ཨེ་མ་ཧོ
ན་མོ་མ་ཧཱ་གུ་རུ་ཡེ།
མཁྱེན་ཀུན་གཟིགས་པན་ཆེན་སྣང་མཐའ་ཡས།།
བརྩེ་ཀུན་བྱམས་སྙིང་རྗེའི་བདག་ཉིད་མཆོག།
དཔལ་ཀུན་འདུས་མཐུ་སྟོབས་རྡོ་རྗེ་འཆང་།།
བུ་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ།།
ལོ་སུམ་ཅུ་འདས་པའི་སྔོན་རོལ་ནས།།
སྐུ་གཟི་དཔལ་མཇལ་བའི་སྐལ་བཟང་ང་།།
གསུང་བདུད་རྩི་མྱོང་བའི་བསོད་ནམས་ཅན།།
ཐུགས་དབྱེར་མེད་མཛད་པའི་རྟེན་འབྲེལ་དྲན།།
གནས་རྒྱ་ནག་རིང་བསྲེལ་མཆོད་གདུང་ནས།།
རྗེ་པན་ཆེན་གསང་གསུམ་མཇལ་བའི་ཚེ།།
མགོན་སྣང་བ་མཐའ་ཡས་དངོས་བཞིན་མཐོང་།།
དད་གུས་པའི་ངེས་ཤེས་མེ་ཏོག་འཁྲུངས།།
ཡབ་རྗེ་བཙུན་སྤྲུལ་པའི་སྐུ་མཆོག་དང་།།
ཡུམ་རྗེ་བཙུན་སྒྲོལ་མ་བསོད་ནམས་དཔལ།།
སྲས་ལྷ་ལྕམ་གངས་རིའི་སྲས་མོ་གསུམ།།
ངས་བརྗེད་མེད་སེམས་ཀྱི་རི་མོ་ལགས།།
རྒྱ་དམར་པོས་དུག་གིས་བཀྲོངས་སོང་ཟེར།།
བཙོན་མུན་པའི་ཀློང་དུ་བཅུགས་སོང་ཟེར།།
རྒྱ་གཞུང་གིས་གསར་དུ་བཟོས་ཡོད་ཟེར།།
དོན་ངེས་དོན་བླ་མ་སྙིང་ན་མཆིས།།
གཞི་དད་གུས་རིག་པའི་དབྱིངས་ན་བཞུགས།།
ལམ་དུས་འཁོར་གཉིས་མེད་རྒྱུད་ལ་བླངས།།
ནུབ་བདེ་ཆེན་ཞིང་དུ་འདུན་པ་གཏད།།
རྒྱུ་རྣམ་བཞིས་གདེང་ཚད་སེམས་ལ་འབྱོར།།
དུས་མི་རྟག་འགྱུར་བའི་བརྡ་རྟགས་འདིས།།
ཡུན་མི་འགྱིང་བདེ་ཆེན་ཞིང་ནས་མཇལ།།
བསྟན་འགྲོ་བའི་དོན་ཀུན་ལྷུན་གྲུབ་ནས།།
དཔལ་ཀུན་ཏུ་བཟང་པོའི་དགོངས་པར་རོལ།།
ཞེས་པ་འདི་ཡང་རྨི་ལམ་ཞིག་རྐྱེན་ལས་གང་ཤར་ཏུ་ཐོ་རངས་ཀྱི་སྐབས་སུ་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།།
རྗེ་པཎ་ཆེན་ཡང་སྲིད་ཉི་མ། །བདུད་མ་རུང་སྤྲིན་གྱིས་བསྒྲིབས་ཀྱང་། །དུས་མི་རིང་གསེར་ཞལ་བཟང་པོ། །ཡུལ་གངས་ཅན་ཞིང་དུ་འཕྲོ་ཤོག།
༸ཀུན་གཟིགས་པཎ་ཆེན་སྣང་མཐའ་ཡས། །
བརྩེ་བདག་བྱམས་སྙིང་བདག་ཉིད་མཆོག །
ཆོས་སྲིད་ཀུན་འདུས་མཐུ་སྟོབས་ཅན། །
ཡང་སྲིད་༸བསྟན་དགེ་ཞལ་བསྟན་ཤོག །
༄༅། །ཀུན་གཟིགས་པཎ་ཆེན་དྲན་པའི་མིག་ཆུ་ཐིག་པ་གཅིག །
ན་མོ་གུ་ར་ཝེ། །བདེ་ལྡན་ཞིང་གི་སྣང་བ་མཐའ་ཡས། །སྲིད་པ་འདི་ལ་ཕྱི་མིག་གཟིགས་ཏེ། །བདག་སོགས་འགྲོ་བའི་སྐྱབས་སུ་བྱོན་པ། །པཎ་ཆེན་དྲན་ཞིང་མིག་ཆུ་འཐོར་སོང་། །ཆོས་གཏམ་སྨྲ་བ་དེང་དུས་མང་ལ། །ཞལ་བདེའི་ལུང་རིགས་སྒྲོགས་མཁན་མོད་དེ། །མུན་ནག་ཁྲོད་ནས་མཆོག་གསུམ་སྣང་བ། །རིམ་བཞིན་ཤར་བ་ཁྱོད་ཀྱི་བཀའ་དྲིན། །གཡོ་རྒྱུའི་དུག་མཚོ་རྒྱས་པའི་ཀློང་དུ། །ཆགས་སྡང་འཐབ་རྩོད་རྦ་རླབས་གཡོ་དུས། །ཐུགས་སྟོབས་གཡོ་མེད་གཟི་འོད་འབར་བས། །སྤོབས་པའི་སྲོག་རྩ་དར་བ་ཁྱོད་དྲིན། །དགྲ་གཉེན་འགྱུར་ལྡོག་ཆུ་་ཡི་གཉེར་མ། །རང་ལུགས་མི་ཤེས་ལོང་བའི་མདའ་འཕེན། །ཐུགས་ལ་མི་མཛའ་རང་ཚུགས་ཟུངས་ཞེས། །བླང་དོར་མེ་ལོང་སྟེར་བ་ཁྱོད་དྲིན། །ཕ་མར་བརྡོ་ཞིང་རྒན་པར་འཁུ་བས། །དུམ་ཆོད་ཚིག་རྩུབས་ངོ་སོ་མཐོ་དུས། །གུས་བཀུར་གཞུང་དྲངས་བོད་ལུགས་ཡིན་ཞེས། །གཡང་མདའ་ལག་ཏུ་གཏོད་པ་ཁྱོད་དྲིན། །བོད་སྐད་སྨྲ་ལ་སྙིང་ཁམས་ཆུང་ཞིང་། །བོད་ལྭ་གྱོན་པར་ངོ་ཚར་བརྩི་དུས། །རང་གི་རིག་གཞུང་བདག་པོ་དགོས་ཞེས། །བོད་སྐད་བོད་ཆས་གནང་བ་ཁྱོད་དྲིན། །མི་རིགས་སྔོན་ཐོན་གོང་འཕེལ་འགྲོ་བར། །རིག་གནས་ཡོན་ཏན་རྩ་བ་ཡིན་ཞེས། །སློབ་གྲྭ་གསོ་སྐྱོང་ཕྱག་དངུལ་བརྩལ་ཏེ། །ཤེས་ཡོན་སྒྲོན་མེ་སྦར་བ་ཁྱོད་དྲིན། །ནད་པ་བདག་མེད་རྡོ་བཞིན་དོར་ཏེ། ། །འཆི་བ་སྒུགས་ལས་ཐབས་གཞན་བྲལ་ལ། །ནད་སེལ་འཔྲོད་རྟེན་ཆ་རྐྱེན་དགོས་ཞེས། །གྲོང་གསེབ་སྨན་ཁང་བཙུགས་པ་ཁྱོད་དྲིན། །ཆོས་པ་ཡོངས་ཀྱི་དབུ་འཕང་དམའ་ཞིང་། །དགོན་གནས་ཐམས་ཅད་གྱང་རུལ་གྱུར་དུས། །བསྟན་པར་སོམ་ལ་གྱེན་དུ་ལོང་ཞེས། །ཆོས་དང་ཟིང་ཟིངས་བསྩལ་བ་ཁྱོད་དྲིན། །པོ་ཏི་འབུམ་དང་རྟེན་རྙིང་ཁྲི་ཕྲག །གནའ་རྫས་རིག་དངོས་བདག་པོར་དགོས་ཞེས། །རང་སའི་དགོན་སྡེར་རང་ནོར་སྤྲད་དེ། །ལོ་རྒྱུས་ཉམས་གསོ་གནང་བ་ཁྱོད་དྲིན། །བླ་ཆེན་བཞུགས་གནས་སྦས་མདོའི་དགོན་ནས། །བཀྲ་ཤིས་གསོ་སྦྱོང་ཐོག་མར་བཙུགས་སྟེ། །དགོན་སྡེ་སྟོང་ཕྲག་ཆོས་སྒོ་འབྱེད་པའི། །རབ་བརྗིད་དམ་བཅའ་གནང་བ་ཁྱོད་དྲིན། །ལྷ་ལྡན་སྨོན་ལམ་ཉམས་གསོ་གནང་ཞིང་། །གནས་ཆུང་དགོན་ལུང་བཀྲ་ཤིས་འཁྱིལ་བ། །དཀར་མཛེས་བླ་རུང་ཧྲང་ཧེ་པེ་ཅིང་། །ནང་བསྟན་སློབ་གླིང་བཙུགས་པ་ཁྱོད་དྲིན། །རྒྱ་ནག་རྒྱལ་ཁབ་བོད་སོག་ཀུན་ལ། །ཐུབ་བསྟན་སྤེལ་བའི་ས་གནས་སྒོ་འབྱེད། །རང་གར་བྱུང་མིན་དཀའ་བ་འབུམ་གྱིས། །དངུལ་ཆུས་ལོ་རྒྱུས་བྲིས་པ་ཁྱོད་དྲིན། །སྨན་རྩིས་ཁང་དང་ལྷ་སའི་སློབ་ཆེན། །བོད་རིག་ཞིབ་འཇུག་ཚན་རིག་ཞིབ་འཇུག །དཀོན་པའི་ལག་རྩལ་ཉག་ཕྲའི་བརྒྱུད་པ། །ཀཱ་ཙན་དབྱངས་སོགས་སྤེལ་བ་ཁྱོད་དྲིན། །གང་གི་མཛེས་ཞལ་སྙིང་དུ་སྡུག་ལ། །དྲོན་པོའི་ཕྱག་དབང་མགོ་བོར་ཕོག་ཏེ། དམ་ཚིག་མདུད་པ་སྐེ་ལ་གྱོན་ནས། །དྲན་གདུང་ངད་པ་ཡལ་བ་མེད་དོ། །མཛད་རྗེས་བརྗོད་ན་ཕ་མཐའ་མེད་ལ། །རང་དང་འབྲེལ་བ་རེ་ཞིག་མི་གླེང་། །མདོར་ན་དམ་པ་ཁྱོད་ཀྱི་ཐུགས་བཞེད། །ལེགས་པར་འགྲུབ་པའི་སྨོན་ལམ་འདེབས་སོ། །ཞེས་པའང་རྨི་ལམ་དབང་ཕྱུག་ཤྲཱི་ལགས་ཀྱི་དྲན་པའི་དུང་ཟླ་མཇལ་བའི་མུར་ཁ་ནས་གང་བྱུང་དུ་མིག་ཆུ་འཐོར་བཞིན་དྲི་མེད་ལྷག་བསམ་གྱིས་ཤར་མར་བྲིས་པ་དགེའོ། །