ཨ དོན་ཉི།
མི་རིགས་ཤིག་གི་གཉན་འཕྲང་མཐོང་སྟེ་ཡིག་འབྲུ་ཁྲི་ཡི་དགོངས་དོན་བཀྲལ།།
སྐད་ཡིག་ཅིག་གི་ཚེ་སྲོག་བསམ་ཏེ་ཕྱག་ལག་རིང་བོ་དགུང་དུ་བསྒྲེངས།།
ཆོལ་གསུམ་མི་ཡི་སྐྱིད་སྡུག་གཞིགས་ཏེ་ཚོགས་ཆེན་སྟེང་ནས་ཧར་གྱིས་བཞེངས།།
ཀྲུང་དབྱང་གཞུང་ལ་གནས་ལུགས་བརྗོད་མཁས་པཎ་ཆེན་ཆོས་ཀྱི་དཔའ་བོ་བསྟོད།།
གངས་རི་དཀར་པོའི་རྨི་ལམ་ལྗོངས་ན་ཁྱེད་ཉིད་ད་དུང་འོད་དུ་འཚེར།།
ཡར་ཀླུང་གཙང་བོའི་བཞུར་རྒྱུན་ངོགས་ན་ཁྱེད་ཉིད་སྔར་ལྟར་རླབས་སུ་དཀྱེས། །
པོ་ཏ་ལ་ཡི་བདག་པོའི་སེམས་ན་ཁྱེད་ཉིད་རྟག་ཏུ་གསོན་པོར་བཞུགས། །
མི་རིགས་ཤིག་གི་དད་འདུན་ཧྲག་ན་ཁྱེད་ཉིད་ནམ་ཡང་རླུང་དུ་རྒྱུ། །
གྲང་ཟུག་ནར་མའི་ཁྲི་མུན་དོང་ན་ཉི་འོད་ཤར་ཅིག་ཕྱི་ལ་འཕྲོས། །
ལྕགས་ཚེར་སྐོར་བའི་མཁར་རྫོང་ཀླད་ན་ཞལ་གདམ་དྲོན་མོ་སྤྲིན་དུ་གདུ། །
རྒྱང་རིང་བཀག་པའི་གྱང་གོག་མཐོན་པོ་རྣམ་དཔྱོད་གསེར་གྱི་ཞུན་མས་རྡར། །
སྨག་རུམ་སྟུག་པོའི་འཇིག་རྟེན་ཞིག་ནས་གདོང་དམར་བོད་ལ་གསོན་མིག་ལྟས། །
དགུང་གྲངས་ཉེར་ལྔའི་ན་སོ་ཕྲ་མོ་རྒྱ་གྲོང་གང་ན་བྲན་པོར་གྱུར། །
སྐུ་མདངས་སེེར་པོར་གོས་ཧྲུལ་གཡོགས་ཏེ་རྒྱ་ཁྱིམ་གང་གི་དྭ་བོ་བྱས། །
རྣམ་དཔྱོད་གློག་གི་ཆུ་ཤེལ་དྭངས་མོ་གཞུང་མང་གང་གིས་རྙོག་ཅིང་བཤལ། །
སྐུ་ན་གཞོན་པའི་དཔའ་རྟུལ་ཁྱེད་ཉིད་རྒྱུས་མེད་གྲོང་ནས་མགྱོག་ཕེབས་ཤོག །
/4/25/2014/
བཞུད་ཁའི་ཉི་མས་ཕྱི་ལྟས་སློགས་དུས། གངས་རིའི་ལྗོངས་ཀྱི་ད་ཕྲུག་དག་ལ། གཤིས་འཇམ་ཁ་བརྡ་བསླབ་བྱ་གནང་ཞིང། གོ་ཡངས་ལམ་ནས་སྐྱེལ་མ་བྱེད་བཞིན། དགྲ་ཕྱོགས་འཐབ་པའི་བློ་ཞིག་བསྩལ་ན།
བོད་ཡུལ་དུ་འཁྲུངས།
རྒྱ་ཡུལ་དུ་བཞུགས།
ཁྲི་བདུན་ཅིག་བརྩམས།
སྐད་ཡིག་དག་སྤེལ།
ལ་རྒྱ་ཡིས་བཅིངས།
བཙོན་འཇུག་ལ་ཕེབས།
ཆོས་རིག་ཀྱང་སྤེལ།
ཆབ་སྲིད་ཀྱང་བསྐྱངས།
སྡོམ་པ་ཡང་ཕུལ།
འཁྲུངས་ས་ཡང་སྐྱོན།
སྐྱེས་སྲིང་ཡང་གནང་།
སྐུ་གཞོན་ལ་གཤེགས།
ཡང་སྲིད་ཀྱང་འཁྲུངས།
བསྟན་དགེ་ཡང་བསྐོས།
བྱིས་དུས་ལ་འཇུས།
ཉེར་ལྔ་ལ་ཕེབས།
ཕྱི་ཟླ་ཡི་བཞི་པ།
ཚེས་དུས་ནི་ཉེར་ལྔ།
ད་ལོ་ནི་ཉེར་ལྔ།
ཉེར་ལྔ་ཡི་འཁྲུངས་སྐར།
བཅུ་པ་ཡི་དགོངས་དོན།
བསྟན་དགེ་ཡིས་སྐྱོང་རན།
པཎ་ཆེན་ཁྱེད་གར་བཞུགས།
ཞལ་མཇལ་ཞིག་སྟོན་རན།