འབྲོང་རྒན།
སྤྱི་ཟླ་དང་པོའི་་ཚེས ༢༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ། པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་བགྲང་བྱ་ ༣༠ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་ཚོགས་ཡོད།
ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་མི་སྣ་ལྔ་བརྒྱ་ཙམ་ཞིག་མཉམ་འཛོམས་ཀྱིས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་ཕྱི་དྲན་དང་མ་འོང་བོད་ཀྱི་ལས་དོན་བྱེད་ཕྱོགས་བཅས་ལ་བགྲོ་གླེང་དང་མཛད་སྒོ་བཅས་ཉིན་གང་པོར་ཚོགས་ཡོད།
མཛད་སྒོའི་ཐོག་ཨ་ཀྱཱ་རིན་པོ་ཆེ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་སྐུ་ངོ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས།ཁྲིམས་རྩོད་པ་ཟུར་པ་ཀ་བཙན་བླ་མ་སྐྱབས་ལགས། དྲུང་ཆེ་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་གཞོན་བུ་ཆུང་ཚེ་རིང་ལགས། བྱང་ཨ་རིའི་དོན་གཅོད་ཟུར་པ་སྐུ་ངོ་རིན་ཆེན་དར་ལོ་ལགས། བོད་མི་དམངས་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་བཅས་ཕེབས་ནས་པན་ཆེན་རིན་པོ་ཆེས་བོད་མི་དམངས་ལ་བཞག་པའི་མཛད་རྗེས་དང་། ཁོང་གི་ཆེ་བ་བརྗོད་ཡོད་པ་དང་། ནེའུ་ཡོག་ས་གནས་ཀྱི་བོད་ཀྱི་བྱིས་པ་དང་ཟློས་གར་སྒྱུ་རྩལ་བ། གླུ་བ་གླུ་མ་ཚོས་མར་མེའི་རྗེས་དྲན་དང་ནང་མ་སྟོད་གཞས་བླངས། གླུ་བ་ཟླ་བ་བུ་འཁྲིད་ལགས་དང་། དབང་གྲགས་རྡོ་རྗེ་ལགས། ཟླ་བ་རིན་ཆེན་ལགས་སོགས་ཀྱིས་པན་ཆེན་རིན་པོ་ཆེར་སྟོད་པའི་གླུ་དབྱངས་བླངས། དེ་བཞིན་ཏུ་བོད་ནང་གི་གཞས་བ་ཤེར་བསྟེན་དང་ཕུར་བུ་རྣམ་རྒྱལ་སོགས་ཀྱིས་བརྙན་འཕྲིན་རྒྱུད་ཐེངས་འདིའི་མཛད་སྒོར་ཤིས་ཚིགས་བོས་ཡོད།
༧གོང་ས་མཆོག་དང་། ས་སྐྱ་གོང་མ། དགའ་ལྡན་ཁྲི་བ་བཅས་ནས་ཐེངས་འདིའི་མཛད་སྒོར་ཆེད་དུ་ཤིས་ཚིག་དང་གལ་ཆེ་བའི་གསུང་བཤད་གནང་ཡོད།
རྗེས་དྲན་གྱི་ཚོགས་འདུ་དེ་ནི་བོད་པའི་ལོ་རྒྱུས་ནང་གི་ལས་དོན་གལ་ཆེན་པོ་ཞིག་ཡིན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོ་སྐུ་གཤེགས་ནས་ལོ་འཁོར་ ༣༠ འཁོར་བའི་རྗེས་དྲན་གྱི་ཚོགས་འདུ་རེད། ལོ་ངོ་ ༣༠ སྔོན་གྱི་ ༡༩༨༩ ལོའི་སྤྱི་ཟླ ༡ པའི་ཚེས ༢༨ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ། བོད་གཞིས་རྩེ་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་དགོངས་པ་རྫོགས་པ་རེད།
པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོའི་མི་ཚེ་ནི་ཆེས་གཉན་འཕྲང་དང་དཀའ་སྡུག་གི་ཁྲོད་བསྐྱལ་དགོས་བྱུང་ཡོད་པ་དང་། ཁོང་གིས་ང་ཚོ་བོད་པའི་ཆོས་དང་། རིག་གཞུང། སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་ཐོག་ལ་བྱས་རྗེས་རླབས་ཆེན་པོ་བཞག་ཡོད། ཁོང་ནི་ང་ཚོ་བོད་པར་བཀའ་དྲིན་ཆེ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།
མི་ཆོས་གཙང་མ་བཅུ་དྲུག་ནང་ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། སྔར་དྲིན་ཅན་གྱི་མི་རྩད་གཅོད་པ། དྲིན་ཅན་གྱི་མི་ལ་དྲིན་ལན་འཇལ་བ་ཞེས་བཀོད་ཡོད་པ་དང་། འཇུ་མི་ཕམ་པའི་ལུགས་ཀྱི་བསྟན་བཅོས་ནང་དུའང་། བྱས་པ་དྲིན་དུ་གཟོ་བ་དང་། ། རྒྱུ་འབྲས་གོ་ལོག་མི་འཛིན་ལ། ། ཞེས་གསུངས་ཡོད།
བཀའ་དྲིན་ཅན་ལ་རྗེས་དྲན་བྱེད་པ་དང་། དྲིན་ལན། བྱས་པ་གཟོ་བ་ནི་བོད་ཀྱི་ཆོས་སྲིད་གང་གི་ལུགས་སུ་བྱས་ཀྱང་གལ་ཆེན་དུ་བརྩི་ཞིང་། དོན་སྙིང་ལྡན་ཡོད།
ད་རེས་འདིར་བོད་གངས་ཅན་པ་ཡོངས་ལ་བཀའ་དྲིན་ཆེ་བ། རླབས་ཆེན་གྱི་མི་སྣ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་བྱེད་པ་འདི་ནི་བྱེད་འོས་པ་དང་བྱེད་དགོས་ངེས་ཤིག་ཡིན།
བོད་ནང་གི་མི་ཚོ་ལ་མཚོན་ན། པཎ་ཆེན་རིན་པོ་ཆེ་ངོ་མ་ཤེས་བའི་མི་ཞིག་ཧ་ལམ་ཡོད་མི་སྲིད། རྒྱུ་མཚན་ནི་ཁོང་གི་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་བཞག་པའི་བྱས་རྗེས་རྣམས་མདོ་དབུས་ཁམས་གསུམ་གང་དུ་ཡིན་ནའང་རེ་རེ་བཞིན་མཐོང་རྒྱུ་ཡོད་པ་དང་། རག་རྒྱུ་ཡོད་པ་ཞིག་ཡིན།
བོད་ནང་གི་དགོན་པ་དང་སློབ་གྲྭའི་རྩིག་ངོས་། མི་ཚང་གི་མཆོད་བཤམས་ན་ད་དུང་པན་ཆེན་རིན་པོ་ཆེའི་སྐུ་དཔར་དང་མཚན་རྟགས་ཡོད་ལ། ཁོང་རིན་པོ་ཆེ་སྐུ་དངོས་ཀྱིས་བཙུགས་པའི་བོད་ཀྱི་ས་གནས་ཁག་གི་སྡོང་བོ་རྣམས་ད་ལྟ་ཆེན་པོ་ཆགས་བསྡད་ཡོད།
བོད་ནང་གི་བོད་པ་ཚོས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཚོགས་འདུ་ཞིག་ལོ་རེ་རེར་ཚོགས་ཏེ། ཁོང་གི་མཛད་རྗེས་ལ་སློབ་སྦྱོང་དང་། བཀའ་དྲིན་ཕྱིར་དྲན་བྱེད་གིན་ཡོད།
ནུབ་ཕྱོགས་སུ་ད་ལྟའི་བར་རླབས་ཆེན་གྱི་མི་སྣ་འདི་ལ། དྲན་གསོ་དང་། གླེང་ཙམ་ཡང་བྱེད་མ་ཐུབ་པ་འདི་ང་ཚོའི་ངོ་ཚ་རེད། ལས་འགན་མ་གྲུབ་པ་རེད།
