རྟེན་འབྱུང་།
(སྨྀ་ཏི་ཛྙ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་)རྒྱ་གར་གྱི་པཎྜི་ཏ་ཧ་ཅང་མཁས་པའི་སྙན་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་བཅུ་པའི་མཇུག་ཏུ་བལ་པོ་ལོ་ཙཱ་བ་པདྨ་རུ་རྩེའམ་རྨ་རུ་རྩེས་པཎྜི་ཏ་སྨྲི་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙཱ་བ་ཕོ་བའི་སྐྲན་ནད་ཀྱིས་གྲོངས་ནས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་ཏུ་མི་ཚང་ཞིག་གི་ལུག་རྫི་གནང་། རྫི་བོ་བྱས་སྐབས་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་བྱུང་བའི་དང་པོ་ངུ་བྲོ་བ་གསུམ་ནི།
༡ ཉིན་གཅིག་འདམ་རྫབ་ཏུ་ཁྱིམ་དེའི་བུད་མེད་ཀྱིས་འོ་མ་བཞོ་སྐབས་སྨྀ་ཏི་རྐུབ་སྟེགས་ལ་བཞག་པས། ང་རྒྱ་གར་གྱི་མཁས་པའི་གཙུག་རྒྱན་ཞིག་ད་ལྟ་བུད་མེད་ཀྱི་རྐུབ་སྟེགས་བྱ་དགོས་བྱུང་ཞེས་ངུ་བྲོ།
༢ ཁོང་ཉིན་མོ་ཁྱིམ་དེའི་ར་ལུག་རྫི་བོ་དང་མཚན་མོ་ཡོས་འཐག་དགོས་པས། ལན་གཅིག་གཉིད་ཅུང་ཟད་ཁུག་ནས་མགོ་མཆིག་སྟེང་དུ་བརྡབ་སྐབས་བུད་མེད་དེས། ” ཡོས་མ་ཕོའམ།” ཞེས་བཤད་པས། སྨྲི་ཏིའི་བསམ་པར་ངའི་མགོ་དང་ཁོང་ཚོའི་ཡོས་གཉིས་ལས་ཡོས་གལ་ཆེ་བར་འདུག་དགོངས་ནས་ངུ་བྲོ།
༣ ཉིན་ཞིག་བྱ་ཁྲུང་ཁྲུང་ཞིག་གླག་གིས་བསད་ནས་བྱའི་རོ་ཁོང་གི་པང་དུ་ལྷུང་བས། ཁྱོད་ཀྱང་ས་མཐའི་བྱ། ང་ཡང་ས་མཐའི་མི་གསུངས་ནས་ངུ་བྲོ་བ་བཅས་སོ།།
དགོད་བྲོ་བ་གསུམ་ནི།
༡ ཉིན་གཅིག་ཁོང་གིས་མེ་ཕུང་ཞིག་བསྐྱིལ་ནས་བསྡད་པར་རི་བོང་ཞིག་ཁོང་ལ་མ་འཛེམ་པར་མེ་ལ་བསྲོས་ཏེ་བསྡད། དར་ཅིག་རི་བོང་གཉིད་ཡོར་གྱིས་མགོ་བོ་མེ་ནང་དུ་ཉུག་སྟེ་གདོང་གི་སྤུ་འཚིག་ཅིང་ཕྱོགས་ཕྱོགས་སུ་བརྒྱུགས་པས་དགོད་བྲོ།
༢ ལན་ཅིག་སྨྀ་ཏི་མཚོ་ཁ་ཞིག་ཏུ་སྡོད་སྐབས་ཀླུས་ཁོང་གི་མཁྱེན་ཡོན་ཤེས་ནས་བུད་མེད་ཅིག་ཏུ་སྤྲུལ་ཅིང༌། གཉན་གྱི་རྭ་ཅོ་ཞིག་ཏུ་འོ་མ་བླུགས་པ་ས་ལ་བཞག་ནས་ཕྱག་འཚལ་སྐབས། རྭ་ཅོ་འདྲིལ་ནས་འོ་མ་བོ་ཞིང་ཀླུ་ངོ་ཚ་སྟེ་སྤྲུལ་བ་ཡང་མ་བསྡུས་པར་ཕྱིར་བཀྱེད་ཀྱིས་མཚོ་ནང་དུ་ལྷུང་པས་དགོད་བྲོ།
༣ ཉིན་ཞིག་རྒྱ་གར་དུ་སྡོད་སྐབས་ཀྱི་ཡོན་ཏན་རྣམས་བརྗེད་ཡོད་མེད་དཔྱོད་སྐབས། གཅིག་ཀྱང་མ་བརྗེད་པར་ཐུགས་ལ་གསལ་ལྷང་ལྷང་དུ་ཤར་བས་དགོད་བྲོ་བ་བཅས་སོ།།
ཁོང་གིས་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་ལ།
རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།།
མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས།།
དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།།
གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ། །
ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་སྨྀ་ཏི་བླ་མར་བསྟེན་པའི་ལོ་ཙྭ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་མཐོང་སྟེ་རང་གི་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས་དྲིས་པར། ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ད་ལྟ་གང་ན་ཡོད་དྲིས་པས། ར་རྫི་ལ་སོང་ཟེར།
