སྐྱོ་བྲག་དགའ་དབང་།
ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ནས། ཨ་མདོ་བ་པདྨ་འབུམ་མཇལ་བྱུང་། ཁོང་གིས་བདག་གཉེར་བྱས་པའི་ཁ་བརྡ་དྲ་བར་རང་རོགས་ཀྱི་རྩོམ་དུམ་ཆོ་ཡོད་ལ་མེད་མང་པོ་ཞིག་འགོད་སྤེལ་བྱ་མྱོང་ཡོད་པས། ངས། ཁོང་ལ། བཀའ་དྲིན་ཆེ། ཞེས་ཞུས་པ་ཡིན། ཁོང་ནི་བོད་པའི་སྤྱི་ཚོགས་ནང་ནས་ཤེས་ལྡན་མི་སྣའི་གྲས་རེད། ངེད་གཉིས་ཤེས་ཡོན་གྱི་ཐད་ནས་ལབ་གླེང་མང་དག་བྱས་པ་ཡིན།
ཁོང་གི་ལོ་ནའི་བབས་ཀྱིས་བོད་པའི་སྐད་ཡིག་འཕེལ་འགྱུར་ཐད་རྒྱུས་མངའ་ཡོད་སྟབས། ངས་ཁོང་ལ། ང་ཚོའི་སྐད་ཡིག་གི་གནས་བབས་དིང་སང་ཅི་འདྲའམ། ཞེས་དྲིས་པ་ན། ཁོང་གིས། སྤྱིར་སྤྱི་ཚོགས་དྲ་བ་དང་། ལྷག་ཏུ་འཕྲིན་ཕྲན་དར་ཁྱབ་བྱུང་བ་ནས། བོད་པའི་སྤྱི་ཚོགས་ནང་དུ་བོད་ཡིག་འབྲི་མཁན་ཧ་ལས་པ་མང་དུ་ཕྱིན་པ་རེད། ཡིན་ནའང་། འབྱུང་འགྱུར་རྒྱུན་མཐུད་གནས་མིན་ནི་འདྲི་རྟགས་ཤིག་རེད། དཔེར་ན། ཉེ་དུས་ཀྱི་བརྙན་འཕྲིན་ཞིག་ཏུ། བུ་ཆུང་ཞིག་ལ་གླེང་མོལ་བྱེད་པ་ན། དྲི་བ་དང་ལན་ཚང་མ་བོད་སྐད་ཡིན་པའི་མཇུག་ཏུ་གྲོགས་པོའི་བར་དུ་ཡིག་འབྲེལ་ག་རེས་བྱེད་ཀྱི་ཡོད། ཅེས་དྲིས་སོང་བ་ན། རྒྱ་ཡིག་འབྲི་བཞིན་ཡོད། ཅེས་ལན་བཏབ་བྱུང་། དེ་ནི་ཧ་ལས་པའི་ཉེན་བརྡ་ཞིག་རེད། ཟེར།
ངས་ཁོང་ལ། ང་ཚོ་ནི་བོད་ཀྱི་སྐད་ཡིག་ལ་ཤེས་ཡོན་ཡོད་པ་དང་དུང་བ་ཟབ་པའི་མི་བུ་ཤ་སྟག་རེད། ང་ཚོས་ན་གཞོན་ཚོ་ལ་སྟབས་བདེའི་སྐད་ཡིག་ལམ་སྟོན་བྱེད་ཤེས་དགོས་པ་ཡིན། ཞེས་ལབས་པར་ཁོང་གིས། རྒྱལ་དབང་ཀརྨ་པས་ཕྱག་རོགས་གནང་བ་ལ་བརྟེན་ནས། ང་ཚོས་རྩོམ་དེབ་ལེགས་གདམས་བརྒྱ་བརྒྱད་བོད་སྒྱུར་གྱི་ལས་འཆར་འགྲོ་བཞིན་པ་ཡིན། ཕན་པ་ཡོད་པའི་རྩོམ་དེབ་བོད་སྒྱུར་བྱེད་ཐུབ་པ་ཡིན་ན། བོད་རང་གི་སྐད་ཡིག་གི་ཐོག་ནས་རྩོམ་དེབ་གྲགས་ཅན་རྣམས་བལྟ་ཆོག་པ་ལས་སྐད་ཡིག་གཞན་པ་ལ་བརྟེན་དགོས་ཡོད་པ་མ་རེད། ཟེར།
