ཆབ་མདོ་ངག་ཕུན།
——བཀའ་དྲིན་ཅན་གྱི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་གཤེགས་ནས་མི་ལོ་ཉེར་ལྔ་འཁོར་བའི་རྗེས་དྲན།
རྩ་གསུམ་ཀུན་འདུས་བླ་མ་ཡི་དམ་མཁའ་འགྲོ་སོགས།།
ཉམ་ཐག་དབུལ་ཕོངས་གནས་ལས་ཡོངས་སྒྲོལ་གངས་ལྗོངས་ཞིང་།།
རྒྱལ་བསྟན་དར་ཞིང་རང་དབང་བདེ་སྐྱིད་མྱུར་ཤར་ནས།།
བདག་སོགས་ཚེ་རིང་ནད་མེད་བསམ་དོན་འགྲུབ་གྱུར་ཅིག །
ཞི་བདེའི་རང་དབང་ལྡན་ཞིང་ནང་ཆོས་ཁོ་ནར་བརྩོན།།
ལོ་རྒྱུས་ཡུན་རིང་ལྡན་ཞིང་ཞི་བདེར་འབད་པ་ཡིན།།
རིག་གཞུང་ཕུན་སུམ་ཚོགས་ལ་གཞན་ཕན་གཙུག་ཏུ་བཀུར།།
འཛམ་གླིང་ཆབ་སྲིད་འཕོ་འགྱུར་རླུང་ལྟར་གཡོས་ན་ཡང་།།
གངས་ལྗོངས་མི་རྣམས་ཕྱོགས་རིས་མེད་པར་ཞི་བདེར་གནས།།
ཁྱིམ་མཚེས་རྒྱལ་ཁབ་དམར་པོའི་གཞུང་ལ་བཙན་གྱིས་བསྒྱུར།
གངས་ལྗོངས་ཡུལ་དུ་བཙན་འཛུལ་བྱ་རྒྱུའི་ཇུས་ངན་གཤམས།།
དེང་རབས་འཛུགས་སྐྲུན་ཁ་གཡང་སྙན་པོ་ཡོངས་བསྒྲགས་ནས།།
འཛུམ་རླབས་སྟོན་བཞིན་བོད་ལ་བཙན་འཛུལ་རིམ་གྱིས་བྱས།།
བོད་མི་རྣམས་ཀྱང་རྨོངས་པའི་བསྒྲིབས་སྟེ་དམར་གཞུང་ལ།།
ཡིད་ཆེས་བྱས་ཏེ་མཐའ་མཇུག་དྲག་པོས་བཙན་དུ་བཟུང་།།
འཛུམ་མདངས་འགྱུར་ནས་དྲག་པོའི་ཁྲོ་གཉེར་བཙན་གྱིས་བསྣན།།
གནའ་རབས་མི་རྣམས་ངལ་བ་ཁྱད་བསད་བསྐྲུན་མཛད་པའི།།
དགོན་རྙིང་བྱིན་ཅན་དུ་མ་གཏོར་བཤིག་ཐལ་རྡུལ་བཏང་།།
སྐྱེས་ཆེན་དུ་མ་དམར་བསད་ཁྲག་གི་འཁོར་ལོ་བསྐོར།།
རང་དབང་མེད་པའི་བྱིའུ་ཕྲུག་ལྕགས་དྲའི་ནང་ཚུད་ལྟར།།
སྐྱེས་ཆེན་དུ་མ་བཙོན་དུ་མནར་གཅོད་དྲག་པོའི་འདས་གྲོངས་གྱུར།།
གནའ་རབས་མི་ཚོས་བཞེངས་པའི་མ་ཎི་རྡོ་སྤུང་བཤིག །
བོད་མིའི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་རྣམས།།
དེང་རབས་རྗེས་ལུས་གད་སྙིགས་རྩིས་ཏེ་མེར་བསྲེགས་བཏང་།།
ཆོས་སྒྲ་རྣ་བ་ཐོས་ཡུལ་མེད་པའི་ཀླ་ཀློའི་ཡུལ་དུ་བསྒྱུར།།
ཕ་མ་བུ་ཕྲུག་བར་ལ་དམ་ཚིག་གཙང་མ་མེད་པར་བཟོས།།
གངས་ཅན་པ་ལ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འཁྱིལ།།
པཎ་ཆེན་བླ་མས་ཐུགས་ཀྱིས་མ་བཟོད་གངས་མི་རྣམས།།
སྨག་རུམ་གླིང་ནས་བསྒྲོལ་བའི་བདེན་པས་མདུང་རྩེ་བརྡར།།
ཡོད་ཚད་བློས་བཏང་དམར་པོའི་སྲིད་གཞུང་མདུན་ལྕོག་སྟེང་།།
ཡིག་འབྲུ་ཁྲི་བདུན་ཕུལ་ཡང་དམར་གཞུང་འགོ་ཁྲིད་ཚོས།།
ཁོག་ཏུ་གཡོ་སྒྱུས་ཁེངས་ཤིང་མདུན་དུ་འཛུམ་མདངས་སྟོན།།
ཤོག་ཐོག་འཁོད་པའི་རྩ་ཚིག་རིན་བྲལ་ཡོད་ན་ཡང་།།