མཐར་ཁོང་གི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མི་ཚང་དེ་ལ་གསེར་སྦྱིན་ནས་བླུས་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། དེ་རྗེས་མདོ་ཁམས་ལྡན་མའི་ས་ཁུལ་དུ་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་རྒྱ་ཁར་སྐད་ཀྱི་སྒྲ་རིག་པ་བསླབས་པ་གནང་། དེང་སང་《སྨྲ་སྒོ་མཚོན་ཆ》ཞེས་པའི་གཞུང་དེ་ཡང་སྐབས་དེར་ཁོང་གིས་བརྩམས་པར་གྲགས། དེ་ནི་སྒྲར་རིག་པའི་བསྟན་བཅོས་ཤིག་ཡིན་པ་དང་། ཕྱི་འབྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་སྒྲ་རིག་པའི་གཞུང་ལུགས་ཁག་ནང་འདིའི་ནང་ནས་ལུང་དུ་མ་དྲངས་ཡོད། འདི་ཉིད་ཀྱི་འགྱུར་མང་པོ་བཀའ་འགྱུར་ནང་བཞུགས་ཤིང་། པཎྜི་ཏ་འདི་ཡན་ཆོད་དུ་འགྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པ་ཡིན་ནོ། །དགེ་ལེགས་འཕེལ། །
ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ། ཞེས་ལུང་བསྟན་མངོན་གྱུར་འབྱུང་བཞིན་པའི་སྐབས་འདིར། བོད་ཀྱི་མཁས་པ་དང་། བླ་མ། གྲྭ་བ་དགེ་བཤེས་སོགས་མང་པོ་ཞིག་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་བཞིན་ཡོད་པ་དང་། དུས་མཚུངས་གསུང་སྐད་མ་མཁྱེན་པ་དང་ཡུལ་ཁྲིམས་སོགས་ཀྱི་དབང་གིས་ཟ་ཁང་སོགས་ནང་ཕྱག་ལས་གནང་སྐབས་པཎྜི་ཏ་སྨྀ་ཏིའི་ལོ་རྒྱུས་དྲན་གསོ་རེ་གནང་ན་ཐུགས་ཕམ་གསོ་ཐུབ།
རྟེན་འབྱུང་ནས་༢༠༡༤། ༨། ༤
གླིང་གེ་སེར་རྒྱལ་པོའི་བླ་མ་མཛད་པ་དང་། དེ་སང་འདི་ལ་ཡང་སྤྲུལ་སྐུའམ་ཡང་སྲིད་རིམ་བྱོན་ངོ་འཛིན་ཡོད་པ་སོགས་བཤད་རྒྱུ་མང་ཡང་ངག་རྒྱུན་ཙམ་ལས་ཁུངས་ཡང་དག་ཞིག་རྙེད་རྒྱུ་མེད་པར་སེམས།
རྒྱུས་ཡོད་ཅིག་གིས་གསལ་བོརགསུང་ན་ལེགས།
པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟི། དྲན་པ་ཡེ་ཤེས་གྲགས་པའི་ལོ་རྒྱུས་ཤིག་རྟ་ནག་ཏུ་ལུག་རྫི་མཛད་དགོས་པ་བྱུང་བ་ ༿བུ་སྟོན་དེབ་ཤོག་༢༠༢༾ཐོས་ཀྱང་། ལོ་རྒྱུས་ལོ་ཞིབ་པར་མ་ཐོས། དི་རིང་འདི་ན་རྒྱས་ཙམ་བཀོད་མཛད་པར་བཀའ་དྲིན་ཆེ། མཁས་པ་འདིས་མཛད་པའི་སྨྲ་སྒོ་རྩ་འགྲེལ་གྱི་དཔེ་ཆ་ཞིག་བདག་ཨ་རི་ལ་ཡོད་དུས་ང་རང་དཔེ་ཆའི་ཁྲོད་ན་ཡང་དཔེ་ཆ་མང་ཆེ་བ་ལ་དྭགས་ཀླུ་འཁྱིལ་དགོན་དུ་བསྐུར་དེར་ཡོད་ངེས། སྨྲ་སྒོའི་གཞུང་འདི་ཉིད་བོད་ཀྱི་སྒྲ་རིག་པར་ཉེ་བར་མཁོ་བ་ཡིན་པ་བུ་སྟོན་དང་། རྒྱུད་སྡེའི་སྤྱིའི་རྣམ་ཤོག་༢༤ན། མཁས་གྲུབ་དདགེ་ལེགས་དཔལ་བཟང་པོས་གསུངས། འདི་ལྟར་ད་ལྟའི་ལོ་རྒྱུས་འདིའི་ཁུངས་ཀྱི་དཔེ་ཆའི་མིང་དང་། ཤོག་གྲངས་སོགས་བཀོད་ན། ཕྱིས་ཀྱི་ལོ་རྒྱུས་ལ་ཐོས་བསམ་བྱེད་པ་པོ་རྣམས་ལ་ཕན་ཆེ་བར་འགྱུར་རོ།
རྒན་ལ་དྭགས་པ་ལགས།
སྨྲ་སྒོ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་ཡིག་ཆའི་ཕྱི་མོ་ཞིག་རེད་ཟེར་བ་ཐོས་ལགས། དེ་བཞིན་ས་སྐྱ་པན་ཊི་ཏ་དང་རྗེ་རིན་པོ་ཆེ་ལ་སོགས་སྔོན་བྱོན་གྱི་མཁས་པ་རྣམས་ཀྱིས་བརྡ་སྤྲོད་ཀྱི་གཞུང་འདི་ལ་སྦྱང་པ་གནང་ཟེར་བ་ཐོས་ལགས། དྲིན་ཅན་མཁས་དབང་ཁྱེད་ནས་སྨྲ་སྒོའི་སྐོར་ལ་བདག་ཚོར་ངོ་སྤྲོད་ཏོག་ཙམ་གནང་རོགས་ཞུ་བ་ལགས།
བསྟན་བཅོས་འདིའི་བརྗོད་བྱ་གཙོ་བོ་གང་ཡིན་ནམ།
སྨྲ་སྒོ་ལ་ས་བཅད་ག་ཚོད་ཡོད་དམ།
བསྟན་བཅོས་ཕྱི་མ་རྣམས་ལས་འདི་ལ་དམིགས་བསལ་ཁྱད་ཆོས་གང་ཡོད་ལགས།
བསྟན་བཅོས་འདི་ལ་དེང་གི་བརྡ་སྤྲོད་བསྟན་བཅོས་རྣམ་ལ་མ་གསལ་བའི་གཞུང་གང་ཡོད་དམ།
ཐུགས་རྗེ་ཆེ།
ཁྱད་མཚར་བ་ཞིག་ལ། པན་ཆེན་ཁོང་གིས་བོད་སྐད་མ་མཁྱེན་ཀྱང་ལུག་རྫི་བྱས་པ་ལས་དགོན་པ་ཞིག་ལ་སོང་ནས་གཡོགས་བྱས་ན་ཅིས་མི་ལེགས། དེ་དུས་བོད་ན་དགོན་པ་མང་བོ་ཡོད་ཚོད་རེད། པན་ཆེན་ཁོང་དང་ཇོ་བོ་རྗེ་གཉིས་ཕལ་ཆེར་དུས་མཉམ་ཡིན་པ་ཡོད།།