ངས་ཁོང་ལ། དེས་ཀྱང་ཕན་ནི་ཐོགས་ཀྱི་རེད། ཡིན་ནའང་། དེ་ཁོ་ནས་འགྲིག་པ་ཞིག་ནི་མ་རེད། ཅེས་ལབ་པ་ན། ཁོང་གིས། འོ་ན་ཇི་ལྟར་དགོས་སམ། ཟེར་བར། ངས། དགོས་ཐག་ཆོད་ནི། སྐད་ཡིག་ཁ་ལག་ཏུ་ཡོང་ཐུབ་པ་ཞིག་དགོས་ཀྱི་གདའ། ད་ལྟ་ང་ཚོའི་སྐད་ཡིག་ནི་ཧ་ལས་པའི་འགྱངས་པོ་ཞིག་རེད། བོད་ཡིག་ཤེས་པ་ཐུན་མོང་གིས་གོ་ཐུབ་པའི་ཡིག་སྦྱོར་འདི་ནི་བོད་པའི་ལེགས་སྦྱར་རེད། སྐད་ནི་ལུང་ཕྲན་རེ་ན་མ་འདྲ་བ་རེ་ཡོད་པའི་ཡུལ་སྐད་ཟེར་བ་འདི་རེད། འདི་བཞིན་སྐད་ཡིག་བར་འགྱང་མུ་མཐུད་སོང་བ་ཡིན་ན། ནམ་ཞིག་བོད་པ་ལའང་རྒྱ་གར་དང་གཅིག་མཚུངས་ཆགས་ཀྱི་རེད། རྒྱ་གར་བས། སྡེབ་སྦྱོར་ལེགས་པའི་རང་སྐད་ལ་ལྷ་ཡི་སྐད་རེད། ཟེར་ནས་གུས་བརྩི་བླ་མེད་བྱས་ནའང་། ཐ་མ་མི་ཡུལ་གྱི་སྐད་ཡིག་མིན་པ་ཆགས་ཏེ། རྒྱ་གར་གྱི་སྤྱི་སྐད་ནི་མི་རིགས་གཞན་པའི་སྐད་ཡིག་རེད། ང་ཚོ་བོད་སྐད་ཀྱི་ལེགས་སྦྱར་ཡང་བཀའ་བསྟན་གྱི་ཕུང་པོ་ཙམ་དུ་གྱུར་ཏེ། བོད་པའི་སྤྱི་སྐད་ཀྱི་ཚབ་མཚོན་ལ་ནི་མི་རིགས་གཞན་པའི་སྐད་ཡིག་ཅིག་ཡོང་ངེས་པ་ཡིན། ཞེས་བཤད་པ་ན།
ཁོང་གིས། འོ་ན་ཁྱོད་རང་གིས་སྐད་ཡིག་ཉེ་རུ་གཏོང་བའི་ཐབས་ཤེས་འདྲ་མཐོང་གི་འདུག་གམ། ཟེར་བར། ངས། ཡིག་སྐད་དག་ནང་ཆོས་ཀྱི་ངོ་མཚར་བའི་བཤད་པ་ཁོ་ནའི་སྟེང་དུ་མ་བཞག་པར་ཁ་ལག་ཏུ་ཡོང་བར་བྱེད་པ་སྟེ། དཔེར་ན། དབྱིན་སྐད་ཀྱི་ Update ལ་བོད་སྐད་ཀྱི་གསོ་སྦྱོང་བེད་སྤྱོད་བཏང་ན། ནང་དོན་ཧ་ལས་པའི་ཉེ་བོ་ཡོང་གི་རེད། ཡུལ་སྐད་ལ་མཐོང་ཆུང་མ་བྱས་པར་ཡིག་ཐོག་ཏུ་འགོད་གང་ཐུབ་བྱས་ན་སྐད་ཡིག་འདྲེས་དཔེ་ལས་སླ་བོ་རེད། ཅེས་བཤད་པ་ཡིན།
ཡང་ཁོང་གིས། ཡུལ་སྐད་རྩོམ་ཡིག་ཏུ་བྲིས་ན། གྲོང་ཚིག་རེད། ཟེར་ནས། ཁ་གཏོང་ཡོང་གི་འདུག །ཟེར། ངས། ཟེར་སྲོལ་དེ་ནི་ཡག་པོ་ཞིག་ཁྱོན་ནས་མ་རེད། དེས་སྐད་ཡིག་རྒྱང་ཆད་དུ་གཏོང་གི་རེད་ལ། གོ་བ་ལོན་པ་ལའང་བར་ཆད་བྱེད་པ་སྟེ། དཔེར་ན། སྙན་ངག་དཔེ་རྒྱན་གྱི་མཚུངས་གསལ་གྲས་ལ། རིགས། ཟེར་བ་ཞིག་ཡོད། དེ་ངས་ཐོག་མའི་སྐབས་སུ་གོ་ཤེས་ཀྱི་མེད། གཞུག་མ་དངོས་ར་འཕྲོད་ཡོང་བ་ན། ང་ཚོའི་ཡུལ་སྐད། བུ་ཕ་ལ་རིགས་གདའ། བུ་མོ་མ་ལ་རིགས་གདའ། ཟེར་བ་དེ་ཀ་རང་རེད་ཤག །དག་ཡིག་རྣམས་སུ་བརྡ་རྙིང་ཡིན་རབས་བྲིས་པ་ཕལ་མོ་ཆེ་ནི། ད་ལྟའང་ལུང་པ་སོ་སོའི་ཡུལ་སྐད་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་ནི་གསལ་པོ་རེད། ཡུལ་སྐད་ལ་མ་ལྟོས་པའི་ཡིག་སྐད་ཅིག་གང་ནའང་ཡོད་པ་མ་རེད། ཅེས་ཞུས་པ་ན། ཁོང་གིས་ཀྱང་ངོས་ལེན་གནང་གི་འདུག །
ངེད་གཉིས་གླེང་མོལ་གཞན་དག་ཀྱང་བྱས་མོད་འདི་ནི་གཙོ་གནད་ཡིན་པས་ཡིག་ཐོག་ཏུ་བཀོད་པ་ཙམ་མོ། །
མདོ་དོན་ཡིག་སྐད་ཕལ་སྐད་དུ་བཅོས་དགོས་ཟེར་བ་ཡིན་འདུག མོས་མཐུན་མེད། རྒྱུ་མཚན་ནི། ད་ལྟ་ཡོད་བཞིན་པའི་བཀའ་བསྟན་གྱི་ཡིག་སྐད་ནི་བོད་ཡིག་དང་བོད་སྐད་ཤེས་པ་ཡོངས་ཀྱིས་གོ་ཐུབ་པའི་སྐད་ཡིན་པར་མ་ཟད། གོ་དོན་གཏིང་ཟབ་སྟེར་ཐུབ་པའི་འཛམ་གླིང་ནང་གི་ཡིག་སྐད་གཅིག་པུ་དེ་རེད་ཅེས་བརྗོད་ན་མི་ཆོག་པ་མེད། དེ་ལ་བཅོས་བརྒྱབ་ན་བྲོ་བ་མེད་པའི་ཅལ་ཅོལ་ཞིག་ཏུ་གྱུར་ཉེན་ཆེ། ད་ཆ་གཞོན་རབས་མང་པོ་ཞིག་གིས་ཤེས་ཁག་པོ་འདུག་ཅེས་སློབ་སྦྱོང་མི་བྱེད་པ་དང་། རོབ་ཙམ་ཤེས་མཁན་ཚོས་ཀྱང་ལག་ལེན་དངོས་ཀྱི་སྐབས་རྒྱ་ཡིག་དང་། ཨིན་ཡིག་མ་གཏོགས་བེད་སྤྱོད་གཏོང་ས་མེད་པ་དང་། གཏོང་གི་མེད་པའི་སྟབས་ཀྱིས་བོད་ཡིག་བེད་སྤྱོད་མེད་པར་གྱུར་དང་འགྱུར་བཞིན་པ་ལས་མིང་ཚིག་གིས་མ་འགྲིགས་་པ་མིན་པ་ང་ཚོ་ཚང་མས་ཧ་གོ་དོན་གསལ་རེད།
རྒན་དགའ་དབང་ལགས། རྒན་པད་མ་འབུམ་ལགས་ཀྱིས་རིག་གནས་རང་གི་སྐོར་ལ་དཔྱད་རྩོམ་ཞིག་བྲིས་ཡོད་ཚོད་འདུག་ན། སྐུ་ཉིད་ལ་ཆ་རྒྱུས་འདྲ་ཡོད་ན་མཁོ་སྤྲོད་གནང་ན་ཨེ་ཆོག །བཀའ་དྲིན་ཆེ།
བཀའ་དྲིན་ཆེའོ།
ཡུལ་སྐད་ཡིག་སྐད་ལ་ཕར་བསྟུན་དགོས་པ་གལ་ཆེན་པོ་རེད། དེ་མ་གཏོགས་ཡུལ་སྐད་ཡིག་ཐོག་ཏུ་འགོད་རྒྱུ་མང་སོང་ན་ནམ་ཞིག་ད་ལྟ་ང་ཚོས་བཤད་ན་གོ་བརྡ་མི་འཕྲོད་ཀྱང་བྲིས་ན་གོ་བརྡ་འཕྲོད་པའི་གནས་སྟངས་འདི་ཡང་མེད་པར་གྱུར་ཏེ། བོད་ཆོལ་ཁ་གསུམ་ཕན་ཚུན་ཡིག་ལམ་ནས་ཀྱང་གོ་བརྡ་འཕྲོད་མི་ཐུབ་པ་ཞིག་ཏུ་འགྱུར་ངེས།
