འཇིགས་མེད་བློ་གྲོས།
དེང་སང་བོད་ཕྱི་ཕྱོགས་སུ་པཎ་ཆེན་སྐུ་ཕྲེང་ ༡༡ པའི་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག། གར་སོང་ཆ་མེད་དུ་གྱུར་ནས་ལོ ༢༥ འཁོར་བའི་དུས་ཚིགས་སྲུང་བརྩི་བྱེད་བཞིན་ཡོད། ངོ་མས་བཤད་ན། རྒྱ་ནག་གཞུང་གི་བྱེད་སྟངས་ནི་མི་སྤྱོད་ལས་འདས་བ་དང་། ཁྲིམས་འགལ་ཡིན་པ་གསལ་བོ་ཡིན་ཞིང་། ཁོང་ཅག་གི་བྱས་ཉེས་ལ་གདོང་ལེན་དང་ངོ་རྒོལ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཡིན། རེད་དེ་ང་ཚོས་ལས་འགུལ་གང་ཞིང་སྤེལ་རུང་། བོད་སྤྱི་བའི་ཆབ་སྲིད་ཀྱི་གནས་བབ་ལ་ལྟོས་ཏེ་སྤེལ་རྒྱུ་ནི་གལ་ཆེན་པོ་ཡིན། ངས་དེ་ལྟར་ཟེར་དགོས་དོན་ནི། ང་ཚོས་ཇི་ཙམ་གྱིས་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མའི་ཕྱོགས་ཀྱི་ལས་འགུལ་སྤེལ་བ་ཡིན་ན། དེ་ཙམ་གྱིས་ཡང་སྤྲུལ་རྒྱལ་མཚན་ནོར་བུའི་གནས་བབ་ལ་འབྲེལ་བ་ཆགས་ཡོད། དེ་བས་ང་ཚོའི་ལས་འགུལ་ནི་ཕྱོགས་གཅིག་གི་ལས་འགུལ་དུ་ཆགས་ཏེ། བོད་སྤྱི་བའི་རྩ་དོན་ལ་ཕན་གནོད་ག་རེ་འབྱུང་བཞིན་ཡོད་པ་བཤད་དཀའ་བ་ཞིག་ཡིན།
ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག དགུང་ལོ་དྲུག་གི་བྱིས་པ་ཞིག་དང་། ཁོང་གི་ནང་མི་ཚང་མ་འཇིག་རྟེན་འདིའི་ཐོག་སྡོད་མི་ཆོག་པ་དང་། ཡང་ན་འབྲེལ་འདྲིས་བྱེད་མི་ཆོག་པའི་མི་ཞིག་ཏུ་གྱུར་ནས། ཁོང་དང་ཁོང་གི་ནང་མི་རྣམས། བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་རླུང་ནག་འཚུབ་མའི་ནང་ཐིམས་པ་རེད། འདི་ནི་འཛམ་གླིང་ལོ་རྒྱུས་ཐོག་དང་། འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་ནང་བྱུང་མ་མྱོང་བའི་དོན་རྐྱེན་ཞིག་ཡིན། རྒྱ་ནག་གཞུང་གི་བྱས་ཉེས་འདི་ནི། རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་འགལ་དང་། དྲག་སྤྱོད། ཡ་ང་བའི་བྱ་སྤྱོད་ཞིག་ཡིན་པ་གསལ་བོ་རེད། གུང་ཁྲན་ཏང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་འདིས་ང་ཚོ་བོད་མི་དམངས་ལ་བརྙས་བཅོས་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལ་ཐུབ་ཚོད་བཏང་བ་མ་ཟད། ༧གོང་ས་མཆོག་གི་བཀའ་རྒྱ་ལ་རྐང་བཙུགས་ནས་འགྲན་རྩོད་བྱེད་གིན་ཡོད། བྱ་སྤྱོད་འདི་ལ་རྒོལ་ལན་སློག་རྒྱུ་ནི་ང་ཚོའི་ལས་འགུལ་ཡིན། བོད་པ་མི་རེ་ངོ་རེ་དང་། འགྲོ་བ་མིའི་ཐོབ་ཐང་གི་རྩ་ཚིག་ལ་ཡིད་ཆེས་བྱེད་མཁན་གྱི་མི་ཚང་མས་གནས་སྟངས་འདི་ལ། རྒོལ་ལན་སློག་རྒྱུ་ནི་སྤྱིར་བཏང་གི་འགྲོ་བ་མི་ཞིག་གི་འོས་འགན་ཡིན།