སྨྲ་སྒོ་མཚོན་ཆའི་སྐོར་ལ།
http://tb.tibet.cn/2010tspd/zyw/201209/t20120919_1781629.htm
སྨྲ་སྒོའི་མཚོན་ཆའི་རྩ་འགྲེལ་ཐོག་མར་མཛད་པ་པོ་རོང་ཟོམ་ཆོས་བཟང་རེད། ཀློག་འདོད་ཡོད་ན་དེར་གཟིགས་རོགས་གནང་།
བསམ་ཤེས་མཆོག་ལ། སྨྲ་སྒོ་མཚོན་ཆ་མཇལ་བ་ཙམ་མ་གཏོགས་ཞིབ་པར་སློབ་སྦྱོང་མེད། བསྟན་བཅོས་འདི་ལ་གངས་ཅན་མཁས་པ་ཤཱ་ཀྱ་མཆོག་ལྡན་གྱིས། སྨྲ་སྒོ་མཚོན་ཆ་ལྟ་བུའི་བསྟན་བཅོས་ཀྱི་རྣམ་བཤད་སྨྲ་བའི་རྒྱན། ཞེས་པ་མཛད། དཔེ་ཆ་དེ་ཕྱག་ལ་སོན་ན་ཀློག་པར་མཛོད།
# 6 རླངས་སྔགས་ལགས་ཀྱིས་མཆན་བཏབ་པ།:
August 5th, 2014 at 11:37 AM
སྨྲ་སྒོའི་མཚོན་ཆའི་རྩ་འགྲེལ་ཐོག་མར་མཛད་པ་པོ་རོང་ཟོམ་ཆོས་བཟང་རེད། ཀློག་འདོད་ཡོད་ན་དེར་གཟིགས་རོགས་གནང་།
གཏམ་འདི་ལ་ཁུངས་ཐུབ་པ་ཡོད་ན། ངོ་མཚར་བས་ཀྱང་ཆེས་ངོ་མཚར། “དེར་གཟིགས།” ཞེས་པ་དེ་གང་ལ་དམིགས་དགོས་སམ། སྟེས་དབང་གིས་རོང་ཟོམ་པཎྜིཏའི་གསུང་འབུམ། ཨ་དང་། ཨཱ་གཉིས་དཀར་ཆག ཡང་དབེན་དུ་མི་ཕམ་པས་བཀོད་པ་དེར་ཡོད་དགོས་ན། མ་མཐོང་བས། ཤོག་གྲངས་དང་། ཡིག་འཕྲེང་བཅས་འགོད་གྲོགས་ཞུའོ།
ལ་དྭགས་པ་ཟེར་བ་ཅི་ཡང་མི་མཁྱེན་ནོ།།
རྒད་པོ་ཀླད་རྡིབ་ཅིག་ཡིན་པ་འདྲ།
སྨྲ་སྒོ་མཚོན་ཆ་ནི་རྒྱ་གར་གྱི་བརྡ་སྤྲོད་ཅིག་གོ བོད་ཀྱི་བརྡ་ལ་རབ་ཏུ་མི་འབྱོར་བ་ཞིག་ཡོད་པས། སི་ཏུ་ཚང་གིས་ཀྱང་བཀའ་བཀྱོན་ཞེ་དྲག་གནང་ཡོད་རེད།
པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིའི་རྣམ་ཐར་ཐོ་རེ་བ་བོད་ཀྱི་རྒྱུས་རྣམས་ལས་བྱུང་ཡང་དཀྱུས་གཅིག་ཏུ་བཀོད་པ་མ་མཇལ། སྨྲ་སྒོ་མཚོན་ཆ་ཁོང་གི་གསུང་ཡིན་པ་ཡོངས་གྲགས་རེད། དེའི་འགྲེལ་བ་ཐོག་མ་རོང་ཟོམ་ཀྱི་མཛད་པའང་སྔ་འགྱུར་པ་ལ་རྩོད་མེད་ཏུ་གྲགས། སྨྲི་ཏིའི་བོད་འགྱུར་གྱི་ཆོས་སྐོར་མང་ཆེ་བ་འཇམ་དབྱངས་ཀྱི་ཆོས་སྐོར་རེད། སྐབས་དེར་གསང་འདུས་དར་བའི་སྐབས་ཡིན་པས།སྔ་འགྱུར་གསང་འདུས་ཀྱི་སྐོར་ཡང་ཁོང་གིས་བསྒྱུར་གནང་པ་རེད། དཔེར་ན། མཚན་བརྗོད་སྒེག་རྡོར་འགྲེལ༎འཇམ་དཔལ་གསང་ལྡན། མཚན་བརྗོད་སྒོམ་ཁོག ཆོ་ག་དཔལ་ལྡན་བྱང་ཆུབ་ཀྱིས་མཛད་པ། རབ་གནས་ཤནྟཾ་གརྦྷས་མཛད་པ། སྤྱན་དབྱེ་དང་། གསང་ལྡན་གྱི་ཐོ་ཡིག སངས་རྒྱས་ཡེ་ཤེས་ལུགས་སྦྱོར་དྲུག གསང་འདུས་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་བླ་མའི་མན་ངག་ལྟར་བྲིས་པ། རྣམ་འཇོམས་གཟུངས་ཀྱི་མན་ངག་སོགས་སྨྲི་ཏི་རང་གིས་མཛད་པ། དགེ་བསྙེན་མ་སྙན་གྲགས་དགེ་མའི་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་དང་ཆོ་ག ངན་སོང་སྦྱོང་བའི་སྒྲུབ་ཐབས་ཀུན་སྙིང་གིས་མཛད་པ། སློབ་དཔོན་བདེ་བའི་སྨྱུ་གུས་མཛད་པའི་རྣམ་འཇོམས་འགྲེལ། སློབ་དཔོན་ཡེ་ཤེས་སྙིང་པོའི་མཛད་པའི་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་མན་ངག་རྒྱས་པ་དང་རྣམ་བཤད་སོགས་བཞུགས། འགྱུར་རྩལ། མན་ངག་ཐུགས་དམ་སོགས་ཤེས་པར་འདོད་ན་པོ་དོང་པཎ་ཆེན་གྱི་འདུས་པ་ཆེན་པོའི་སྐོར་ལ་གཟིགས་འཚལ།
སྨྲི་ཏིའི་རྒྱ་གར་ནས་སྐབས་དེའི་ཆོས་སྡེ་གང་གི་མཁས་པ་ཡིན་ནམ། ན་ལེན་ཌ་སོགས། སྐུ་ཚེའི་སྨད་དུ་བོད་ས་ཁུལ་ངག་དང་གང་དུ་ཕེབས་ནས་མཛད་འཕྲིན་སྐྱོང་ཡོད། དེ་དག་ཤེས་མཁན་ཡོད་ན་དྲྭ་ལམ་འདིའི་ནང་དུ་ཁ་གསལ་ཙམ་རེ་གསུང་གནང་རོགས།