དེ་རེས་འདིར་གཞི་རྒྱ་ཆེ་བའི་བགྲོ་གླེང་ཞིག་བསྐོང་འཚོགས་གནང་ཐུབ་པ་བྱུང་བ་འདི། ནུབ་ཕྱོགས་སུ་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཚོགས་འདུ་ཚོགས་པ་ཐེངས་དང་པོ་རེད། ཐེངས་དང་པོའི་ཚོགས་འདུ་འདི་ང་ཚོ་ནེའུ་ཡོཀ་ནས་ཚོགས་ཐུབ་པ་བྱུང་བ་འདི། ནེའུ་ཡོཀ་མི་དམངས་ཀྱི་གཟི་བརྗིད་རེད། ཨ་མེ་རི་ཀའི་གཟི་བརྗིད་དང་། སོ་སོའི་ལས་དང་བསོད་ནམས་ཀྱང་རེད་བསམ་ཀྱིན་ཡོད།
ཚོགས་འདུ་འདི་འདྲ་ཞིག་ཚོགས་ཚོགས་དགོས་བའི་དམིགས་ཡུལ་ནི་གཅིག་ནས་པཎ་ཆེན་རིན་པོ་ཆེ་ནུབ་ཕྱོགས་ཀྱི་མི་དམངས་ལ་ངོ་སྤྲོད་དང་། གཉིས་ནས་ཁོང་གི་དགོངས་པ་ལ་སློབ་སྦྱོང་། གསུམ་ནས་ཁོང་གི་མཛད་པ་འཕྲིན་ལས་ནས་བསླབ་བྱ་བླངས་ཏེ། མ་འོངས་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་ལམ་ཁ་གསར་བ་ཞིག་རག་ན་བསམ་ཡོད།
དེའང་འདི་འདྲའི་གཞི་རྒྱ་ཆེ་བའི་ཚོགས་འདུ་ཞིག་ཚོགས་ཐུབ་པ་འདིས། ད་རེས་ཀྱི་ཚོགས་འདུའི་རིན་ཐང་མངོན་ཐུབ་ཡོད་པ་དང་། ཚོགས་བཅར་པ་ཚོའི་དམིགས་ཡུལ་ཡང་ཡོངས་སུ་གྲུབ་ཡོད་པ་ལ་ཡིད་ཆེས་བྱེད་ཀྱི་ཡོད།
ཚོགས་འདུ་འདི་ནི་སེམས་ཤུགས་ཡོད་མཁན་ཨ་རིར་སྡོད་མཁན། བོད་པ་ཁ་ཤས་ཀྱིས་མ་སྐུལ་དང་བླངས་ཀྱིས་གལ་བོ་ཆེ་ལ་ནན་ཏན་ཏུ་རྩིས་ནས་སྒྲུབ་པའི་ལས་གཞི་ཞིག་ཡིན། ཁོང་ཚོ་ནི་ཚོགས་པ་དང་སྒྲིག་འཛུགས་གང་ཡང་མིན། ཚོགས་འདུ་འདི་ལོ་གཅིག་གི་གོང་ནས་གྲ་སྒྲིག་བྱས་བ་རེད། ཚོགས་འདུའི་ཁྲོད་ཁོང་ཚོས་དྭང་བླངས་ཀྱིས། རྒྱགས་རང་འཁུར་གྱིས་སོ་སོའི་ལས་ཀའི་བར་གསེང་གི་དུས་ཚོད་བེད་སྤྱད་ནས། ལས་དོན་འདི་བསྒྲུབས་པ་རེད།
ལས་གཞི་འདིའི་ཁྲོད་དུ་མཉམ་ཞུགས་གནང་མཁན་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཡོད། ཚོགས་འདུའི་ལས་གཞི་གཏན་འབེབས་དང་། ལས་འགན་ཆ་བགོས། མི་སྣ་གོ་སྒྲིག ལས་དོན་བྱེད་ཕྱོགས་གང་གི་ཐོག་ནས་ཀྱང་ཁོང་ཚོ་ལ་བསམ་བློ་མ་མཐུན་པ་དང་། དཀའ་ངལ་གང་ཡང་མ་འཕྲད་པར། ཚང་མ་མ་བསྒྲིགས་རང་འགྲིག་རང་བྱུང་ཡོད།
དེ་བཞིན་ཏུ་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཚོ། མཐུན་སྒྲིལ་བྱེད་མ་ཐུབ་པའི་རྒྱུ་མཚན་ཞིག་ཁྱོན་ནས་མི་འདུག་ལ། མཐུན་སྒྲིལ་བྱས་ན་སྒྲུབ་མི་ཐུབ་པའི་ལས་དོན་ཞིག་དེ་བས་ཀྱང་ཡོད་མི་སྲིད།