རེད་དེ། ང་ཚོའི་རྒོལ་ལན་སློག་བའི་ལས་འགུལ་འདི་ལ་ནུས་ཤུགས་ག་འདྲ་ཞིག་ཐོན་བཞིན་ཡོད་མེད་དང་། ང་ཚོས་འདི་ལྟར་མུ་མཐུད་ལས་འགུལ་སྤེལ་བ་ཡིན་ན་བོད་སྤྱི་བའི་རྩ་དོན་ལ་ཕན་གནོད་ག་རེ་འབྱུང་བཞིན་ཡོད་པ་ལ། ད་ལྟ་བསམ་བློ་གཏོང་དགོས་བའི་དུས་ལ་བབ་འདུག་སྙམ། རྒྱུ་མཚན་ནི་ང་ཚོས་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་འཚོལ་བའི་ལས་འགུལ་འདྲ་མིན་སྤེལ།གུན་ཁྲན་ཏང་གི་དྲག་སྤྱོད་དང་། བྱས་ཉེས་ཐེར་འདོན་བྱས། འཛམ་གླིང་གི་ཡུལ་གྲུ་ཁ་ཤས་ཀྱིས་ཀྱང་ང་ཚོ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཚིག་སྐྱོར། བགྲོ་གླེང་མཛད། ཁྲོམ་སྐོར་བྱས།ལོ་ངོ་ ༢༥ རིང་ལ་དེ་ལྟར་བྱས་ཏེ་འཕག་འཚག་ཇི་ལྟར་བརྒྱབ་ཀྱང་། གྲུབ་འབྲས་འདི་ཟེར་བ་ཞིག་སྟོན་རྒྱུ་མེད། ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཕྱི་ལ་འདོན་ཐུབ་མེད། ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཕྱི་ལ་འདོན་མ་ཐུབ་པ་མ་ཟད། ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་འཚོལ་བའི་ལས་འགུལ་འདིས་རང་བཞིན་གྱིས་ཡང་སྤྲུལ་རྒྱལ་མཚན་ནོར་བུའི་མཚན་གནས་ལ་གནོན་ཤུགས་གཞན་ཞིག་སྤྲོད་བཞིན་ཡོད། འདི་ནི་སྦས་ཟིན་པའི་ངོ་མ་ཞིག་རྩད་གཅོད་ཇི་ལྟར་བཏང་བ་དེས། མངོན་ཟིན་པའི་རྫུན་མ་ཞིག་ལ་དེ་ཙམ་གྱིས་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་མཚུངས། དེ་བཞིན་དུ་ཡང་སྤྲུལ་རྒྱལ་མཚན་ནོར་བུ་ལ་འཕྱ་སྨོད་དང་། རྫུན་མར་བཟོས་ན་ཁོང་གི་མདུན་ལམ་ལ་གནོད་བཞིན་ཡོད། ཁོང་གི་མདུན་ལམ་ལ་གནོད་པ་འདི་ཁོང་གཅིག་པུའི་མདུན་ལམ་ལ་གནོད་པ་ཞིག་མ་ཡིན་པར། ང་ཚོ་བོད་པ་རང་གི་མདུན་ལམ་ལ་གནོད་པ་ཞིག་རེད།
དངོས་ནས་བཤད་ན། ཡང་སྤྲུལ་རྒྱལ་མཚན་ནོར་བུ་སྟེ། ང་ཚོས་ནམ་རྒྱུན་འབོད་པའི་རྒྱ་མིའི་པཎ་ཆེན་ལ་མཚོན་ནའང་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་དང་རྫོང་གཅིག་ཏུ་འཁྲུངས། པཎ་ཆེན་ཡང་སྤྲུལ་འོས་མིའི་ནང་དུ་སྔོན་ཚུད་ནས་ཡོད་པའི་འོས་མི་ཞིག་ཡིན། དེང་སང་། རྒྱ་ནག་གཞུང་གིས་ཡང་སྤྲུལ་རྒྱལ་མཚན་ནོར་བུ་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