# 9 རྡོ་རྗེ་སྐྱོབ་པ།་ལགས་ཀྱིས་མཆན་བཏབ་པ།:
August 5th, 2014 at 9:47 PM
ལ་དྭགས་པ་ཟེར་བ་ཅི་ཡང་མི་མཁྱེན་ནོ།།
རྒད་པོ་ཀླད་རྡིབ་ཅིག་ཡིན་པ་འདྲ།
སྨྲ་སྒོ་མཚོན་ཆ་ནི་རྒྱ་གར་གྱི་བརྡ་སྤྲོད་ཅིག་གོ བོད་ཀྱི་བརྡ་ལ་རབ་ཏུ་མི་འབྱོར་བ་ཞིག་ཡོད་པས། སི་ཏུ་ཚང་གིས་ཀྱང་བཀའ་བཀྱོན་ཞེ་དྲག་གནང་ཡོད་རེད།
སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་པ་ཆ་ཚང་ཞིག་གདག་གིས་སློབ་གྲོགས་གར་ཞ་པ། མཁས་དབང་སྐུ་གཤེགས་དངོས་གྲུབ་ཚེ་རིང་མཆོག་དང་ལྷན་ཏུ། བོད་སྐད་སྦྱོར་བ་ལ་མངའ་བརྙེས་པ། དཔལ་ལྡན་བླ་མ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨྲོས་པ། བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས་༡༩༦༠མགོ་སྟོད་དུ། ཝཱ་རཱ་ཎ་སཱིར་ཞུ་བའི་སྐལ་བ་བཟང་པོ་བྱུང་། བསྟན་བཅོས་འདི་ནས་གསུངས་པ་དེ་དག། གནའ་བོའི་བོད་ཀྱི་སྐད་ཀྱི་མིང་ཚིག་འབོད་ཚུལ་བདག་གི་ལུང་པར་ལུས་ཡོད་པ་དང་ཆེས་མཐུན། ལྷག་པར་དུ་བདག་སྒྲ་ལ། ངའི་ཁ་སྐད་དུ། ལྷ་ས་པ་དང་། རྒྱུ་གར་པ་ཞེས་པ་སོགས་སི་ཏུ་པཎ་ཆེན་གྱི་སུམ་ཅུ་པའི་འགྲེལ་པ་དང་ཆེས་མཐུན་པ་ཡོད། སྨྲ་སྒོ་མཚོན་ཆ་རྩད་ཆེན་པོ་ཡིན་པས། སི་ཏུས་ལེགས་ཆ་མང་པོ་ལ་མོས་མཐུན་ཡོད་པ་དག་ལ་ལེགས་པར་སློབ་སྦྱོང་དགོས།
ལོ་ན་ཚོད་ཀྱི་ཆ་ནས་ང་རྒན་རུང་། ལུས་ཐང་ལྷོད་ཀྱི་ཆ་ནས་ཆ་ནས་ཁྱོད་སྟོབས་ཆེའམ་བདག་ཆེ། དངོས་སུ་འགྲན་བསྡུར་བྱེད་ན། མ་གཏོགས་མི་ཤེས། འོན་ཀྱང་བདག་གི་ལུས་འདི་ནི་མི་རྟག་པ་རི་གཟར་གྱི་ཆུ་འབབས་པ་དང་འདྲ་བར་སེམས་སོ།
གཞན་ཡང་སྨྲ་སྒོ་མཚོན་ཆ་བོད་སྐད་ཀྱི་ཆེད་དྱ་བརྩམས་སམ་རྒྱ་གར་གྱི་སྐད་ཀྱི་ཆེད་དུ་བརྩམས། བསྟན་བཅོས་དེ་ལ་རྒྱུས་ཡོད་པ་དགོས། “སྨྲ་སྒོ་མཚོན་ཆ་ནི་རྒྱ་གར་གྱི་བརྡ་སྤྲོད་ཅིག་གོ བོད་ཀྱི་བརྡ་ལ་རབ་ཏུ་མི་འབྱོར་བ་ཞིག་ཡོད་པས།” ཞེས་པ་ནི་མ་རིག་པའི་དབང་གིས་བཤད་པར་མཐོང་། སི་ཏུ་པཎ་ཆེན་གྱིས་ལུང་བཀོད་པ་དག་ལ་བལྟ་ན། བོད་སྐད་ཀྱི་བརྡ་སྤྲོད་ཡིན་པར་ཆེས་གསལ་ལོ།
ལ་དྭགས་བློ་བཟང་ལགས། རོང་ཟོམ་ཀྱིས་གསུངས་བའི་སྨྲ་སྒོའི་མཚོན་ཆའི་འགྲེལ་བ་གཟིགས་འདོད་ཡོད་ཚེ། སི་ཁྲོན་ནས་དཔར་བསྐྲུན་བྱས་བའི་པོད་གྲངས་གཉིས་ཅན་ཡོད་འི་ནང་གསེས། དེབ་གྲངས་གཉིས་བའི་ཤོག་གྲངས་༤༡༣་ནས་༤༥༥ བར་ན་ཡོད་པས་དེར་གཟིགས་པར་ཞུ། གཞན་ཡང་སྨྲ་སྒོའི་འགྲེལ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ཞིག་ཀྱང་ཡོད། དེ་ནི་ས་སྐྱའི་བཀའ་འབུམ་མ་བའི་ཤོག་གྲངས་༧༦༧ ནས་༧༩༤ བར་ན་ཡོད།
མཁས་དབང་ལ་དྭགས་བློ་བཟང་འཇམ་དཔལ་མཆོག་གི་ཨེ་མེལ་ཁ་བྱང་ཡོད་མཁན་ཡོད་དམ།
རླངས་སྔགས་མཆོག་གིས་སྨྲ་སྒོ་མཚོན་ཆེའི་འགྲེལ་པ་རྣམས་གར་བཞུགས་རྒྱུས་མངའ་མཛད་པར་བཀའ་དྲིན་ཆེ། འགྲེལ་པ་དེ་དེ་དག་དང་། པཎ་ཆེན་ཤཱ་ཀྱ་མཆོག་ལྡན་གྱི་འགྲེལ་པ་བཅས་སློབ་གྲྭ་འདིའི་དཔེ་མཛོད་དུ་བཞུགས་ཕྱིར་ལག་ཏུ་འབྱོར་བར་ཐབས་ཤེས་ཞུ་ཆོག་བཀའ་དྲིན་ཆེའོ།
་
གནམ་བུ་མཆོག་ལ་བདག་གི་ཨེ་མེལ་ཁ་བྱང་འདི་ལྟར་ལགས། lj53@columbia.edu
སི་ཏུ་འབྱུང་གནས་ཀྱི་བདག་སྒྲ་འདོད་ཚུལ་ཀྱང་ཤེས་མི་འདུག
ཐབས་སྐྱོ་བ་ལ།
སྨྲ་སྒོ་མཚོན་ཆ་ནི་བོད་ཀྱི་བརྡ་ལ་མི་འབྱོར་བ་བོད་ཀྱི་མཁས་དབང་རྣམས་ཁ་གཅིག་གྲགས་རེད།
