གྲོལ་ཧེ་རུ་ཀཿ
1- དུས་ཚོད་ནམ་ཡིན་གསལ་བོར་མི་དྲན་མོད། ང་རང་མཐོ་འབྲིང་སྐབས་ཤིག་ཡིན་པ་ཡོད། སྦྲང་ཆར་དུས་དེབ་ཅིག་ལས་པདྨ་ཚེ་བརྟན་གྱི་སྒྲུང་རྩོམ་གྲགས་ཅན་སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ་ཞེས་པའི་སྒྲུང་འབྲིང་ཞིག་ཀློག་པའི་སྐལ་བ་བྱུང་། དེ་ནས་བཟུང་པདྨ་ཚེ་བརྟན་བརྩམ་ཆོས་ཁྲོད་ནས་ངོ་ཤེས་ཤིང་ཁོང་དང་ཁོང་གི་ཡིག་ཐོག་བརྩམ་ཆོས་ལ་མོས་གུས་ཚད་མེད་སྐྱེས་མྱོང་། སྐབས་ཐོག་དེར་ང་གཅིག་པོ་མ་རེད་རྩོམ་རིག་ལ་དབྱིངས་ཞུགས་པའི་ན་གཞོན་རྩོམ་དགའ་ཚང་མ་ཁོང་ལ་དགའ་མོས་ཆེན་པོ་རེད། སྤྱི་ལོ་ཉིས་སྟོང་གསུམ་བཞི་ཡས་མས་ཤིག་ལ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་ཟློས་གར་གློག་བརྙན་ཞིག་ལ་ཐོག་མར་བལྟས་ཡིན། གློག་བརྙན་བལྟས་ནས་རྗེས་རྗེས་སུ་མ་གཏོགས་གློག་བརྙན་དེའི་རྩོམ་པ་བོ་པདྨ་ཚེ་བརྟན་ཡིན་པ་ཧ་གོ་མ་སོང་། གློག་བརྙན་དེ་ཡག་མ་ཡག་གི་ཚོར་བ་དམིགས་བསལ་གང་ཡང་བྱུང་བ་མི་དྲན། འོན་ཀྱང་རྗེས་ནས་གློག་བརྙན་དེའི་རྩོམ་པ་བོ་བོད་པ་ཞིག་དང་ལྷག་ཏུ་སྒྲུང་རྩོམ་པ་གྲགས་ཅན་པདྨ་ཚེ་བརྟན་ཡིན་པ་ཤེས་པས་གློག་བརྙན་དེ་ལ་སྔོན་མ་ལས་ལྡབ་འགྱུར་གྱིས་ཇེ་དགའ་དང་གདེངས་འཇོག་ཇེ་ཆེར་འགྲོ་སོང་། སྤྱི་ལོ་ཉིས་སྟོང་ཡར་མར་ལ་ང་ཚོའི་བསམ་པར། གློག་བརྙན་ཞིག་ཡོད་ན་དེའི་རྩོམ་པ་བོ་དང་འཁྲབ་སྟོན་པ་སོགས་ཚང་མ་ཤང་ཀང་གི་རྒྱ་མི་ཏག་ཏག་ལོས་ཡིན་སྙམ་པ་དེ་རེད། སྤྱི་ལོ་ཉིས་སྟོང་ལྔ་ཙམ་ནས་བཟུང་ད་བར་དུ་པདྨ་ཚེ་བརྟན་གྱི་བརྩམ་ཆོས་གང་ལའང་དོ་སྣང་གཏད་གཏད་དུ་བསྡད་ཡིན།
2- བར་སྐབས་ཤིག་ལ་པདྨ་ཚེ་བརྟན་གྱིས་པེ་ཅང་དུ་གློག་བརྙན་སྐོར་ཆེད་སྦྱོང་བྱེད་གི་ཡོད་རེད་ཅེས་གོ་མྱོང་ཡོད། བོད་ཀྱི་རིག་གནས་པའི་སྡེ་ཚང་མས་གོ་ཡོད་བཞག་བཞག་ཡིན། མི་རིགས་རང་ལུགས་ཀྱི་ལྟ་བ་ཡོད་པའི་ན་གཞོན་རྩོམ་དགའ་ཚང་མས་ཁོང་ལ་རེ་བ་ཆེན་པོ་བཞག་མྱོང་ཡོད། དུས་རབས་ཀྱི་བཞུར་འགྲོའི་དང་འཚམས་པའི་སྒྱུ་རྩལ་རིག་གནས་གསར་བ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་བསམ་དཔལ་གཉིས་ལ་མཛེས་ཆོས་ཤིག་དཀྲུས་ཨེ་མི་ཡོང་སྙམ་པའི་རེ་བཞག་ཚང་མར་ཡོད་རེད། ད་རུང་ཡིན་ཡང་ཡོད་རེད། རྒྱུ་མཚན། པདྨ་ཚེ་བརྟན་ཁོང་བོད་ཀྱི་རྩོམ་པོ་ཞིག་ཡིན་པ་དང་ཐོག་མར་བོད་ཡིག་གི་ལམ་ནས་སྒྲུང་རྩོམ་འབྲི་མཁན་ཞིག་ཡིན་པ། བརྩམ་ཆོས་ཀྱི་ནང་དོན་ཡང་བོད་ཀྱི་འཚོ་བ་དངོས་དང་ཐར་གར་འབྲེལ་ཡོད་པ། ཁོང་བོད་ཀྱི་འཚོ་བ་དངོས་ལ་ཆ་རྒྱུས་གཏིང་ཟབ་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་མཐའ་དག་ལའང་གང་ལ་གང་འཚམས་མྱོང་བ་ཡོད་མཁན་ཞིག་ཡིན་པས། རེ་བཞག་ཆེན་པོ་དེའང་དེ་ལྟར་བྱུང་བ་རེད།
3- ཉེ་བའི་ལོ་ཤས་རིང་པདྨ་ཚེ་བརྟན་གྱི་མཚན་སྙན་གྲགས་བོད་དང་ཀྲུང་གོའི་ས་མཚམས་ལས་བརྒལ་ཏེ་འཛམ་པུ་གླིང་ལ་ཁྱབ་སོང་། བྱ་དགའ་ཡང་མང་པོ་བླངས་སོང་། བོད་ལ་མཚོན་ན་བོད་མི་ཞིག་གིས་དེ་ལྟར་འཇོན་པ་ཧ་ཅང་དགའ་འོས་པ་རེད། ངོ་སོ་བསྟོད་ཡིན། ལྷ་དགའ་ཀླུ་དགའ་ཡིན། འོན་ཀྱང་བྱ་དགའ་དང་མཚན་སྙན་དེ་དག་ཇི་ལྟར་བླངས་པའི་ཚུལ་ནི་ང་ལ་མཚོན་ན་ཧ་ཅང་མཚར་རོ་ཞིག་ཆགས་སོང་། ངོ་མ་མཚར་རོ་མཚར་རོ་ཞིག་རེད་སོང་།
4- གློག་བརྙན་སྐོར་གྱི་ཤེས་བྱ་ཆེད་སྦྱོང་བྱེད་མྱོང་བའི་ན་གཞོན་འཁྲབ་གཞུང་རྩོམ་པ་བོ་ཞིག་ང་ལ་གྲོགས་པོ་ཡོད། ཁོང་དང་ང་གཉིས་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམ་ཚོས་ཐད་ནས་ལྟ་བ་མི་མཐུན། ཁོང་གིས་ང་ལ་འཕྲིན་ཐུང་འདི་བསྐུར་ནས་པདྨ་ཚེ་བརྟན་དང་ཁོའི་བརྩམ་ཆོས་སྐོར་ལ་རང་གི་ལངས་ཕྱོགས་མཚོན་པར་བྱས་སོང་། (དེ་འདྲའི་དྲན་ཚུལ་ཡོད་མཁན་འདུག་མོད། འོན་ཀྱང་། བློ་དྲང་པོ་དང་སྒྱུ་རྩལ་བརྩམས་ཆོས་ཀྱི་ངོས་ནས་ཟུར་བལྟས་ལེབ་མཐོང་བྱས་ཚེ། ཁོའི་བརྩམས་ཆོས་དག་རང་ངོས་ནས་དོན་སྙིང་ཆེར་མཐོང་གི་ཡོད། དེ་ནི་ང་རང་གློག་བརྙན་ཕྱོགས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