་གྱི་འགན་ཕུལ་ཡོད། འདི་ནི་ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་ཡིན། ཁོང་གི་ཆབ་སྲིད་ཀྱི་གོ་གནས་འདི་ནི་བོད་པའི་བླ་ཆེན་པཎ་ཆེན་ཡང་སྤྲུལ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཐོབ་པ་ཞིག་རེད། དེ་བཞིན་དུ་ཁོང་གི་དཔོན་གནས་དེ་བོད་མི་དམངས་ཀྱིས་ཁོང་ལ་བརྩི་བཀུར་ཇི་ལྟར་བྱེད་མིན་ལ་ཐད་ཀར་འབྲེལ་བ་ཡོད། ཡང་གཅིག་བཤད་ན། བོད་པ་ཚོས་ཁོང་ལ་ཇི་ལྟར་བརྩི་བཀུར་བྱས་ན། དེ་བཞིན་གྱིས་ཁོང་གི་གོ་གནས་ཡར་ལ་འགྲོ་གིན་རེད་ལ། ངོ་རྒོལ་བྱས་ན། ཁོང་གི་དཔོན་གནས་ལ་དོ་ཕོག་འགྲོ་བ་གསལ་བོ་རེད།
འདས་བའི་ལོ་ཁ་ཤས་ནང་། ཡང་སྤྲུལ་རྒྱལ་མཚན་ནོར་བུའི་སྐོར་ལ། ༧གོང་ས་མཆོག་གིས་ཡང་སྲིད་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཏན་ཏན་ཡོང་སྲིད་པ་རེད་ཅེས་གསུངས། དེ་བས་ཡང་སྤྲུལ་རྒྱལ་མཚན་ནོར་བུའང་པཎ་ཆེན་རིན་པོ་ཆེའི་སྐུ་གསུང་ཐུགས་གང་རུང་གི་སྤྲུལ་པ་ཞིག་ཏུ་ཁས་ལེན་མཁན་ཡིན་ནའང་འགལ་བ་མེད་པ་གསལ་བོ་རེད་སྙམ། ང་ཚོས་འདིར་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་གང་རུང་དུ་ཁས་ལེན་འོས་པའི་པཎ་ཆེན་ཡང་སྤྲུལ་ཞིག་ཡོད་ཡོད་པ་ལ། ཁོང་གི་བསྟན་པ་ཆབ་སྲིད་སྐྱོང་བཞིན་པ་ལ་ཅུང་ཟད་ཙམ་ཡང་མི་བལྟ་བར་རྒོལ་རྡུང་གཏོང་རྐྱང་བྱེད་བཞིན་ཡོད་པ་འདི། དངོས་ནས་བཤད་ན། བོད་པ་རང་གིས་རང་གི་ནུས་པ་མེད་པ་བཟོ་བཞིན་ཡོད་པ་མ་རེད་དམ། ཡང་སྤྲུལ་རྒྱལ་མཚན་ནོར་བུ་དེང་སང་རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚན་པའི་གྲས་སུ་སླེབས་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་གཞོན་སྐྱེས་འགོ་ཁྲིད་མཐོ་ཤོས་དེ་ཡིན་པ་རེད། ཐེམ་སྐས་རིམ་འཛེགས་ཀྱིས། པཎ་ཆེན་སྐུ་གོང་མའི་དབང་ཆའི་ཤུལ་འཛིན་གནང་མཁན་ཁོང་རང་ལས་སུ་ཞིག་ཡོད་པ་རེད་དམ།
ཚང་མས་ཤེས་གསལ་ལྟར། ང་ཚོས་ཕྱི་ལོགས་ཀྱི་ཆབ་ཀྱི་ལས་འགུལ་གང་ཞིག་སྤེལ་ཡང་། དེ་དག་ཚང་མ་བོད་ནང་གི་རང་རེའི་སྤུན་ཟླ་རྣམས་ཀྱི་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་ལ། ང་ཚོའི་ཕྱི་ལོགས་ཀྱི་སྐད་འབོད་དང་། རྔམ་སྟོན་ཁྲོམ་སྐོར། ཁྲིམས་གཏུག་བྱས་བ་འདི་དག་ཚང་མ་བོད་ནང་གི་བོད་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། རང་དབང་ལ་ཕན་ཐོགས་ཆེན་པོ་སྒྲུབ་དང་འགྲུབ་བཞིན་ཡོད། ང་ཚོའི་ཕྱི་ལོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ཟིལ་ཤུགས་ཀྱིས་རྒྱ་ནག་གཞུང་གིས། བོད་པ་ཚོ་ལ་དེ་ཙམ་གྱིས་ཐུབ་ཚོད་གཏོང་ཐུབ་ཀྱིན་མེད། དེ་ནི་གསལ་བོ་རེད། བོད་ནང་གི་བོད་པ་ཚོས་ཀྱང་ང་ཚོ་ལ་ཕྱི་ན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་སྙམ་པའི་སྤོབས་པ་དེ་ག་དུས་ཡིན་ན་ཡང་ཡོད། འདས་པའི་ལོ་ཁ་ཤས་ཀྱི་རིང་དེ་སྔ་བོད་ནང་དུ་འཛིན་བཟུང་བྱས་བའི་ངག་དབང་ཆོལ་འཕེལ་དང་། ཞོགས་དུང་། མགོ་ལོག་འཇིགས་མེད། དོན་གྲུབ་དབང་ཆེན་ལ་སོགས་ལ་རང་དབང་དང་།གློད་བཀྲོལ་ཐོབ་པ་ནི་ང་ཚོའི་ཕྱི་ལོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་གི་རྩ་ཚིག་གི་གཟི་བརྗིད་ལ་བརྟེན་ནས་བྱུང་བའི་བདེན་དཔང་ཡིན། འདི་ནི་དངོས་ཡོད་ཀྱི་ལས་དོན་ལ་ང་ཚོས་གདོང་ལེན་བྱས་པའི་གྲུབ་འབྲས་རེད། ང་ཚོའི་རྒྱལ་ཁ་རེད།
ད་དུང་ཡང་བོང་ནང་དུ་བོད་མི་ ༡༥༤ ཡིས་རང་ལུས་མེ་ལ་བསྲེགས་ཤིང་། བོད་ ༥༠༠ བོད་མིའི་རྩ་དོན་གྱི་ཆེད་དུ་བཙོན་དུ་ཚུད་ཡོད།
ཁོང་ཚོའི་ཆེད་དུ་ང་ཚོས་མུ་མཐུད་འབོད་སྒྲ་སྒྲོགས་དགོས། རྒྱབ་སྐྱོར་འཚོལ་དགོས།
ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་དེ་གོང་གི་བཙོན་ཟུར་འདི་དག་གི་གནས་སྟངས་དང་བསྡུར་ས་མེད། གལ་སྲིད་བསྡུར་ས་ཡོད་ན། ཁོང་ཡང་ད་ལྟ་ཕྱི་ལ་ཐོན་ཡོད། གོང་གི་བཙོན་ཟུར་འདི་དག་ནི་མི་སྒེར་གཅིག་ཁོ་ན་ལ་ཐད་ཀར་འབྲེལ་བ་ཆགས་ཤིང་། མི་གཅིག་པོ་དེའི་གནད་དོན་ཐག་གཅོད་བྱས་ཚར་རྗེས་དེ་ག་རང་རེད། དཔེར་ན་ངག་དབང་ཆོས་འཕེལ་ཕྱི་ལ་ཐོན་ཚར་དུས། ངག་དབང་ཆོས་འཕེལ་གཉིས་པ་ཞིག་ལ་ང་ཚོས་བསམ་བློ་གཏོང་མི་དགོས།
པཎ་ཆེན་ཡང་སྲིད་ཀྱི་གནས་སྟངས་འདི་ནི་མི་གཉིས་ཀྱི་གནས་སྟངས་ལ་འབྲེལ་བ་ཆགས་ཡོད། དེའི་ནང་གི་མི་གཅིག་གི་བདེ་སྡུག་བཤད་སྐབས་མི་གཞན་དེ་ལའང་རང་བཞིན་གྱི་འབྲེལ་བ་ཆགས་ཡོད། དེ་བས་མི་གཅིག་རང་གི་བདེ་སྡུག་ཁོ་ན་བཤད་པའི་གོ་སྐབས་ཤིག་མི་འདུག་སྙམ།
རྒྱ་ནག་གཞུང་གིས་དེང་སང་མི་གཅིག་སྦས་ཤིང་། མི་གཅིག་ཕྱི་ལ་མངོན་ཞིང་། སྦས་བའི་མི་དེ་གླེང་ཙམ་ཡང་བྱས་མི་ཆོག་ཅིང་།ཕྱི་ལ་མངོན་པའི་མི་དེ་ལ་ཁྲི་འདོན་རྒྱ་ཆེར་བྱས་བའི་གནས་སྟངས་འདི་ལས། པཎ་ཆེན་གྱི་ཡང་སྲིད་ཀྱི་གནས་སྟངས་ནི་རྒྱ་ནག་དབུས་གཞུང་གི་ཐག་བཅད་ཟིན་པའི་སྲིད་ཇུས་ཤིག་དང་། འགྱུར་བ་གཏོང་དཀའ་བའི་རྒྱལ་ཁབ་ཀྱི་ངོ་སོ་མཚོན་པའི་ལས་དོན་ཞིག་ཏུ་གྲུབ་ཡོད། ཡང་གཅིག་བཤད་ན། སྦས་ཟིན་པའི་པཎ་ཆེན་ཕྱི་ལ་ཐོན་ཆོག་ཆོག་དང་། ངོམས་ཟིན་པའི་པཎ་ཆེན་མར་ལ་ཕབ་ཆོག་ཆོག་ཞིག་ཡོད་པ་མ་རེད།