དེ་ནི་ཡིན་དགོས་བྱུང་སྟེ། ཕྱིའི་མི་ཞིག་ཇི་ལྟར་མཁས་པར་བཤད་ཀྱང་གཞན་གྱི་སྐད་ཀྱི་གཤིས་ཀ་དེ་རྟོགས་ཡ་ཡོང་ཐབས་མེད་པ་ཞིག་རེད། དཔེར་ན་ཁྱོད་ཀྱིས་བོད་ཡིག་འབྲི་ནའང་། བོད་ཡིག་འབྲི་བའི་རྩལ་ཁྱོན་ནས་མེད་པ་ལྟ་བུ་རེད། བལྟས་མ་ཐག་བོད་རིགས་མ་ཡིན་པ་ཞིག་ཡིན་པ་གསལ་ལྷང་ངེར་མཁྱེན་ཡོང་བ་ཞིག་འདུག
དེ་བས་ས་རིས་ཐང་གསལ་རེད་དོ།།
དེད་དཔོན་རྒས་ཀྱང་ལམ་རྒྱུས་བཟང་པས། རྒན་ལ་དྭགས་པའི་མཁྱེན་དཔྱོད། བརྩོན་པ། ལྷག་བསམ་རྨད་དུ་བྱུང་བའོ། །ཕྲན་ལྟ་བུ་ལོ་༨༠་སླེབས་དུས་རང་གི་མིང་ཡང་མི་བརྗེད་པའི་ངེས་པ་མི་འདུག མ་ཧཱ་བྷ་ར་ཏར། རྒྱལ་པོ་གང་ཚེ་དེ་ལ་ནི། །འཕེལ་ཞིང་འགྲིབ་པ་ཉིད་མེད་པ། །དེ་ཚེ་ཁྱོད་ནི་དར་མ་ཞེས། །ཁྱོད་ཀྱིས་སྨྲས་པ་གང་གིས་རིགས། །གང་ཚེ་དེ་ལྟར་ལུས་ཀུན་ལ། །སྐྱེས་བུ་གཅིག་ཉིད་གནས་གྱུར་པ། །དེ་ཚེ་ཁྱོད་དང་ང་འོ་ཞེས། །གང་སྨྲས་དེ་ནི་འབྲེལ་མེད་ཚིག །ཅེས་པའི་དོན་ལ་དགོངས་ཤིག །
རྒན་ལ་དྭགས་པ་ལ་ཡིད་སྨོན་ཤོར། ཉིད་ཀྱི་ལྷག་བསམ། བརྩོན་པ། གཟིགས་རྒྱ། དྲན་པ་སོགས་རྨད་དུ་བྱུང་། ཕྲན་ལོ་༨༠་སླེབས་དུས་འདི་འདྲའི་སྙིང་སྟོབས་པར་ཞོག་རང་གི་མིང་ཡང་ཤེས་དཀའ་སྙམས།
ཁྱོད་ལ་བོད་ཡིག་འབྲི་ཐུབ་པའི་རྩལ་ཡོད་ན། ཁོ་བོ་བཞིན་དུ། ཡོང་བ་ཞེས་མ་འབྲི་བར་འོང་བ། ཞེས་བྲི་ན། ངས་བོད་ཡིག་འབྲི་ཤེས་ཞེས་ངོམས་ཆོག དེ་མིན་ངེད་ཀྱི་ཁ་སྐད་ཁྱོད་ཀྱིས་མི་ཤེས། ཁྱོད་ཀྱི་ཁ་སྐད་ངས་མི་ཤེས་པ་མངོན་འགྱུར་ཡིན།
རྒན་ལ་དྭགས་ལགས།
ཐུགས་རྗེ་ཆེ། ཉིད་ཀྱི་སྨྲ་སྒོའི་སྐོར་སློབ་སྟོན་གནང་བས་བློ་སྐྱེད་འཕེལ་བྱུང་། སྐུ་ཉིད་གུང་ལོ་མཐོ་ཞིང་། འདས་པའི་ལོ་༦༠ལྷག་གི་རིང་ལ་བོད་ཀྱི་སྐད་དང་རིག་གཞུང་ལ་ཉམས་པ་གསོ་བཅུད་དང་མི་ཉམས་གོང་འཕེལ་གྱི་བྱ་བར་མཛད་རྗེས་ཆེན་པོ་བཞག་པས་གུས་པས་སྙིང་ནས་ཐུགས་རྗེ་ཆེ་ཞུའོ།
ཁྱེད་ལྟ་བུའི་མཁས་དབང་བློ་དཀར་རིག་གཞུང་དོན་གཉེར་ཅན་རྣམས་ཀྱི་མཛད་པ་གོ་སྐབས། བདག་ཚོར་སྤྲོ་བ་དང་སེམས་ཤུགས་སྦྱིན་པས། སླར་སྒོ་གསུམ་གུས་པས་ཐལ་མོ་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞུའོ།
ཁྱོད་ལ་དྭགས་ཀྱི་སྐད་ལ་ཡོང་མི་འབྲི་ན་མ་གཏོགས། ང་ཚོ་བོད་གངས་ཅན་གྱི་སྐད་ལ་འོང་དང་ཡོང་གང་ཚང་འབྲི་གི་རེད།
ད་དུང་ཁྱོད་དེབ་མང་པོ་དང་ཐོས་པ་མང་པོ་བསག་དགོས་ས་རེད།
ཤུགས་རྒྱོབས་ཤིག
ལོ་ངོ་ཉི་ཤུ་རྩ་གྲངས་སྔོན་དུ། ཨ་རིའི་གྲོང་ཁྱེར་ནེའུ་ཡོརྐ་ལ། བོད་ཀྱི་མཁས་དབང་ནམ་མཁའི་ནོར་བུ་མཆོག་དང་ལྷན་དུ་འོང་དང་ཡོང་གི་སྐོར་ལ་བགྲོ་གླེང་བྱུང་། ཁོང་གིས་གསུང་དོན་ཁམས་སྡེ་དགེ་རུ་འོང་མ་གཏོགས་ཁ་སྐད་དུ་ཡང་། ཡོང་མི་ཟེར་གསུངས་པ་དང་། བོད་རིག་གཞུང་སྐད་ཀྱི་དཔེ་ཆ་དག་པ་གང་དུའང་འོང་། ཞེས་པ་མ་གཏོགས། ཡོང་། ཞེས་བྲིས་མེད་པས་རིག་གཞུང་ཡི་གེའི་དག་ཆ་གཙོ་བོར་འཛིན་དགོས།
ལ་དྭགས་པའི་ཁ་སྐད་དུ་ཡང་། ཡོང་། ཞེས་མ་གཏོགས། འོང་། ཞེས་ཁ་ནས་མི་འཐོན་ཡང་། ཁ་སྐད་གཙོ་བོར་འཛིན་པས།བོད་སིལ་བུར་འགྲོ་བ་དང་། བོད་རིག་གཞུང་གི་ཡི་གེའི་དག་ཆ་ལ་གནོད་པ་ཆེར་མ་མཐོང་བ། ཁྱོད་ལྟ་བུ་དག་གིས་ཁ་སྐད་གཙོ་བར་བྱེད་པ་ཀུན་ལ་ལ་དྭགས་པ་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་དག་གིས་ངོ་རྒོལ་བྱས་དང་བྱེད་བཞིན་པའོ།
བསམ་ཤེས་མཆོག་དང་གཞན་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་རྣམས་ལ། སྨྲ་སྒོའི་ཚིག་སྔོན་ནས་བློ་ལ་ཡོད་པ་ཞིག་ནི།
