི་ཚོགས་ཐོག་རྩིས་གཞུང་དེ་དག་དངོས་སུ་ཕན་ཐོགས་ཡོད་མེད་གང་ལྟར་ན་ཡང་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་བའི་བོད་ཀྱི་ཐུན་མོང་མིན་པའི་དཔལ་འབྱོར་གྱི་རྩིས་གཞི་རིག་པའི་གནས་འདི་ལྟ་བུ་རྩ་སྟོང་སོང་ན་ནམ་ཡང་མི་འགྲིག་པ་ནི་ཞུ་ག་ལ་དགོས། གལ་སྲིད་འདི་སྐོར་ཐུགས་གནང་གནང་མཁན་འདྲ་ཡོད་ན་རང་ངོས་ནས་འཁོས་དཔགས་ཞབས་འདེགས་ཞུ་རྒྱུར་སེམས་ཐག་བཅད་ཡོད་ཞུ་རྒྱུ་ལགས།
ཆུ་འབི་ཟླ་བ་ཚེ་རིང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་འདུས་བྱུང་པ་ཀུན་དགས་བརྩམས་གནང་བའི་《རྡེའུའི་རྩིས་གཞུང་སརྒ་བརྒྱད་ལ་དག་ཐེར་བྱས་པ་རབ་སྦྱངས་གསེར་གྱི་མེ་ལོང་》ཞེས་པའི་མ་དཔེ་དེ་ཁྱེད་ཀྱི་མཁྱེན་གསལ་ལྟར་ན་རང་ལྗོངས་ཀྱི་ཡིག་ཚགས་ཚན་པའམ་ལས་ཁུངས་གང་དུ་བཞུགས་ཡོད་དམ།
ནོར་བྲང་ཨོ་རྒྱན། 《རྡེའུའི་རྩིས་གཞུང་སརྒ་བརྒྱད་ལ་དག་ཐེར་བྱས་པ་རབ་སྦྱངས་གསེར་གྱི་མེ་ལོང་》ཞེས་པའི་མ་དཔེ་དེ་ནི་རང་ཉིད་སྤྱི་ལོ་༡༩༨༤ལོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་ལོ་འཁོར་གཅིག་རིང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཆེད་བཙུགས་འཛིན་གྲྭའི་དགེ་རྒན་དུ་འགྲོ་སྐབས་སློབ་གླིང་དེའི་དཔེ་མཛོད་ཁང་དུ་སྔར་གྱི་མ་དཔེ་དཔེ་ཐུང་ཆ་ཚང་བཞུགས་པ་ཁོ་བོས་བསྐྱར་པར་བགྱིས་པ་དེ་ལས་ཡང་བསྐྱར་པར་བ་ཆ་ཚང་གཅིག་རྩེ་ཕོ་བྲང་གི་དཔེ་མཛོད་ཁང་དུ་ཕུལ་བ་དེ་ལྷག་ཡོད་པ་མ་མཐོང་ཞིང་། རྒྱ་གར་ནས་དཔེ་རྙིང་མང་པོ་མི་ཉག་ཨ་ཐིང་ཞུ་བ་ཞིག་གིས་པར་སྐྲུན་གནང་བ་དེའི་ནང་དུ་གཞུང་དེ་བྲིས་མ་ཞིག་འདུག་པ་ལས་དེ་མིན་གྱི་དཔེ་མཛོད་ཁང་དུ་བཞུགས་པ་བདག་གིས་མ་མཐོང་ཞིང་། དགོས་པ་བྱུང་ན་རང་གིས་དེའི་མ་དཔེ་ད་ལྟ་ཡང་ཉར་འཇོག་བྱས་ཡོད་པ་སུ་ལ་མཁོ་ཡང་གཡར་པོ་འབུལ་འདུན་ཡོད་ལགས།
ཆུ་འབི་ཟླ་བ་ཚེ་རིང་། 《གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་འཇུག་པའི་གྲུ་ཆེན》ལས་འཕྲོས་པའི་བོད་ཀྱི་མི་རིགས་དཔལ་འབྱོར་འཕེལ་རྒྱས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་མང་པོ་ཐོན་ཐུབ་པ་ནི་སྐུ་ཉིད་ཀྱི་དོན་སྙིང་རིན་ཐང་ཆེན་པོ་ལྡན་པའི་དགོངས་འཆར་རེད་འདུག གནད་དོན་འདི་དང་ཆ་འདྲ་བར་ཕྱིས་འབྱུང་ང་ཚོས་ཞིབ་འཇུག་བྱེད་དུས་དོ་གལ་ཇི་ལྟར་བྱེད་དགོས་སམ།