མདོ་དབུས་ཁམས་གསུམ་མཐུན་སྒྲིལ་བྱེད་རྒྱུ་ནི་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ཡང་ཡིན་པར་འདོད། ཁོང་གིས་འདི་འདྲ་ཅིག་གསུངས་མྱོང་ཡོད། ང་ཚོ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གླང་དར་མའི་རྗེས་ལ་བོད་སིལ་བུར་ཐོར་ནས་ལོ་ངོ་སུམ་བརྒྱར་གྱར་ཡོད་པས་ས་གནས་བར་གྱི་བཅད་བཟུང་གི་བསམ་བློ་དེས། ང་ཚོའི་མི་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཅེས་དང་། ཡང་ཁོང་གིས། བོད་རིགས་འདུས་སྡོད་བྱེད་ས་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ཚང་མ་མི་རིགས་གཅིག་དང་ཆོས་ལུགས་གཅིག་ཡིན། ང་ཚོ་ཚང་མ་སྤུན་ཟླའི་ཞིང་ཆེན་ཡིན། ས་གནས་གཅིག་ལ་དཀའ་ངལ་བྱུང་ན་ས་གནས་གཞན་དེས་ཐུགས་འཁུར་བྱེད་ཀྱིན་ཡོད། ཅེས་གསུང་ཡོད།
དེ་རེས་མདོ་དབུས་ཁམས་གསུམ་གྱི་མི་སྣ་རྣམས་མ་བགྲོས་སེམས་པ་གཅིག་མཐུན་གྱིས་ཚོགས་ཁང་འདིའི་ནང་འཛོམས་ནས། བོད་མི་རིགས་ཀྱི་རླབས་ཆེན་གྱི་མི་སྣ་ཞིག་ལ་རྗེས་དྲན་གྱི་ཚོགས་འདུ་འདི་འདྲ་ཞིག་ཚོགས་ཐུབ་པ་འདི། ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོའི་མཐུན་སྒྲིལ་ལ་བདེན་དཔང་ར་སྤྲོད་དང་། གཟི་བརྗིད་ཅིག་ཏུ་གྲུབ་ཡོད་ལ། ཚོགས་འདུ་འདི་ལའང་དོན་སྙིང་ཡང་ཆེན་པོ་ལྡན་ཡོད་བསམ།
པཎ་ཆེན་རིན་པོ་ཆེའི་མི་ཚེ་ལ་རྗེས་དྲན་བྱེད་རྒྱུའི་དོན་དག་མང་པོ་ཡོད་ཀྱང་།
པཎ་ཆེན་རིན་པོ་ཆེའི་མི་ཚེ་འདིར་རིམ་པ་གཉིས་སུ་དབྱེ་ནས་ཞུས་ན་ཕལ་ཆེར་ཏག་ཏག་ཡོད་པ་ལྟར་སྣང་།
གཅིག་ནི་ཡིག་འབྲུ་ཁྲི་བདུན་དང་། གཉིས་ནི་ཁོང་བཙོན་གྲོལ་ཐོབ་རྗེས་ཀྱི་ལོ་དགུའི་རིང་གི་བོད་ཀྱི་འཛུགས་སྐྲུན་གྱི་སྐོར་རེད་བསམ།
ཡིན་འབྲུ་ཁྲི་བདུན་དེ་ནི་བོད་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ལས་འགུལ་གྱིས་བོད་ཁུལ་དུ་བཞག་པའི་གོད་ཆག་རྣམས་ཐེར་འདོན་བྱས་ཡོད།
སྤྱིར་དམངས་གཙོ་བཅོས་བསྒྱུར་ནི་བོད་ཀྱི་ས་ཁུལ་ཁག་ཏུ་བྱུང་བའི་ཆབ་སྲིད་ཀྱི་ལས་འགུལ་ཛ་དྲག་ཅན་ཞིག་ཡིན། ལས་འགུལ་དེའི་ཐོག་མའི་དམིགས་ཡུལ་ནི། མིན་བཞི་ཡི་སྲིད་ཇུས་སྤེལ་ཏེ། གཞུང་བཞེས་དང་འཛིན་བཟུང་མི་བྱེད་པ། མི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་། ཆོས་ལུགས་དད་མོས་རང་དབང་བཅས་ཏང་གི་རྩ་བའི་སྲིད་ཇུས་ཡིན་པར་བཤད།
ཡིན་ནའང་ལས་དོན་དངོས་སུ་སྤེལ་སྐབས་ཆ་ཚང་དེ་ལས་ལྡོག་སྟེ་དཀར་ནག་གི་དབྱེ་བ་མེད་པར་། རྒྱུག་པ་ལེབ་རྡུང་གིས། ཉེས་མེད་ཀྱི་བོད་མི་མང་པོ་ཞིག་འཛིན་བཟུང་དང། གཅར་རྡུང་བྱས། དུས་མ་ཡིན་པའི་འཆི་རྐྱེན་བཟོས། རྒྱུ་དངོས་རྣམས་གཞུང་བཞེས་བཏང་།