སྐྱོ་བྲག་དགའ་དབང་ལགས་ཀྱིས་གསུང་ལྟར་བྱས་ན། ཡུལ་སྐད་ཚིག་མཛོད་ཀྱི་དེབ་བརྒྱ་ཕྲག་མང་པོ་པར་བསྐྲུན་བྱེད་དགོས་རྒྱུ་རེད།
Update གསོ་སྦྱོང་
འདི་འཇུག་བསྡོམས་སམ་ཡང་ན་གཙང་སེལ་ལ་གོ་དགོས་པ་ནི་
དབྱིན་སྐད་ UPDATE ཟེར་བའི་ཐ་སྙད་འདི་དངུལ་ཁང་སོགས་
རྩིས་དང་འབྲེལ་བ་ཡོད་པའི་ཐ་སྙད་ལ་ངོས་འཛིན་ཞུ་གི་ཡོད་།
བོད་མིའི་སྐད་ཡིག་ལ་ལེགས་བཅོས་སམ་བསྐྱར་བཅོས་སམ་
བཟོ་བཅོས་དགོས་པ་མ་མཐོང་ཞིང་གལ་ཆེ་བཤོས་དེ་བོད་མི་
རིགས་གསོན་པོར་གནས་ཐུབ་པའི་རྩ་བ་བོད་མིའི་སྐད་ཡིག་
རིག་གཞུང་ལ་ཐུག་པ་ནས་སྐད་ཡིག་དང་རིག་གཞུང་སྲུངས་སྐྱོབས་
བྱ་རྒྱུ་བོད་མི་ཚང་མས་གལ་ཆེན་དོན་ཆེན་ལ་རྩི་གི་ཡོད་ན་སྐད་
ཡིག་དང་རིག་གཞུང་སྲུངས་སྐྱོབས་བྱ་རྒྱུའི་སྔོན་དུ་བོད་མི་རིགས་
ལ་སྲུངས་སྐྱོབས་བྱ་རྒྱུ་དེ་སྔོན་འཐོན་བྱ་དགོས་པ་ལས་བོད་མི་རིགས་
འདི་ཐོག་མ་ཉིད་ནས་གྲངས་ཉུང་ཡིན་པ་དང་བཙན་བྱོལ་སྤྱི་ཚོགས་
ནང་ཡོད་པའི་བོད་མི་ཚོ་ཡང་ཕྱིའི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་
གཏོར་བ་ནང་བཞིན་བྱས་ནས་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་ལ་འགན་སྲུངས་འོག་བསྡད་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་འགན་འཁུར་རྒྱུ་དེ་བྱིས་སྒྲུང་ངམ་ཁ་སྒྲུང་ལས་མ་འདས་པ་དང་དེང་སྐབས་བོད་ཕྱི་ནང་གཉིས་སུ་མཁས་པ་ཚོའི་བརྩམས་དེབ་མང་པོ་འཐོན་བཞིན་པ་དེ་དག་བལྟ་ཀློག་བྱ་མི་དཀོན་པ་ནས་གལ་ཆེ་བཤོས་བོད་མིའི་སྐད་ཡིག་བོད་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཐུབ་པའི་འཁོར་ཡུག་བསྐྲུན་དགོས་པ་ལས་བོད་མིའི་སྐད་ཡིག་དང་རིག་གཞུང་ཕྱི་མི་ལ་འགྲེམས་སྟོན་རྒྱུད་ནས་ངོ་སྤྲོད་ཐུབ་པ་ཙམ་གྱིས་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུངས་སྐྱོབས་ཐུབ་པར་ནམ་ཡང་ངོས་འཛིན་བྱ་མི་ཉན་ནོ་།
གོ་ལ་ཧྲིལ་པོར་གནས་པའི་མི་རིགས་ཀུན་།
རང་བདེ་སྒྲུབས་པའི་ཐབས་དང་ཤེས་རབས་བརྩོན་།
སྐད་ཡིག་རིག་གཞུང་ཁ་དང་ལག་ལ་འཁྱེར་།
རང་དོན་སྒྲུབས་པའི་ཐབས་ཤེས་དེ་ལྷག་གང་།