རྩ་འཛིན་མེད་ཅིང་དེ་རྣམས་བསླུ་བྱེད་ཡིན་པར་རྟོགས།།
མི་དམངས་དཀའ་སྡུག་གསལ་བརྗོད་བྱེད་དགོས་རྟག་གསུང་ལྟར།།
བོད་ཀྱི་དངོས་ཡོད་བདེ་སྡུག་གོང་རིམ་ཁག་ལ་ཞུས།།
གཡོ་སྒྱུ་མེ་ལྟར་འབར་ཞིང་ཁ་ཞེ་མི་མཚུངས་གཞུང་།།
ཉེས་པ་མེད་ཀྱང་ཉེས་མིང་སྣ་ཚོགས་བཙན་གྱིས་འགེལ།།
དམར་པོའི་བཙོན་དུ་མི་ལོ་ཧྲིལ་པོ་བཅུ་ལྷག་ཙམ།།
བཅུག་སྟེ་མནར་གཅོད་སྣ་ཚོགས་མྱོང་དགོས་བྱུང་ན་ཡང་།།
འཇིགས་ཞུམ་མེད་པའི་བདེན་པའི་རལ་གྲི་ཡོངས་འཕྱར་ནས།།
དམར་པོའི་བཙོན་ཁང་རྩ་རལ་བཏང་སྟེ་བདེན་པ་རྒྱལ།།
རིགས་ལ་བཅངས་པའི་སྙིང་སྟོབས་འཛིན་མའི་ཁྱོན་དུ་ཁྱབ།།
གངས་ལྗོངས་བོད་ཀྱི་དཀའ་སྡུག་འཛམ་གླིང་མི་རྣམས་རྟོགས།།
དམར་གཞུང་གིས་ནི་འཛམ་གླིང་མདུན་དུ་གངས་ལྗོངས་ལ།།
རང་དབང་བདེ་སྐྱིད་ཡོད་ཚུལ་བརྗོད་པའི་རྫུན་རྐུབ་བརྡོལ།།
རྒྱ་ནག་དམར་གཞུང་ངོ་ཚ་ཁ་སྐྱེངས་གནས་སུ་ལྷུང་།།
གངས་ལྗོངས་མི་རིགས་དོན་དུ་སྐུ་ངལ་དེ་ཙམ་བསྐྱོན་ན་ཡང་།།
བཀའ་དྲིན་དྲིན་གཟོ་མེད་པའི་རང་རིགས་སྐྱེ་བོ་འགས།།
ཚོང་པ་རྒྱགས་པ་ལ་སོགས་མཚན་སྨད་སྣ་ཚོགས་བཏང་།།
ད་ལྟ་དེ་དག་བསམ་དུས་སྐྱོ་བ་གཏིང་ནས་སྐྱེས།།
ངོ་ཚ་ཁྲེལ་གཞུང་མེད་པའི་རང་རེའི་སྐྱེ་བོ་རྣམས།།
བསམ་ཞིང་བསམ་ཞིང་བྲང་ཁོག་ཟུག་གཟེར་ན་ཚས་ཁེངས།།
བཙོན་གྲོལ་ཐོབ་ཀྱང་དལ་ལྷོད་མ་བཞུགས་མི་རིགས་ཆེད།།
ཉིན་མཚན་དུས་དྲུག་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད།།
ད་ལྟ་བར་དུ་བོད་ནང་ཤེས་རིག་གནས་ཐུབ་བྱུང་བ་འདི།།
ཁོང་གི་བཀའ་དྲིན་ཡིན་ལུགས་ཞུ་བརྗོད་ག་ལ་དགོས།།
རིན་ཐང་བྲལ་བའི་ཡིག་འབྲུ་ཁྲི་བདུན་འདི་ཉིད་ནི།།
བོད་ཀྱི་དངོས་ཡོད་ལོ་རྒྱུས་བདེན་པའི་རྒྱབ་རྟེན་ཡིན།།
དེ་ཉིད་ཕུལ་ནས་མི་ལོ་ང་གཉིས་འཁོར་བ་དང་།།
གངས་ལྗོངས་བོད་མི་རྣམས་ཀྱིས་འདི་ཉིད་ལྟ་ཀློག་མཛོད།།
བཀའ་དྲིན་ཅན་གྱི་སློབ་དཔོན་པཎ་ཆེན་རིན་པོ་མཆོག །
དགོངས་པ་གཞན་དོན་གཤེགས་ནས་མི་ལོ་ཉེར་ལྔ་འཁོར།།
བཀའ་དྲིན་དྲན་ཞིང་མཆོག་གི་ཡང་སྲིད་རིན་པོ་ཆེ།།
དམར་པོའི་བཙོན་ནས་མྱུར་དུ་གློད་གྲོལ་རེ་སྨོན་དང་།།
བདག་གིས་གསོལ་འདེབས་སྙིང་ནས་ཤུགས་དྲག་འདེབས་པའོ།།
ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་བཀའ་དྲིན་ཅན་གྱི་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ནས་མི་ལོ་ཉེར་ལྔ་འཁོར་བར་རྗེས་དྲན་གྱི་ཚུལ་དུ་སྤྱི་ལོ་༢༠༡༤ ཟླ་༡ ཚེས་ ༣༠ ཉིན་མོར་ཕུལ།།
པཎ་ཆེན་རིན་པོ་ཆེ་མཁྱེན་ནོ།