ཧུར་བརྩོན་ཅན་མང་དུ་བསྐྱེང་སྲིང་བྱས། པན་ཆེན་རིན་པོ་ཆེས་གསུང་གསལ་ལ། ཧུར་བརྩོན་ཅན་དེ་དག་ལ་དགའ་བ་དྲུག་ཡོད་། ཟ་ངེའི་ཟིང་ངེར་དགའ་བ། བསྟོད་བསྔགས་ལ་དགའ་བ། ཀླན་ཀ་འཚོལ་བར་དགའ་བ། རྙོག་དྲ་བཟོ་བར་དགའ་བ། རྫིག་རྫིག་བྱེད་རྒྱུར་དགའ་བ། གང་བྱུང་རྡུང་རྡེག་གཏོང་བ་ལ་དགའ་བ་རྐྱང་རྐྱང་ཡིན།
ཧུར་བརྩོན་ཅན་ཚོ་ནི་དམག་མི་ཡིན་ལ། སྲིད་གཞུང་དང་ཁྲིམས་ཁང་ཡང་ཁོང་ཚོ་ཡིན།
ཁོང་ཚོས། གསར་བརྗེ་དགོས་ན་ཆེན་པོ་གསུམ་དགོས་ཞེས་གུང་ཁྲན་ཏང་གི་རྩ་ཚིག་ཁྱེར་ནས། ཡོད་ཚད་གཏོར། གྲྭ་བ་རྣམས་བཙན་གྱིས་སྐྱ་སེར་ཕབ། བོད་ཀྱི་སྐད་ཡིག་ལ་བསྒྱུར་བཅོས་བཏང་ནས་གོ་མི་བདེ་བ་བཟོས། བོད་པ་རྣམས་འགྲོ་འོང་མེད་པ་བཟོས། མི་རིགས་ཀྱི་གོམས་གཤིས་ལ་མཐོང་ཆུང་བྱས་། དུས་ཆེན་དང་དམངས་སྲོལ། གཉེན་སྒྲིག་བཅས་མེད་པར་བྱས།
ཧ་ལམ་ལོ་ ༡༠ ཡི་རིང་ལ་དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ཏེ་མི་འབོར་ཉུང་དུ་ཕྱིན་པ། ས་གནས་ཁ་ཤས་སུ་བྱིས་པ་དང་རྒན་རྒོན་ལས་མེད། བོད་ཁུལ་ཡོངས་ཀྱི་གྲྭ་བཙུན་བརྒྱ་ཆ་ ༩༣ ཚར།
ས་ཆ་ཁ་ཤས་ནས་བོད་མི་ཕོ་ལོ་ ༡༨ ཡན་དང་༦༠ མན་ཚང་མ་འཛིན་བཟུང་བྱས།
མི་མང་པོ་ཞིག་ནི་ལྕེབས། བཙོན་འཇུག། ཁག་ཅིག་ནི་ཕྱི་ལོགས་སུ་བྲོས།
པན་ཆེན་རིན་པོ་ཆེས། རང་གི་མི་རིགས་ལ་འདི་ལྟ་བུའི་གོད་ཆག་འབྱུང་གིན་ཡོད་པ་བཟོད་མ་ནུས་ཤིང་།
ཁོང་ནི་གཏོར་མ་ཁྱི་ཡིས་ཁྱེར་ནའང་འཛུམ་ཞིག་ཞིག་དང་། ལྷ་ཁག་མེ་ཡིས་འཚིག་ནའང་འཛུམ་ཞིག་ཞིག་གནང་མཁན་གྱི་མི་ཞིག་མ་ཡིན་པར།
༡༩༦༢ ལོར་ལོར་ཡིག་འབྲུ་ཁྲི་བདུན་གྱི་བསམ་འཆར་དེ་བཏོན་ཡོད།
ཡིག་འབྲུ་ཁྲི་བདུན་གྱི་ནང་ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་ལུང་འདྲེན་བྱས་ཏེ།
༡ བོད་ཀྱི་ཆོས་ལུགས་ལ་དད་པ་བྱེད་པ་ཁག་ཐེག་དང་།
༢ ངོ་ལོག་ཟིང་འཁྲུག་ཞོད་འཇགས་ལས་བྱུང་བའི་དཔལ་འབྱོར་གྱི་གྱོང་གུད་གཙང་སེལ་བྱེད་དགོས།
༣ བོད་རིགས་ས་ཁུལ་གྱི་འཚོ་བ་ཇེ་ལེགས་སུ་བཏང་སྟེ། ལྟོགས་ཤི་མི་ཐེབས་པའི་ཁག་ཐེག་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད།
ཁོང་གིས་བཏོན་པའི་རེ་བ་འདི་ནི་དོན་དངོས་དང་མཐུན་པ་ཞིག་ཡིན།
ཡིན་ནའང་འདི་ནི་ཉེན་ཁ་ཅན་ཞིག་ཡིན་པ་ཁོང་གིས་མཁྱེན་ཡོད།