་ལྟར་མཐོང་བ་ཡིན། ལྷག་དོན་ཁོའི་བརྩམས་ཆོའི་རེ་རེའི་བརྗོད་བྱ་སྤྱིར་བཏང་བ་དག་ལ་རྗོད་བྱེད་སྒྱུ་རྩལ་གྱི་ཁམས་ཟབ་མོས་དཀྲིས་པས། དེ་ནི་བོད་ཙམ་དང་ཀྲུང་གོ་ཙམ་གྱི་ས་མཚམས་ཆུ་མཚམས་ནས་ལྟ་རྒྱུ་མ་ཡིན་པར། དེ་ནི་དུས་སྐབས་འདིའི་མི་རྣམས་ཀྱི་ནང་སེམས་ཀྱི་གསེད་དཀྲོལ་ཞིག་ཡིན་པར་འདོད། དེ་ནས་ཁོའི་བརྩམས་ཆོས་གླེང་ཚེ་བརྩམས་ཆོས་རེ་རེའི་བྱེ་བྲག་ཏུ་བབ་སྟེ་མྱོང་རོལ་ཟབ་མོའི་ངང་ནས་གླེང་དགོས་པར་སྙམ། ཁོ་ནི་རྩོམ་རིག་དང་གློག་བརྙན་གང་ཅིས་ཐད་ནས་དུས་རབས་འདི་ཡི་མི་སྣ་དམིགས་བསལ་གྱི་གྲས་ཞིག་ཏུ་བགྲང་ཆོག་སྙམ།) འཕྲིན་ཐུང་འདི་ངའི་གྲོགས་པོའི་ལྟ་ཚུལ་རེད། ད་རུང་ལྟ་ཚུལ་འདི་ཡོད་མཁན་སྒྱ་རྩལ་རྩོམ་རིག་ལ་དབྱིངས་ཞུགས་པའི་བོད་མི་མང་པོ་ཡོད་པ་ཐག་ཆོད་རེད། འོན་ཀྱང་མཚར་རོ་ཞིག་ལ་ང་ཁོང་ཚོའི་ལྟ་ཚུལ་དང་གཏན་ནས་མཐུན་གྱི་མི་འདུག
5- གློག་བརྙན་ལ་དཔྱད་བརྗོད་ཀྱིས་མཛེས་ཆོས་ཇི་ལྟར་དཀྲུས་ཀྱང་། མཛེས་ཆོས་དག་དོན་དངོས་དང་མ་མཐུན་ཚེ། གཅེར་བུར་རྒྱུ་བའི་བགྲེས་མོར་གཡུ་བྱུར་རྒྱན་གྱིས་སྤུད་པ་ལྟར་ཧ་ཅང་ཁྲེལ་བའི་གནས་སོ།། ཐར་ལོ། ལག་དམར། དབུགས་ལྒང་གསུམ་རིམ་པར་སྒོར་ཐོན་ནས་བོད་ཀྱི་རིག་གནས་པའི་སྡེ་ལ་འུར་ཆེན་པོ་བསླངས་སོང་། རིག་གནས་མེད་པའི་རི་བོང་ཅལ་འདྲོགས་པ་རྣམས་མང་པོ་ཞིག་སྡེབ་འདྲོགས་སྡེབ་འདྲོགས་བྱས་ནས་ཚར་སོང་། རིག་གནས་སྦྱང་མྱོང་བའི་རི་བོང་ཅལ་འདྲོགས་པ་རྣམས་ད་རུང་སིལ་འདྲོགས་སིལ་འདྲོགས་བྱེད་ཀྱིན་འདུག འདྲོགས་འདྲོགས་ནས་ཚང་མ་སོང་ཤུལ་དུ་ང་རང་གཅིག་པོ་ལྷག་འདུག དེ་བས་ཁོ་བོ་ཡང་ཤུལ་དུ་ནག་ཐོ་སེ་འདུག་བཟོད་མ་བདེ་པར་སེམས་ལ་གང་དྲན་དྲན་བྲིས་ན་མཚར་རོ་ཞིག་ཡིན།