སྦས་ཟིན་པའི་པཎ་ཆེན་ཕྱི་ལ་ཐོན་དགོས་ན་ཁྲི་འདོན་བྱས་ཟིན་པའི་པཎ་ཆེན་ཡང་རང་བཞིན་གྱི་གླེང་དགོས་བ་ཞིག་ཏུ་ཆགས་ཡོད། གལ་སྲིད་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཕྱི་ལ་ཐོན་ན།ཡང་སྤྲུལ་རྒྱལ་མཚན་ནོར་བུ་རྫུན་མ་རྫུན་རྐྱང་ཡིན་པའི་རྦ་རླབས་ཤིག་རང་བཞིན་གྱིས་འཕྱུར་ཡོང་གི་རེད།
རྒྱ་ནག་གཞུང་གིས། ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཕྱི་ལ་བཏོན་ཏེ། ཡང་སྤྲུལ་རྒྱལ་མཚན་ནོར་བུ་ལགས་ལ་མཚན་སྨོད་བྱེད་གི་མ་རེད་སྙམ། གནས་སྟངས་འདི་ལས་ང་ཚོའི་ལས་འགུལ་ལ་ཕྱོགས་ཡོངས་ནང་བསམ་བློ་གཏོང་རྒྱུ་ལས། ཕྱོགས་གཅིག་ཏུ་འཐམ་དགོས་བ་ཞིག་མ་རེད་སྙམ། གལ་སྲིད་ཡང་སྤྲུལ་རྒྱལ་མཚན་ནོར་བུ་ལགས་ལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་གོ་གནས་ཐོབ་པ་ཡིན་ན། བོད་པ་ཚོ་ལ་ཕན་པ་ལས་གནོད་པ་ཞིག་ག་ལ་ཡོད།
ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ལགས་ལ་མཚོན་ན། ལོ་ངོ་ ༢༥ རིང་གར་སོང་ཆ་མེད་གྱུར་བ་རེད། ལོ་འདི་དག་གི་རིང་ལ་ཁོང་ལ་ཤེས་ཡོན་སློབ་གསོ་དང་། སྤྱོང་བརྡར་ག་རེ་ཐོབ་ཡོད་མིན་ཧ་ཅང་གི་གསང་བ་ལྐོར་གྱུར་ཞིག་ཡིན། གལ་སྲིད་ཉིན་ཞིག་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཕྱི་ལ་ཐོན་པ་ཡིན་དུས་། ཁོང་ང་ཚོའི་སེམས་ནང་གི་པཎ་ཆེན་རིན་པོ་དེ་ཡིན་པ་བཤད་དཀའ།
ང་ཚོས་ཆབ་སྲིད་ལས་འགུལ་གང་ཞིག་སྤེལ་ཡང་བོད་པ་སྤྱིའི་རྩ་དོན་གཞི་ལ་བཞག་ནས་སྤེལ་དགོས། པཎ་ཆེན་ཡང་སྤྲུལ་གྱི་ངོས་འཛིན་ཐག་གཅོད་འདི་ནི་ང་ཚོ་བོད་པའི་ནུས་པ་དང་། རྩ་དོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན། རྩ་དོན་དེ་ཉིད་བརྟན་པོ་དང་ནུས་པ་ཡོད་པ་ཞིག་ཏུ་འགྱུར་རྒྱུ་ནི་ང་ཚོའི་ཆབ་སྲིད་ལས་འགུལ་གྱི་ཁ་ཕྱོགས་ལ་རག་ལས་ཡོད། དེ་བས་ང་ཚོས་པཎ་ཆེན་ཡང་སྤྲུལ་གཉིས་ཀའི་མདུན་ལམ་ལ་བསམ་བློ་བཏང་སྟེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་ལས་ཕྱོགས་གཅིག་གི་ལས་འགུལ་སྤེལ་བ་ཡིན་ན། གཅིག་ལ་ཕན་ཡང་གཅིག་ལ་གནོད་བཞིན་ཡོད་པ་གསལ་བོ་རེད།