ཁོང་གིས། ང་ནི་མིག་བཙུམ་ནས་སྡོད་རྒྱུ་དང་། སྐད་ཆ་རྫུན་མ་བཤད་རྒྱུར་འདོད་པ་ཡོད་མཁན་ཞིག་མིན་ལ། མི་རིགས་ཀྱི་ཡར་རྒྱས་གོང་འཕེལ་དང་། བསྟན་པ་ཆབ་སྲིད་ཀྱི་ཆེད་དུ། ང་རང་སྒེར་ལ་དཀའ་ངལ་དང་ཉེན་ཁ་ག་རེ་འཕྲད་ཀྱང་འགྱོད་སེམས་གང་ཡང་མེད་ཅེས་གསུངས་ཡོད།
༡༩༦༢ ལོར་མའོ་ཀྲུའུ་ཞི་ཡིས་པཎ་ཆེན་རིན་པོ་ཆེ་ཡི་ཡིག་འབྲུ་ཁྲི་བདུན་ལ་འབྱོར་མེད་གྲལ་རིམ་གྱི་དགྲ་བོས་ཕྱིར་རྒོལ་སློག་རྩིས་བྱས་སོང་། ཞེས་དང་། པཎ་ཆེན་རིན་པོ་ཆེ་ནི་མི་དམངས་ལ་ངོ་རྒོལ་བྱེད་མཁན། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་མཁན། ཟིང་འཁྲུག་ལ་ཞེན་ཁོག་ཡོད་མཁན། བཅས་ཀྱི་ཉེས་མིང་བཏགས་ཏེ། ཞྭ་མོ་གཡོགས། ༡༩༦༤ ལོར་པཎ་ཆེན་རིན་པོ་ཆེ་ལྷ་སར་འཛིན་བཟུང་བྱས། དེ་དུས་པཎ་ཆེན་རིན་པོ་ཆེ་དགོང་ལོ་ ༢༦ རེད།
བོད་དུ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་དང་། དེའི་ཐོག་ ༡༩༦༦ ལོའི་རིག་གནས་གསར་བརྗེ་ལས་འགུལ་སྤེལ་ནས་བོད་ཁུལ་གྱི་དགོན་པ་སྟོང་ཕྲག་དྲུག་ཡོད་པ་ཚང་མ་སྒོ་བརྒྱབ། ལྷ་རྟེན་ཆོས་གསུམ་རྣམས་བཤིག རྒྱ་ནང་དུ་ཁྱེར། མེ་ལ་བསྲེགས། དགོན་པ་རྣམས་ཅ་ལག་འཇོག་ས་དང་། ཟོག་ཁང་། གྲྭ་བ་རྣམས་དགོན་པ་ནས་གྲོང་མཐར་བསྐྲད། བཙོན་ཏུ་བཅུག ཞྭ་མོ་གཡོག(མི་ཉེས་ཅན་གྱི་ཁོངས་སུ་བགྲངས)
བདུན་ཅུའི་ལོའི་ལོ་སྨད་ནས་བཟུང་། རྒྱ་ནང་དུ་རིག་གནས་གསར་བརྗེ་ཆེན་པོ་ཚར། མི་བཞི་ཤོག་ཁག་རྫོགས།
༡༩༧༧ ལོའི་ཟླ་བཞི་བའི་ནང་། ཧྭ་གོ་ཧྥིན་གྱིས་སྲིད་དབང་བཟུང་། བོད་ཀྱི་ཡུལ་སྲོལ་གོམས་འདྲིས་སླར་གསོ་བྱེད་པ་ཞེས་པའི་སྲིད་ཇུས་ཤིག་གི་འགོ་བཙུགས། པཎ་ཆེན་རིན་པོ་ཆེ་ལོ་དེར་བཙོན་གྲོལ་ཐོབ། སྐྱ་སེར་ཕབ།
༧༨ ལོར་ཏིན་གྱིས་སྲིད་དབང་བཟུང་། ༧༩ ལོར་རྒྱལ་ལོ་དོན་གྲུབ་ཀྱིས་ཏིན་དང་ཐུག་སྐབས་པན་ཆེན་རིན་པོ་ཆེའི་བདེ་སྡུག་ཞུས་ཡོད། ༡༩༨༠ ལོར་ཀྲུང་དབྱང་གིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གུ་ཡངས་སྲིད་ཇུས་འགོ་བཙུགས། ཏིན་ཞའོ་ཕིན་གྱིས་རྒྱབ་སྐྱོར་འོག པཎ་ཆེན་རིན་པོ་ཆེ་སླར་ཡང་བོད་ཁུལ་དུ་ཕེབས་འགོ་བརྩམས། ཁོང་གི་ནུས་ཤུགས་སྔོན་ལས་ཆེ་བ་ལས་ཆུང་དུ་ཕྱིན་མེད།
ཁོང་གིས་བོད་ཀྱི་འཛུགས་བསྐྲུན་དང་གཏོར་བརླག་བཏང་བ་གཉིས་བསྡུར་ན་གཏོར་བརླག་བཏང་བ་མང་པོ་ཡོད་པར་བཤད།
བོད་ཀྱི་མདོ་དབུས་ཁམས་གསུམ་ལ་ཕེབས་ནས། བོད་མི་ས་ཡ་གསུམ་ཙམ་ལ་མཇལ་ཁ་གནང་།
ཆོས་སྒོ་ཕྱེས། དགེ་འདུན་པ་ཚོས་གྲྭ་ཆས་སླར་ཡང་གྱོན། བོད་ཀྱི་སློབ་གྲྭ སྨན་ཁང་བཅས་སྒོ་ཕྱེས། སྐད་ཡིག་ལ་དོ་སྣང་ཆེན་པོ་མཛད།