ནོར་བྲང་ཨོ་རྒྱན། 《གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་འཇུག་པའི་གྲུ་ཆེན》ནང་གསལ་བ་ལྟ་བུ་སྔ་རབས་རིག་གནས་འཛུགས་སྐྲུན་སོགས་ལ་ཞིབ་འཇུག་བྱེད་སྐབས་སྐབས་དེའི་དངུལ་གྱི་རིན་ཐང་འབྲུ་རིགས་ལ་ཕབ་པ་དེའི་ཐོག་ནས་སྐབས་སོ་སོའི་དཔལ་འབྱོར་གྱི་གནས་ཐང་གསལ་པོར་རྟོགས་ཐུབ། གལ་སྲིད་དེ་ལྟར་མ་ཡིན་པ་དངུལ་ཐང་ཁོ་ནར་བཟུང་ན་སྐལ་བཟང་དངུལ་གྱི་ཐང་གཞི་དེ་དེང་སྐབས་བརྒྱ་འགྱུར་སྟོང་འགྱུར་དུ་སོང་བས་རྩི་ཐབས་མེད། དཔེར་ན་ལོ་རྒྱུས་ཀྱི་གནས་ཚུལ་ཞིག་དྲན་གསོ་བྱས་ན་སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོར་དཀྲ་ཤིས་ལྷུན་པོའི་ཆབ་འབངས་མི་སེར་ནས་སྒྲུབ་འཇལ་དགོས་པའི་བོགས་འབྲུ་ཚོ་གཅིག་དེ་སྔ་དངུལ་བསྒྱུར་གྱི་གྲུབ་འཇལ་བྱེད་མུས་རིགས་བསྐལ་བཟང་དངུལ་གྱི་ཐང་གཞི་ཕྱིས་རིམ་འཕར་སོང་སྟབས་གཞུང་འབབ་ཞན་པས་མཆོད་རྒྱུན་གཏོང་གྲོན་རྒྱ་འུབས་བསྡུས་མིན་ཞེས་དེ་སྔའི་ཊམ་དཀར་གཅིག་དེ་ཕྱིས་བོད་དངུལ་སྲང་དོ་རེ་སྒྲུབ་དགོས་པའི་གཏན་འབེབས་བྱས་པ་ལྟ་བུ་དངུལ་ཐང་ཁོ་ན་ད་ལྟའི་དངུལ་ལ་ཕབ་ན་རྩ་བ་ནས་མི་འགྲིག་པ་ཚང་མས་མཁྱེན་གསལ་ལྟར་དེ་སྔའི་འགྲོ་གྲོན་ཚང་མ་དང་ཐོག་དངུལ་ལ་ཕབ་སྟེ་དེ་རྗེས་སྐབས་དེའི་འབྲུ་ཐང་ལ་ཕབ་པ་མཆོད་སྡོང་དཀར་ཆག་ནང་གསལ་བ་ལྟར་སྐབས་དེའི་རིན་ཆེན་གྱི་རིན་ཐང་ལམ་ཙམ་དེང་དུས་འབྲུའི་ཐང་གཞི་ནས་མཚོན་ཐུབ་པ་ལྟ་བུ་ལགས་སོ།
ཆུ་འབི་ཟླ་བ་ཚེ་རིང་། “རྐང་འགྲོ་ལག་འདོན’’ཞེས་པ་ནི་བོད་ཀྱི་སྲིད་རྙིང་པའི་དཔལ་འབྱོར་འདུ་ཁོངས་རྩིས་རྒྱག་དང་ཁྲལ་འུལ་སྐུལ་གཏོང་གི་རྩ་བའི་མིང་ཚིག་ཞིག་ཡིན། ཁྱེད་ནས་སྟབས་བདེ་བ་དང་གོ་བདེ་བའི་འགྲེལ་པ་རགས་ཙམ་གནང་རོགས།
ནོར་བྲང་ཨོ་ རྒྱན། “རྐང་འགྲོ་ལག་འདོན”ཞེས་པ་ནི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཁྲལ་འུལ་ལམ་ལུགས་རྒྱུན་གཏན་སྤྱོད་པའི་མིང་ཚིག་ཅིག་ཡིན། དེ་ཡང་རྐང་འགྲོ་ནི་ས་ཞིང་རྐང་ལ་གཞིགས་པའི་ཁྲལ་ཏེ་དམག་ཁྲལ་དང་། རྫོང་གཞིས་རང་གི་བདག་འདོམས་བྱེད་པའི་ས་ཞིང་འདེབས་སྐྱོང་གི་འུ་ལག དཔོན་རིགས་རྫོང་སྐྱེལ་ས་ཚིགས་ཀྱི་རྟ་ཁལ་ལ་སོགས་པ་དངུལ་དངོས་ལག་འདོན་མ་དགོས་པའི་འུ་ལག་གི་ཁྲལ་རིགས་ཀུན་ལ་རྐང་འགྲོ་ཟེར་ཞིང་། ལག་འདོན་ནི་གཞུང་སྒེར་མཆོད་གསུམ་གྱི་ས་ཞིང་གི་བོགས་མ་དང་། ས་ཞིང་སོན་འགྲོར་གཞིགས་པའི་ཁྲལ་རིགས་སྣ་ཚོགས་ཏེ། དཔེར་ན་འབྲུ་ཁྲལ་དང་། རྩ་ཁྲལ། ཤིང་ཁྲལ། མི་བོགས་སོགས་གང་ལྟར་ལག་ནས་འདོན་དགོས་པའི་ཁྲལ་རིགས་ཡོངས་ཀྱི་སྤྱི་མིང་ལ་ལག་འདོན་ཟེར་བ་ལྟ་བུའོ། ད་རེས་ཁྱེད་རང་གི་དྲི་བར་གང་བསམ་ཟོལ་མེད་ཀྱི་ལན་འདེབས་ཞུ་རྒྱུ་དེ་ལྟར་ལགས་ཤིང་། སྐབས་འདིར་ངས་ཁྱེད་རྣམ་པར་གནས་ཚུལ་ཞིག་ཞུ་རྒྱུ་ཡོད་པ་དེ་ནི་བོད་མི་རིགས་ཀྱི་རྩོམ་རིག་བྱ་གཞག་ལ་ཕན་ཐོགས་ཡོང་རེས་ཁོ་བོས་ལོ་ངོ་ཉི་ཤུ་བརྒལ་སྐོར་འབད་བརྩོན་གྱིས་བརྩམས་པའི་ཆོས་རྒྱལ་དགེ་བའི་དབང་པོས་མཛད་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཞེས་པ་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་བསྟན་འགྱུར་གྱི་གླེགས་བམ་ཁྲོད་པོད་གཉིས་ཞུགས་པ་ལ་སྔར་རྩ་ཚིག་དེད་པའི་འགྲེལ་པ་ཆ་ཚང་བ་ཞིག་མེད་པས་སྤྱིར་བཏང་གི་མིས་གོ་དཀའ་བའི་སྟོང་ཆ་གསབ་པ་དང་། བློ་གསར་གཞོན་ནུ་རྣམས་ལ་སྙན་ངག་གི་རིགས་ལམ་ལ་སྤྱོད་པའི་དཔྱད་གཞི་ཞིག་ལ་བསམ་སྟེ་ཚིག་འགྲེལ་ཆ་ཚང་བ་ཞིག་རྩོམ་འབྲི་ལེགས་པར་ཟིན་ཏེ་ད་ལྟ་དཔེ་སྐྲུན་གྱི་ལས་ཀའི་མཇུག་སྐྱོང་ལྟ་བུར་གནས་པ་འདི་ལོའི་ལོ་སྨད་གོང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་བྱས་ནས་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་རྒྱུ་ངེས་གཏན་ཡིན་པ་གཏམ་བཟང་གི་ཚུལ་དུ་ཞུ་རྒྱུ་ལགས་པ་བཅས་ཁོ་བོས་ཞུ་མཚམས་འདིར་བྱས་པ་ཐུགས་རྗེ་ཆེ།
ཆུ་འབི་ཟླ་བ་ཚེ་རིང་། སྐུ་ཞབས་མཆོག་ནས་ངེད་ཚོའི་བཅར་འདྲི་དང་ལེན་དང་དགོངས་འཆར་ལྷུག་སྩོལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །
བཀའ་དྲིན་ཆེ། ག་ལེར་ཀློག་གི་ཡིན།
དགེ་རབ་ལགས་ཐུགས་རྗེ་ཆེ།ཆ་ཚང་བཀླགས་ཡོད།ཁོང་གི་གསུང་རྩོམ་ཞིག་རེག་ཐུབ་ན་སྙམ་སོང་།
ནོར་བྲང་དུ་ང་བཀའ་འགྱུར་ཀློག་ཏུ་ལན་གཉིས་གསུམ་ཞིག་ཕྱིན། གཅིག་ན། ནོར་བྲང་ཨོ་རྒྱན་མཆོག་ཀྱང་མཇལ་ཡོད་ངེས། གསལ་པོར་མི་དྲན་ནོ།