་
ཏུ་ལ་སོགས་པ་ལ་དང་མཐུན།
དེ་ཉིད་དག་ནི་ལྷག་པ་ཡིན།
་
གསུངས་པ་སྟེ། ཏུ་ ར་ རུ་ སུ་ དུ་ ན་ རྣམས་ རྣམ་དབྱེ་ གཉིས་པ་དང་། བཞི་པ། བདུན་པ་རྣམས་སུ། ལ་དང་མཐུན་པར་སྦྱར་རུང་བ་དང་། དེ་ཉིད་དེ། བྱ་ཚིག་གི་ཁྱད་ཆོས་ལ་སྦྱར་མི་རུང་། དེ་ཉིད་ལ་ལེགས་སྦྱར་སྐད་དུ། ༿ཀྲི་ཡཱ་བི་ཤེ་ཥ་ཎ་༾བྱ་བའི་ཁྱད་ཆོས་ཞེས་པ་གོ་སླ། ལྷག་པ། ཞེས་པ་དེ་གོ་དཀའ་བས། ལེགས་སྦྱར་སྒྲ བི་ཤེ་ཥ། དམིགས་བསལ་ལ་གོ་དགོས་པར་མཐོང་། བྱ་ཚིག་གི་ཁྱད་ཆོས་ལ་ན་ལ་གཉིས་སྦྱར་དུ་མི་རུང་བ་དམིགས་བསལ་ཡིན། དེ་ཡང་། མྱུར་དུ། ཞེས་པར་མྱུར་ལ་དང་མྱུར་ན་ལྟ་བུ་བྱ་ཚིག་ཁྱད་ཆོས་སྦོར་ཚུལ་བོད་རིག་གཞུང་སྐད་ལ་མེད་པ་ལྟ་བུར་སེམས། དཔྱད་པར་མཛོད།
སྦོར་ཚུལ་ ཞེས་པར་་སྦྱོར་ཚུལ། ཞུས་དག་བྱས་སོ།
རོང་ཟོམ་གྱི་འགྲེལ་བ་དེར་ཅིའི་ཕྱིར་རང་འགྲེལ་ཟེར་གི་ཡོད་པ་རེད་དམ། དྲི་བ་ཡིན།
དབུས་པའི་ཁ་སྐད་ཡིག་སྐད་གཉིས་སུའང་། ཡོང་གི་འདུག ཡོང་གི་མི་འདུག་ཅེས་གསལ་པོ་ཞེ་དྲག་བརྗོད་ཅིང་འབྲི་བ་ཡིན།
ལ་དྭགས་པས་ཇི་ཟེར་ལ་ནི་བོད་པར་འབྲེལ་བ་གང་ཡང་མེད། སྡེ་དགེ་ཁམས་པ་དག་གི་སྐད་ལ་ཉན་ལ་ཁྱོན་ནས་མེད་དེ། ཁམས་པ་དེ་དག་གིས་གངས་ལ་གོངས། སྐྱིད་ལ་ཤིད། རང་ལ་རོང་།
བོད་ལ་བད་ཟེར་བ་སོགས་དེ་དག་གི་སྐད་ལ་ཆ་འཇོག་ཅི་ཡང་མེད་དོ།།
དེ་བས་ཉིད་ནས་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པ་ལྟར། བོད་མི་དངོས་མ་རྣམས་དང་འགྲོགས་ནས་བོད་ཀྱི་བརྡ་དྲི་མ་མེད་པ་དག་ལ་སྦྱོང་བརྩོན་བྱེད་གྲོགས། མ་གཞི་རང་ང་ཚོ་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་གྲོད་ཁོག་བརྒྱང་མཁན་ཞིག་ནི་ཡིན་པ་འདྲ། དེ་ལ་དམིགས་བསལ་བཏང་ཤོག དེ་བས་མི་རིགས་གཞན་པ་ལ་ང་ཚོ་བོད་ཀྱི་སྐད་དེ་གོ་ལོག་ཅིག་ཏུ་འགྲེལ་བཤད་མ་རྒྱག་རོགས།
གསེར་གྱི་ཕོར་བ་ལག་ནས་ཤོར་ཡོང་ཉིན་མ་གཅིག བོད་ཀྱི་བརྡ་ལ་སྦྱོངས་ཤིག
རོང་སྟོན་༼༡༣༦༧་་་༡༤༤༩༽ལོར་དང་། རོང་ཟོམ་༼་་་་་་་ ་་་ ་་་་་་་་་༽ག་དུས་འཁྲུངས་འདས་བྱུང་བ་རེད། ལགས།
ཆེད་དུ་བརྗོད་པའི་ཚོམས་ལེའུ་ཉི་རྩ་ལྔ་པའི་ཚིགས་གཅད་ཉེར་གཉིས་པ་ན།
བྱིས་པ་གང་ཞིག་བྱིས་པའོ་ཞེས།
ཤེས་པ་དེ་འདིར་མཁས་པ་ཡིན།
བྱིས་པ་གང་ཞིག་མཁས་སེམས་པ།
དེ་ནི་བྱིས་པ་ཞེས་བརྗོད་དོ།། ༢༢ །།
་
དེ་བཞིན་མཁས་དབང་དགེ་ཆོས་ཀྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པའི་བྱིས་འི་སྡེ་ཚན་ཚིགས་བཅད་བཞི་པ་ན།
་
བླུནཔོར་སེམས་པའི་བླུན་པོ་ནི།
དེའི་ཕྱིར་མཁས་པ་ཉིད་ཀྱང་ཡིན།
བླུན་པོ་མཁས་པར་དྲེགས་པ་ནི།
ངེས་པར་བླུན་པོ་བྱ་བར་བརྗོད།། ༤
རྨོངས་པའི་རང་གིས་རང་ལ་རིགས་པས་བརྟག་དཔྱད་མེད་ན། སངས་རྒྱས་ཀྱི་གསུང་འདི་ལ་བདག་ལ་གོ་དགོས་པར་འདུག་གོ། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་གཏམ་མི་བྱེད་དོ།
ལ་དྭགས་པས་ཟེར་རྒྱུས་ཕོངས་པའི་རྟགས་ཟངས་མར་བསྟན་མ་སོང་ངམ།
དེ་ཡང་ཐེག་པ་ཆུང་ངུའི་ལུགས་ཀྱི་མཁས་པ་གྲགས་ཅན་ཀླུའི་སྡེ་སྟེ་མདོ་རྗེས་མ་གྲགས་ཅན་རྒྱལ་པོ་མི་ལིནྡས་ཞུས་པ་ཞེས་པར་རྒྱལ་པོ་མི་ལིནྡ་དང་ལྷན་དུ་རྩོད་པ་བྱེད་དུས་འདི་ལྟར་དྲིས་པར་ཐལ་ཏེ། བདག་ཅག་མཁས་པའི་ལུགས་ཀྱིས་རྩོད་པ་བྱེད་དམ། རྒྱལ་པོའི་ལུགས་ཀྱིས་རྩོད་པ་བྱེད། རྒྱལ་པོའི་ལུགས་ཀྱི་རྩོད་པ་བྱེད་ན་ནི་ཁྱེད་སྟོབས་དང་དབང་ཆེ་བས་བདག་འཇིགས་ཀྱི། པནྜཱི་ཏའི་ལུགས་ཀྱི་རྩོད་པ་བྱེད་ན་ནི་དེ་ལྟ་ཉིད་དུ་དེ་ལ་གཞུག་པར་བྱའོ།། ཞེས་གསུངས་པ་ལྟར། ཁོ་བོའང་མཁས་པའི་ལུགས་ཀྱི་རྩོད་པ་ལ་འཇུག་གི སྨྱོན་པ་དག་དང་ལྷན་དུ་ནམ་ཡང་མི་རྩོད་དེ། དེ་ལས་བླང་བྱ་ཅི་ཡང་མེད་པས་སོ།།