པན་ཆེན་རིན་པོ་ཆེ་ཡིས་བོད་ཀྱི་སྐད་དང་རིག་གཞུང་གི་ཐོག་ལ་ལྷག་པར་དུ་ཐུགས་སྣང་མཛད།
པཎ་ཆེན་རིན་པོ་ཆེས། བོད་མི་རིགས་ཤིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད། ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་དགོས།
མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ཡིན་ན་ངེས་པར་དུ་རང་རེའི་ཆ་ལུགས་ཀྱི་གོས་གྱོན་དགོས། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་གཞིའི་དགོངས་དོན་ཡིན་པ་མ་ཟད། ས་ཁུལ་འདིར་སྡོད་བོད་རིགས་མི་དམངས་ཀྱི་ཁྱད་ཆོས་དང་ཐོབ་ཐང་ཞིག་ཀྱང་ཡིན། ཞེས་གསུངས།
མི་རིགས་སློབ་འབྲིང་དང་བོད་ཡིག་སློབ་འབྲིང་ ༥༦ དང་། རིན་པོ་ཆེ་ཁོང་གི་མཚན་ཐོག་ནས་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་འཛུགས་བསྐྲུན་བྱས། པེ་ཅིན་ཏུ་ནང་བསྟན་སློབ་གླིང་བཙུགས།
བོད་ཀྱི་སློབ་གསོའི་རྨང་གཞི་བཏིེངས་ཤིང་ཆོས་ལུགས་དར་སྤེལ་གནང་། དེ་དང་མཉམ་དུ་བོད་ཀྱི་སྲོལ་རྒྱུན་དཔར་བསྐྲུན་སྣར་ཐང་དང་། པོ་ཏ་ལ། སྡེ་དགེ་དཔར་ཁང་བཅས་སླར་གསོ་བྱས་པ་མ་ཟད། བོད་ཡིག་དུས་དེབ་གསར་བ་གྲངས ༦༠ ཙམ་ཞིག་བོད་ཁུལ་དུ་དཔར་འགོ་བརྩམས།
༡༩༨༧ ལོར་པཎ་ཆེན་རིན་པོ་ཆེ་དང་ང་ཕོན་རྣམ་གཉིས་ནས།
རང་སྐྱོང་ལྗོངས་དམངས་འཐུས་ནས། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བཀོལ་སྤྱོད། ཡར་རྒྱས་གཏོང་བའི་གཏན་འབེབས་ཞེས་པའི་ཡིག་ཆ་ཞིག་བཟོ་ཐུབ་ཡོད།
འདི་ནི་བོད་ནང་ཁུལ་དུ་བཞག་པའི་བོད་ཀྱི་སྐད་ཡིག་གྲོས་ཆོད་གལ་ཆེན་དེ་རེད།
པཎ་ཆེན་རིན་པོ་ཆེས།
རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གསལ་བའི་མིང་དོན་མཚུངས་པའི་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་ངེས་བར་དུ་ལེགས་འགྲུབ་ཡོང་བ་བྱེད་དགོས། རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ། མི་རིགས་ཀྱི་རིག་གནས་དར་སྤེལ། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་རྒྱུ་ནི་མི་རིགས་ས་ཁུལ་རང་སྐྱོང་སྲོལ་ཡིག་གི་རྩ་བའི་དགོངས་པ་ཡིན། ཞེས་ནན་ཏན་ཏུ་བསྟན་ཡོད།
པཎ་ཆེན་རིན་པོ་ཆེ་ནི་བོད་པ་ཚང་མའི་སྐྱིད་སྡུག་ཞུ་སའང་ཡིན།
བོད་པ་ཚོར་དཀའ་ངལ་གང་ཞིག་འཕྲལ་སྐབས་བོད་པ་ཚོ་པན་ཆེན་རིན་པོ་ཆེའི་རྩ་ལ་རྒྱུག་གྱིན་ཡོད།