6- ཨ་མཚར་རོ་ཞིག་ལ། གློག་བརྙན་ནང་གི་(东风汽车、三轮车, 五羊膜通车)བཅའ་ལག་འདི་ཚོ་པདྨ་ཚེ་བརྟན་གྱི་གློག་བརྙན་ལེགས་འགྲུབ་བྱུང་བའི་རྒྱུ་གཙོ་གྲས་ཀྱི་གྲངས་རེད། འཕྲུལ་འཁོར་འདི་ཚོས་ཁོང་ལ་མཚན་སྙན་དང་བྱ་དགའ་རྩ་ཆེན་ཏག་ཏག་ས་རྒྱ་ཁོག་གཏིང་ནས་དབོར་ཏེ་ཡོང་བར་འདོད། གང་ལྟར་མཚན་སྙན་གྲགས་འདི་ཚོ་ངོ་མ་མཚར་རོ་ཞིག་རེད། ཁོང་གི་གློག་བརྙན་བརྩམ་ཆོས་དག་ང་ཚོས་བལྟས་ཚར་རེད། ཅི་འདྲ་ཞིག་ཡིན་མིན་ང་ཚོའི་སེམས་ལ་ཧ་ཅང་གསལ་བོ་ཆགས་ཚར་རེད། དཀྱུས་མ་དཀྱུས་མ་ཞིག་རེད། མ་ཟད་ང་རང་སྒེར་ལ་མཚོན་ན་བརྗོན་དོན་དང་སྒྱུ་རྩལ་གཉིས་ཀ་ཧ་ཅང་སྤྱིར་བཏང་ཕལ་བའི་གློག་བརྙན་ཞིག་ཏུ་ཚོར་སོང་། འོན་ཀྱང་མཚར་རོ་ཞིག་ལ་སྐད་གྲགས་ཞེ་དྲགས་འགྲོ་སོང་། འགྲོ་དགོས་པའི་རྒྱུ་མཚན་ནི་ཇི་ལ་བསམ་ཡང་མཚར་རོ་མཚར་རོ་ཞིག་རེད། དཔེར་ན་ཁོང་གི་བརྩམ་ཆོས་དག་གི་བརྗོད་བྱའི་དུས་བབས་བོད་གསར་རྙིང་གཉིས་ཀྱི་དབར་མཚམས། ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་རྐྱང་རེད། གནའ་རབས་མེད་ལ་དེང་རབས་ཀྱང་མི་འདུག རྐང་བཙུགས་ནས་ལོ་རབས་དེ་འདྲ་ཞིག་འདམས་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། ཐར་ལོ་དང་།ལག་དམར། དབུགས་སྒང་སོགས་ཚང་མས་ལོ་རབས་དེ་རང་འདམས་འདུག དོན་ངོ་མ་ཁོའི་བརྩམ་ཆོས་ཀྱི་རིན་ཐང་དངོས་དེ་གང་ན་ཡོད་དམ། བཤད་མི་བདེ་བའི་གསང་བ་ཞིག་གིས་བཅུག་པ་རེད་དམ། ཡང་ན་ཁོའི་བརྩམ་ཆོས་དག་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་དང་འབྲེལ་བ་རེད།
7- ངས་བསམ་ན་སྤྱིར་བཏང་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམ་ཆོས་རང་ངོས་ན་སྒྱུ་རྩལ་གྱི་རིན་ཐང་གང་ཡང་མི་འདུག་སྙམ། ཁྲབ་སྟོན་མི་སྣའི་སྣང་བརྙན་འགྲིག་ཙམ་ལས་གཞན་འཁྲབ་གཞུང་གི་བསྟན་དོན། འཁྲབ་སྟོན་སྒྱུ་རྩལ། འཁྲབ་ཚིག འཁྲབ་སའི་ཡུལ་དངོས། བརྙན་ཕབ་དུས་ཚོད་སོགས་ཡག་པོ་གཅིག་ཀྱང་མི་འདུག ད་རུང་ཆེས་སྡུག་ཤོས་ཤིག་ལ་པར་མིག་ལག་རྩལ་ཧ་ཅང་སྐྱོ་བོ་རེད། ཁ་གཡར་ས་གཞན་ཞིག་བཙལ་ནས་ས་བསྟོད་གནམ་བསྟོད་དེ་འདྲ་བྱས་ན་གང་ཤེས་མ་གཏོགས། གཞན་བརྙན་ཕབ་སྒྱུ་རྩལ་(CAMERA