དེས་ན་བདག་གིས་འདིར་ཁྱོད་ལ་ཅིའི་ཕྱིར་རིག་པའི་སྦྱིན་པ་འཛེམས་མེད་དུ་གཏོང་བ་ཡིན་ཞེ་ན། དེ་ནི་ལ་དྭགས་པ་ལྟ་བུ་བོད་ཀྱི་བརྡ་ལ་མ་བྱང་བཞིན་དུ་སྔོན་གྱི་འགྱུར་དག་མ་དག་ཅི་རིགས་ལ་བརྟག་དཔྱད་ཀྱི་བགྱི་བ་ཅི་ཡང་མེད་པར། ཤ་གཟུགས་ཟ་རྐྱང་གིས། རང་གིས་མ་མཐོང་བ་དང་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་འདི་ནོར། དེ་ཡང་ནོར་ཞེས་རང་ཉིད་ཁོ་ན་ཚད་མར་བཟུང་བ་འདི་སྤ་བཀོང་བར་འདོད་པ་སྟེ། བོད་ཀྱི་སྐད་དང་ཡི་གེ་ཟེར་བ་འདི་སྔོན་གྱི་འགྱུར་རྒྱ་གར་གྱི་ལེགས་སྦྱར་གྱི་ཤན་ཆེས་ཆེར་ཞུགས་པ་དེ་ཁོ་ན་མ་ཡིན་པའི་བརྡ་སྤྲད་པ་ཡིན་ནོ།།
དེ་བས་དེ་ཤེས་པར་གྱིས་ལ། རྟིང་མར་ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། བོང་བུ་མ་སོང་ལམ་ཕྲན་མང་ཞེས་པའི་བོད་ཀྱི་གཏམ་དེ་རྣ་བའི་དཔྱིད་དུ་བྱོས་ལ། བབ་ཅོལ་དང་བླུན་པོའི་སྨྲ་བ་ཉུང་ངུར་བྱོས།
བོད་དང་བོད་ཀྱི་སྐད་ཡིག་གིས་ཁྱོད་ལ་མི་ཚེ་འཁྱོལ་བར་བྱས་པའི་བཀའ་དྲིན་བརྗེད་དུ་ཕངས་པ་དེ་ནམ་ཡང་དྲན་པར་བྱོས་ཏེ། བོད་ཀྱི་བརྡ་ལ་བྱང་བར་བྱས་ཏེ། ཕྱི་མི་རྣམས་ལ་ལུང་སྟོན་པ་ལ་སོགས་པའི་དོན་ལོག་དང་དོན་མེད་དུ་མ་འགྲེལ་རོགས་ཞེས་ཅིས་ཀྱང་ཞུ་ཐལ་ཤོར་རོ།།
ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། བོང་བུ་མ་སོང་ལམ་ཕྲན་མང་།
ཞེས་པ་ང་ལ་མ་ཟད་འདི་ཉིད་ཤིན་ཏུ་ནས་ཁྱོད་ལ་ཡང་འོས་པར་འདུག་སྟེ།
རྒྱལ་པོ་མི་ལིནྡས། ཞེས་པ་སྔ་འགྱུར་གྱི་འཇིག་རྟེན་མིག་ཅན་རྣམས་ཀྱིས་བོད་སྐད་དུ། ཟིན་པའི་བོད་སྐད་ཀྱི་མིང་བཀོལ་མེད་པའི་རང་མཚང་རྡོལ་བ་དངོས་སུ་མཐོང་ངོ་།
རྒན་ལ་དྭགས་པའི་ལམ་སྟོན་ལ་བཀྲིན་ཆེ་ཞུ། ཁྱེད་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཡང་ཞུས།
རྡོ་རྗེ་སྐྱོབ་པ་ཟེར་བས།
“དབུས་པའི་ཁ་སྐད་ཡིག་སྐད་གཉིས་སུའང་། ཡོང་གི་འདུག ཡོང་གི་མི་འདུག་ཅེས་གསལ་པོ་ཞེ་དྲག་བརྗོད་ཅིང་འབྲི་བ་ཡིན།་ ་ ་སྡེ་དགེ་ཁམས་པ་དག་གི་སྐད་ལ་ཉན་ལ་ཁྱོན་ནས་མེད་དེ། ཁམས་པ་དེ་དག་གིས་གངས་ལ་གོངས། སྐྱིད་ལ་ཤིད། རང་ལ་རོང་། བོད་ལ་བད་ཟེར་བ་སོགས་དེ་དག་གི་སྐད་ལ་ཆ་འཇོག་ཅི་ཡང་མེད་དོ།།” བོད་རིག་གཞུང་སྐད་ཡིག་ལ་མ་རྩིས་པར་དེ་སྐད་བརྗོད་པ་ནི་ཆགས་སྡང་གི་གཏམ་ཏེ། ཇི་སྐད་དུ། དཔལ་ཆོས་ཀྱི་གྲགས་པས།
་
བདག་ཡོད་ན་ནི་གཞན་དུ་འདུ་ཤེས།
བདག་གཞན་ཆ་ལས་འཛིན་དང་སྡང་།
འདི་དག་དང་ནི་ཡོངས་འབྲེལ་ལས།
ཉེས་པ་ཐམས་ཅད་འབྱུང་བར་འགྱུར།།
་
ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པས།
་
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།
འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི།
ཀྱེ་མ་གཞན་གི་གནམ་པོར་འགྱུར་ཉིད་དོ།།
་
ཞེས་པ་དབུས་པའི་ཁ་སྐད་བཟང་བ་དང་། ཁམས་པའི་ཁ་སྐད་ངན་པར་རྩི་བའི་མགོ་བོ་ལ་རྡོ་རྗེའི་གཟེགས་མ་འབེབས་དགོས་པར་མཐོང་། ཞེས་དང་། “མ་གཞི་རང་ང་ཚོ་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་གྲོད་ཁོག་བརྒྱང་མཁན་ཞིག་ནི་ཡིན་པ་འདྲ།”ཞེས་པར་ལ་དྭགས་དང་། ཧི་མཱ་ལ་ཡའི་ལྗོངས་སུ་འཁོད་པའི་བོད་རིགས་དང་། འབྲུག་སོགས་ཀྱི་བོད་སྐད་དེ། དབུས་སྐད་མ་ཡིན་པའི་ཆ་ནས་བོད་སྐད་མ་ཡིན་ཟེར་བ་ནི། བོད་སིལ་བུར་སོང་བ་དེ་སླར་ཡང་ཆེས་ཆེར་བོད་སིལ་བུར་གཏོང་བའི་ཐ་ཤལ་གྱི་གཏམ་མོ། ཞེས་དང་། དབུས་ཀྱི་ཁ་སྐད་གཙོ་བོར་འཛིན་པས་བོད་རིག་གཞུང་སྐད་ཀྱི་ཡི་གེ་དག་ཆ་ལ་སྐྱོན་ཆེན་པོ་ཤོར་་ཡོད་པ་ཤེས་པར་གྱིས་ཤིག ཅེས་སོ།
ཡོང་ལས། འོང་འདི་དག་པ་དང་། ཆོས་སྐད་མཐུན་ཆེ་བ་རེད།
མཛའ་བཤེས་ཕན་པར་འདོ་རྣམས་ཀྱི།
གང་ཞིག་སྨྲས་པ་མི་འཛིན་པ།
རུས་སྦལ་ཁ་ནས་ཤིང་ཤོར་ལྟར།
དེ་ནི་ལྷུང་ཞིང་ལུས་པར་འགྱུར།།
ལོ་ངོ་༦༠རེ་གྲངས་སྔོན་དུ་བཀྲ་ཤིས་ལྷུན་པོར་ངང་པ་གཉིས་ཀྱིས་རུས་སྦལ་བར་སྣང་ན་ཁྱེར་བ་ན། རུས་སྦལ་གྱིས་ང་རྒྱལ་གྱིས་སྨྲས་པས་དེ་ས་ལ་ལྷུངས་ཏེ་མི་རྣམས་ཀྱིས་བསད་པ་ན། ལྷ་རྣམས་ཀྱིས་གོང་གི་ཚིགས་སུ་བཅད་པ་དེ་དུས་བློ་འཛིན་བྱས་སོ།
བདག་གིས་བག་མེད་བྱས་པ་རྣམས་ལ་འགྱོད་དེ་བབ་ཡོད་དང་ལྡན་པར་བཅོས་ན་འབྲས་བུ་བཟང་པོར་མཐོང་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས།
་
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ།
ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་།
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།
དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན།།
་
བཤེས་སྤྲིངས། ཚིགས་བཅད། ༡༤
་
མི་ལིནྡ། ཞེས་པའི་མིང་ཚིག་དེ་ཉིད། འདུ་སྦྱིན། ཞེས་བསྒྱུར། བོད་ཀྱི་གདན་ས་ཁག་་གི་སློབ་ཚན་པོ་ཏི་ལྔ་ཡོད་པ་གཅིག་གི་ནང་ན། “རྒྱལ་པོ་འདུ་སྦྱིན་གནས་བརྟན་ཀླུའི་སྡེའི་ཐད་དུ་འོངས་ནས། བཙུན་པ་དགེ་སྦྱོང་རྣམས་ནི་སྨྲ་བ་མང་བ་ལགས་སོ།” ཞེས་པ་ལ་སོགས་པ་བྲིས་སོ།
ཡག་པོ་འདུག
༄༅། །གླིང་རྗེ་གེ་སར་དང་པཎ་ཆེན་སྨྲྀ་ཏི་གཉིས་དུས་མཉམ་ཡིན་པའི་སྐོར།
རྩོམ་པ་པོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།
རྒྱལ་བ་ཙོང་ཁ་པ་ཆེན་པོ་སྐུ་མ་བལྟམས་གོང་དང་ཞལ་བཞུགས་པའི་དུས་དང་མྱ་ངན་ལས་འདས་པའི་ཕྱི་ནས་ཏེ་ལན་བདུན་གྱི་བར་དུ་གངྒའི་ནང་ནས་རང་བྱུང་དུ་བྱོན་པའི་རྒྱ་གར་གྱི་ལི་རིགས་འདྲ་བ་ངོ་མཚར་ཤིན་ཏུ་ཆེ་བ་ཡོང་བར་གནང་སྟེ། དེ་དག་ལས་རིང་བསྲེལ་ཅན་གཅིག་རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེའི་ཐུགས་དམ་རྟེན་དུ་ཡོད་ཚོད་ལས་ཧ་ཅང་ངེས་པོ་མེད། སྨྲྀ་ཏིའི་ཕྱག་ཚ་པར་ཡུལ་བྱང་ངམ་རིང་གི་ས་ཆར་གཅིག་དང་རྟ་ནག་རྒྱང་མཁར་ཕྱུག་པོར་གཅིག ཤངས་ཆུམས་ཀྱི་ཡུལ་དུ་གཅིག་རྣམས་ཡོངས་གྲགས་ཡིན་ཅིང་། ཁམས་སུ་ཕེབས་ནས་འགྲོ་དོན་མཛད་སྐབས་གླིང་རྗེ་གེ་སར་གྱིས་བདུད་ཧོར་ལྗང་གསུམ་བཅོམ་ཞིང་། རྒྱ་དང་གཡུལ་མ་འཁྲུགས་ཀྱི་བར་དེར་པཎ་ཆེན་གྱི་དགོན་པར་གཟུག་པའི་དད་བླངས་མཛད་སྐབས་སྔར་གྱི་ཧོར་གྱི་བུ་བསད་པས་མནའ་ཟོས་པའི་འབྲས་བུར་རྒྱལ་པོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར་པཎ་ཆེན་སྨྲྀ་ཏིའི་ཚ་ཚའི་ལྷག་གི་འཇིམ་པ་བླངས་ཏེ་སྡེམ་བྱས་པས་དབུ་འཕྲལ་ལ་གསོས་པའི་ལོ་རྒྱུས་འདུག་པས་དེར་དཔགས་ན་ཁམས་སུ་ཡང་ཚ་ཚ་མང་དུ་ཡོད་ཚོད་འདུག (《མདོ་སྔགས་ཀྱི་གནད་རྣམས་ལ་དྲི་བ་ཞུས་པའི་ལན་རྣམས་ཆབས་ཅིག་ཏུ་བསྡེགས་པ་བཞུགས་སོ》(སྣ་རིང་མ)ཞེས་པའི་ཤོག་གྲངས༥བ་ནས་བཤུས། །)