SKILL)ཧ་ཅང་སྐྱོ་བོ་རེད། མདོར་ན་ངའི་དོགས་པ་དེ། པདྨ་ཚེ་བརྟན་ནི་中国共产党གིས་ཆེད་དུ་གསོ་སྐྱོང་བྱས་པའི་བོད་ཀྱི་གསང་བའི་མི་སྣ། རྒྱལ་སྤྱི། རྒྱལ་ནང་། བོད་སོགས་ལ་གཅིག་གོབ་གཉིས་ཆོད་ཅིག་མིན་ནམ་སྙམ། དཔེར་མ་ལི་ཐང་གི་ཕོ་སར་བསྟན་འཛིན་ལྟ་བུ་རེད།
8- གློག་བརྙན་དཔྱད་འདེམས་པ་ཚོས་མ་ཤེས་ནས་ཁོང་ལ་མཚན་སྙན་དང་བྱ་དགའ་རྩ་ཆེན་ཏག་ཏག་སྤྲད་ནོར་ཤོར་བ་རེད་དམ་ཞེ་ན་དེ་ཡང་མ་རེད་། རྒྱ་རིགས་དཔྱད་འདེམས་པ་ཚོས།བོད་ལ་མཚོན་ན་འཁྲབ་གཞུང་རྩོམ་པ་བོ། འཁྲབ་ཁྲིད་པ། འཁྲབ་སྟོན་པ་སོགས་ཚང་མ་བོད་རིགས་རྐྱང་ཡིན་པ་དང་། གློག་བརྙན་བརྗོད་དོན་ཡང་ཀྲུང་གོའི་གུང་ཁྲན་རང་ལུགས་ཀྱི་ཐུགས་དགོངས་དང་མཐུན་པ། འགོ་འབུས་མ་ཐག་པའི་བོད་ཀྱི་གློག་བརྙན་ལས་རིགས་ལ་དམིགས་བསལ་ངོ་སོ་སྤྲད་ནས་སྙིང་རྗེ་བལྟས་པ་རེད་འདུག་སྙམ། མགོ་སེར་དཔྱད་འདེམས་པ་ཚོར་མཚན་ན། བོད་འདི་མ་གཞི་ནས་མཚར་རྫས་ཤིག་ལ་འདོད་ཀྱིན་ཡོད་རེད། མཚར་རྫས་ཀྱི་ཆ་ཐམས་ཅད་མཚར་རྫས་ཡིན་པ་གཞི་ལ་བཞག་ནས་བོད་ཀྱི་གློག་བརྙན་བརྩམ་ཆོས་འདི་ལ་ཡང་མཚར་མཚར་གྱི་བྱ་དགའ་ཞིག་སྤྲ་པར་བདག་གིས་འདོད་ཀྱིན་ཡོད། ཁོང་ཚོར་མཚོན་ན་གློག་བརྙན་ཐར་ལོའི་མགོ་མཇུག་ཐམས་ཅད་མཚར་རོ་མཚར་རོ་ཞིག་ཡིན་པ་ཐག་གིས་ཆོད།
9- ཞིབ་ཏུ་བསམ་ན། ཐར་ལོའི་ནང་གི་མི་སྣ་ཐར་ལོ་དང་གཡང་མཚོ་གཉིས་ཀྱིས་ཅི་ཞིག་མཚོན་གི་ཡོད་དམ། སྐབས་དེའི་བོད་ཀྱི་འཚོ་བ་མཚོན་གྱིན་ཡོད་ན། སྐབས་དེར་བོད་ས་ཡོངས་ལ་ཐར་ལོ་དང་གཡང་མཚོ་ལྟ་བུ་ག་ཚོད་ཡོད་དམ། དབུགས་ལྒང་ནང་གི་ཁྱིམ་ཚང་དེས་སྐབས་དེའི་བོད་མཚོན་གྱིན་ཡོད་ན། སྐབས་དེར་བོད་ལ་ཁྱིམ་ཚང་དེ་འདྲ་ག་ཚོད་ཡོད་དམ། ཆུང་མ་དེའི་སེམས་ཁམས། བྱིས་པ་གཉིས་ཀྱི་རྩེད་སྤྱད་སོགས་བོད་པ་བྱིངས་ཀྱི་འཚོ་བའི་དོན་དངོས་དང་ཡོངས་སུ་འགལ་འདུག གལ་སྲིད་གློག་བརྙན་དེ་ཚོས་མཚོན་དོན་ཆིག་རྐྱང་བ་ཡིན། བོད་བྱིངས་མི་མཚོན་ཞེ་ན། དེ་ནས་གློག་བརྙན་དེ་ཚོའི་མཚོན་དོན་ཡང་ཁྱིམ་ཚང་རེ་གཉིས་དང་མི་སྒེར་ཁ་ཤས་ཀྱི་འགྲོ་འདུག་སྤྱོད་གསུམ་འཁྱལ་འཆོལ་ཁོ་ན་མཚོན་པའི་བརྗོད་དོན་ཆིག་རྐྱང་ཅན་གྱི་གློག་བརྙན་ཕལ་བ་ཞིག་ལས། སྒྱུ་རྩལ་གྱི་ཁམས་ཆེན་པོ་ལྡན་ཞིང་བོད་བྱིངས་ཀྱི་རིན་ཐང་མཚོན་པའི་གློག་བརྙན་རྩེ་གྲས་ཤིག་གང་ནས་ཡིན། དབུགས་ལྒང་དང་ལག་དམར་ནང་དུ་ཆོས་ལུགས་དང་འཚོ་བ་སྐྱ་འཐབ་པའི་བརྗོད་དོན་ཟར་ཟུར་རེ་མཐོང་རྒྱུ་ཡོད་མོད། དེ་ནི་པདྨ་ཚེ་བརྟན་གྱི་དམིགས་སའི་བརྗོད་དོན་མ་རེད། རང་དང་རང་གི་གློག་བརྙན་ལ་མིང་ཆད་ངན་པ་མི་འབྱུང་ཕྱིར་བཅོས་མའི་ཟློས་གར་འཁྲབ་པ་ཙམ་རེད།
10- ཕར་བལྟས་ཙམ་གྱིས་པདྨ་མ་ཚེ་བརྟན་ནི་གདོང་ལ་འཛུམ་མདངས་མེད་ཅིང་སེམས་དཔངས་བསམ་ངན་གྱིས་བཟུང་བའི་མི་སྡུག་ལི་ཞིག་ཡིན་པ་ངང་གིས་ཚོར་འོང་། པདྨ་ཚེ་བརྟན་གྱི་གློག་བརྙན་ནང་གི་བོད་ནི། མཚོ་སྔོན་ཁུལ་གྱི་སྐྱ་ཆད་སྔོ་སྡུག་གི་གྲོང་གསེབ་ཁ་ཤས་རེད་ལ། དེ་ཡང་གུང་ཁྲན་ཏང་གིས་གསུང་བའི་ཆེས་རྗེས་ལུས། ཆེས་ཀླ་ཀློའུ། ཆེས་མུན་ནག ཆེས་འབྱོར་མེད་ཀྱི་བོད་ཡུལ་ཞེས་པའི་དགོངས་པ་དང་ཡང་ཧ་ཅང་མཐུན།
11- དེང་གི་མི་རྣམས་ཀྱི་སེམས་ངོར། བོད་ཡུལ་ནི་འཛམ་གླིང་གི་ཡང་རྩེ། རི་མཐོ་ས་གཙང་། གནམ་སྔོ་སྤྲིན་དཀར། གངས་རི་ཤེལ་གྱི་མཆོད་རྟེན། སྤང་ལྗོངས་ནེའུ་གསིང་མ་ཌལ། མཚོ་མོ་གཡུ་ཡི་མེ་ལོང་། རང་བྱུང་གི་མེ་ཏོག་སྣ་བརྒྱ། སྨན་རྩྭ་སྣ་མང་གི་དྲི་བསུང་ཕྱོགས་བཞིར་ཁྱབ་པའི་དྭངས་གཙང་མིའི་ཞིང་ཁམས་ཤིག་ལ་འདོད་ཀྱིན་ཡོད་རེད། བོད་མི་རྣམས་ནི་རང་བཞིན་དྲང་ལ་གཤིས་རྒྱུད་འཇམ་པ། གདོང་ལ་ཡལ་མེད་འཛུམ་མདངས་ཀྱིས་རྟག་ཏུ་བྱུགས་པ། ཆ་རྐྱེན་སྐྱོ་ཡང་འཚོ་བར་ལྷོད་བག་ལྡན་པ། རང་ལ་རྒྱུ་འབྱོར་གང་ཡོད་དུ་ཆོག་ཤེས་འཛིན་པ། དངུལ་སྒོར་མང་ཉུང་གིས་འཚོ་བར་གནོན་ཤུགས་ཆུང་བ། འཚོ་བ་དང་མི་ཚེར་ནམ་ཡང་འཆར་ཡན་གྱིས་ཕྱུག་པ། རྟ་ནོར་ལུག་གསུམ་སོགས་གཡང་གི་སྒོ་ཟོག་སེམས་ཅན། སྣོད་ཀྱི་རི་ནགས་གསུམ། ཞལ་ཟས་མར་ཆུར་རྩམ་གསུམ། འགྲོ་བ་མི་རྣམས་བཅས་ཐམས་ཅད་རང་བྱུང་ཁམས་དང་ངོ་བོ་རོ་གཅིག་ཏུ་འདྲེས་པའི་གསང་བའི་གནས་ཁྱད་པར་ཅན་ཞིག་ལ་འདོད་ཀྱིན་ཡོད་རེད། འོན་ཀྱང་པདྨ་ཚེ་བརྟན་གྱི་གློག་བརྙན་ནང་གི་བོད་ནི། གོང་གི་ནང་དོན་དང་ཡོངས་སུ་འགལ་བའི་རང་བཟོས་བོད་ཁམས་ཤིག་རེད་བཞག
12- པདྨ་ཚེ་བརྟན་གྱི་ནང་སེམས་ཁམས་ནི་སྐྱ་འཁོགས་ཀྱི་འཇིག་རྟེན་ཞིག་རེད། ལག་དམར་ནང་གི་མི་སྣ་སྦྱིན་པ་གཉིས་ཀྱི་གདོང་མདོག ཐར་ལོ་དང་ཁོང་གི་སྦྱིན་བདག་གི་ཁ་ཏོག གློག་བརྙན་གཉིས་ལ་ཡུལ་ལྗོངས་བྲིས་པའི་མདོག གློག་བརྙན་ཕབ་བསྐྲུན་བྱེད་སའི་ཡུལ་དངོས། ཕབ་བསྐྲུན་བྱེད་པའི་དུས་ཚོད། ཁྱོན་ཡོངས་ནས་གློག་བརྙན་གྱི་མཁའ་དབུགས་སོགས་ལ་བལྟས་ན། རྩོམ་མཁན་ཁོང་གི་ནང་སེམས་ནི་མྱ་ངན་གྱི་ཐང་སྟོང་ཞིག་རེད་ལ། ཁོང་གིས་མཐོང་བའི་བོད་ཀྱི་སྣོད་བཅུད་གཉིས་ཀའང་གློག་བརྙན་གྱི་ཁ་དོག་དང་འདྲ་བར་སྐྱ་མདོག་ཅིག་རེད། དེའང་ཆབ་སྲིད་ཀྱི་འགྲེལ་བཤད་མེད་པའི་རང་བྱུང་གི་སྐྱ་མདོག་ཅིག་རེད། སྐྱ་མདོག་དེ་བོད་ཀྱི་དོན་དངོས་རང་བཞིན་དང་མི་མཐུན་མོད་གུང་ཁན་ཏང་གི་བོད་ལྗོངས་སྤྱི་འགྲེལ་དང་ཧ་ཅང་མཐུན།པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་གྱི་དམིགས་ཡུལ་དངོས་ནི་བོད་ཀྱི་སྣོད་བཅུད་གཉིས་ལ་དམའ་འབེབས། མཐོང་ཆུང་། ཁྱད་གསོད། བརྙས་བཅོས་སོགས་བྱེད་རྒྱུ་དང་། ནང་ལོག་གི་རྒྱ་རིགས་ཚོ། ཕྱི་རྒྱལ་མགོ་སེར། མདོར་ན་མི་ཡོད་ཚད་ལ་བོད་མིའི་རང་བཞིན་གཙང་མར་འགྲེལ་ལོག་བརྒྱབས། བོད་མིའི་མི་ཚེར་ལྟ་ཚུལ་དང་མཛེས་དཔྱོད་སེམས་ཁམས། འཚོ་བའི་འགྲོ་ལུགས་འགྲོ་སྟངས་ཐམས་ཅད་ལ་སྒྲོ་སྐུར་ཅི་རིགས་བྱེད་རྒྱུ་དེ་རེད། སུའི་ཆེད་དུ་དང་ཅིའི་ཕྱིར་འགྲེལ་ལོག་རྒྱག་གི་ཡོད་མེད་ནི་རྩོམ་མཁན་ཁོ་རང་མ་གཏོགས་གཞན་ཐམས་ཅད་ལ་གསང་བའི་གནས་ཤིག་རེད། པདྨ་མ་ཚེ་བརྟན་ལྟ་བུའི་མི་སྣ་ཞིག་བོད་ཀྱི་གློག་བརྙན་སྐོར་ལ་འབུར་ཐོན་སྣེ་ཁྲིད་པ་དང་མིག་དཔེ་བལྟ་ཡུལ་དུ་བཟུང་ན་ང་ཚོའི་མ་འོངས་པའི་གློག་བརྙན་སྒྱུ་རྩལ་གྱི་མདུན་ལམ་ཡང་བདེ་སྐྱིད་མེད་པའི་མི། ཚེ་གང་བོར་གདོང་པར་སྐྱ་འཁོགས་ཁུར་བའི་ཐར་ལོ་དང་། སྦྱིན་པ་གཉིས། དབུགས་ལྒང་ནང་གི་ཁྱོ་ཤུག་གཉིས་སོགས་དང་འདྲ་བོ་ཆགས་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།
13- མ་བརྟག་མ་དཔྱད་པའམ་བརྟག་དཔྱད་ཀྱིས་མ་འདང་བར་གཞན་གྱིས་ཅི་བཤད་འུར་གྱིས་བདེན་དུ་འཛིན་པ། རང་གིས་ཅུང་ཤེས་པ་རྒྱུ་མཚན་དུ་བྱས་ནས་སྡེབ་ཀྱིས་འུར་ལངས་སླ་བའི་བོད་ཕྲུག་རྩོམ་དགའ་དག་ནི། རིག་གསར་སྐབས་མོ་ཙེ་ཏུང་གིས་བེད་སྤྱོད་བཏང་བའི་རྒྱ་རིགས་ན་གཞོན་ཤེས་ཡོན་པར་རློམ་མཁན་ཚོ་འུར་ལངས་སྟངས་དང་ཧ་ཅང་འདྲ་འདུག པདྨ་ཚེ་བརྟན་གྱི་གློག་བརྙན་དག་གིས་རང་བཞིན་དྲང་བའི་བོད་ཕྲུག་རྩོམ་དགའ་རྣམས་ལ་ཅལ་འདྲོགས་ཆེན་པོ་བསླངས་སོང་། སྒྱུ་རྩལ་གྱི་མཁའ་དབུགས་བཙོག་ལ་རྫོབ་པའི་གློག་བརྙན་འདི་དག་གིས།བོད་མིའི་བཅོས་མེད་དྭངས་གཙང་གི་སྣང་བརྙན་འབག་བཙོག་ཅན་དུ་བསྒྱུར་སོང་། དེ་ནི་མཇུག་འབྲས་ཆེས་མ་རུང་བ་ཞིག་རེད་དོ།།
2022.10.1 བཅུ་བའི་ཚེས་གཅིག་ཀྲུང་གོའི་རྒྱལ་བཙུགས་དུས་ཆེན་ཉིན་རྩོམ་མཇུག་བསྡུས་ཏེ་པདྨ་ཚེ་བརྟན་ལགས་ལ་སྤྲིངས་སོ།།
བོད་ཀྱིས་བརྩམས་སྒྲུང་ཞིག་བྲིས་ན་རེད། བོད་ཀྱིས་གློག་བརྙན་ཞིག་བཟོས་ན་རེད། དེའི་ནང་གི་མི་སྣ་གཙོ་བོ་དེ་གླེན་པ་ཞིག་འབྲི་བཞེངས་བྱ་དགོས་པ་རེད། འདི་གུང་ཁྲན་ཏང་བཀས་བཅད་རེད། དེ་ལས་འདས་པར་བྱས་ཚེ། ཁྱོད་ཀྱི་བརྩམས་སྒྲུང་པར་རྒྱག་ཐུབ་ཀི་མ་རེད། ཁྱོད་ཀྱི་བརྩམས་སྒྲུང་རྒྱ་ཡིག་སོགས་སུ་བསྒྱུར་ཐུབ་ཀི་མ་རེད། ཁྱོད་ཀྱི་གློག་བརྙན་སྟོན་ཐུབ་ཀི་མ་རེད། ཁྱོད་ཀྱི་གློག་བརྙན་ལ་བྱ་དགའ་ཐོབ་ཀི་མ་རེད། འདི་རྩོམ་པ་པོ་དང་འཁྲབ་གཞུང་འབྲི་མཁན་དང་ཕབ་སྐྲུན་བྱེད་མཁན་སོགས་ལ་འབྲེལ་བ་ཅང་མེད། གུང་ཁྲན་ཏང་སྐུ་མ་གཤེགས་བར་དུ་འདི་ལྟར་འགྲོ་ཡ་རེད།