༡༩༨༣ ལོར། བསམ་བློ་གཙང་སེལ་བྱེད་སྐབས། དམག་མི་ཡོང་ནས་དགའ་ལྡན་དགོན་པའི་མཐའ་བསྐོར། གཞིས་རྩེར་ཡང་གནས་ཚུལ་ཛ་དྲག་དེ་ལྟ་བུ་བྱུང་སྟེ་བླ་མ་ཆེ་བ་ཞིག་གིས་རང་སྲོག་བཅད་འདུག པཎ་ཆེན་རིན་པོ་ཆེས་གནས་ཚུལ་འདི་ཤེས་རྟོགས་བྱུང་རྗེས། ཀྲུང་དབྱང་གི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ཏེ། གནད་དོན་འགོག་ཐུབ་པ་བྱུང་། བོད་ཁུལ་དུ་གནས་ཚུལ་སྡུག་པོ་ག་རེ་བྱུང་ནའང་། བོད་པ་ཚོའི་སྐྱིད་སྡུག་ཞུ་ས་པཎ་ཆེན་རིན་པོ་ཆེ་ཡིན། ཁོང་གིས་ང་ཚོ་ཐེངས་མང་པོ་བསྐྱབས་མྱོང་། བོད་ཀྱི་སྐྱིད་སྡུག་དེ་ཁོང་རང་ཉིད་ཀྱི་སྐྱིད་སྡུག་ཏུ་བརྩི།
ཁོང་གིས་སྔ་གཞུག་ཏུ་གངས་རྒྱན་ཚོང་ལས་དང་། བོད་ལྗོངས་གོང་འཕེལ་ཐེབས་རྩ་ལྷན་ཚོགས་སོགས་བཙུགས་ནས།
བོད་ཀྱི་སློབ་གསོ་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་ཐད་ལ་བྱས་རྗེས་མི་ཉུང་བ་ཞིག་བཞག་མྱོང་།
བོད་པ་རྣམས་བོད་པ་ཡིན་པའི་ངེས་པ་རྙེད། བོད་པ་རྣམས་བོད་པ་ཡིན་པའི་སྤོབས་པ་སྐྱེས།
ང་ཚོས་ཤེས་གསལ་ཞིག་ལ། བོད་ཀྱི་ལོ་རྒྱུས་ནང་། ཡོངས་གྲགས་སུ། བསྟན་པའི་མེ་རོ་མདོ་ཁམས་ཡུལ་ནས་གསོས་ཞེས་པ་ཞིག་ཡོད།
དེ་ནི་དུས་རབས་བདུན་པའི་སྐབས། གླང་དར་མས་བོད་ཀྱིས་བསྟན་པ་བསྣུབས་རྗེས། བོད་ཀྱི་མཁས་པ་མི་གསུམ་གྱིས་བོད་ཀྱི་བསྟན་པ་སླར་ཡང་སྤེལ་བ་དེ་རེད། གནས་སྟངས་དེ་ནི་ལོ་ངོ་ཆིག་སྟོང་གི་སྔོན་ལ་བོད་ཀྱི་མཁས་པ་དམར་གཙང་གཡོ་གསུམ་གྱིས་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་ནས་སོ་ཐར་དགེ་སློང་གི་སྡོམ་རྒྱུན་བླངས་ཏེ་བོད་ཀྱི་བསྟན་པ་ཕྱིར་སྤེལ་པ་དེ་རེད།
ཁོང་གསུམ་ནི་དབུས་གཙང་པ་གསུམ་རེད།
དུས་རབས་ ༢༠ བའི་ནང་བསྟན་པའི་མེ་རོ་སླར་ཡང་མདོ་ཁམས་ཡུལ་ནས་གསོས་ཡོད།
དེ་ལ་སྐབས་སྐབས་བསྟན་པ་ཡང་དར་ཡང་ཟེར།
དུས་རབས་ ༢༠ པའི་བསྟན་པ་ཡང་དར་གྱི་མེ་རོ་གསོ་མཁན་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོར་བཞག་ན་མ་འགྲིག་བ་མི་འདུག་སྙམ།
བསྟན་པ་ཡང་དར་ནི་པན་ཆེན་རིན་པོ་ཆེས་རྒྱ་ནག་གི་གུ་ཡང་སྲིད་ཇུས་ལ་རྟེན་ནས་བོད་ཀྱི་བསྟན་པ་སླར་གསོ་བྱས་ཡོད།
དུས་ཡུན་ཐུང་ཐུང་ཞིག་གི་ནང་པཎ་ཆེན་རིན་པོ་ཆེས་དངོས་གནས་བོད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བཏང་།
དེང་སང་བོད་ནང་དུ་ཆོས་དང་རིག་གཞུང་གི་ལྷག་མ་ཞིག་ལུས་ཡོད་པ་ཚང་མ་སྐབས་དེ་དུས་པཎ་ཆེན་རིན་པོ་ཆེ་སྐུ་དངོས་སུ་ཡར་རྒྱུགས་མར་རྒྱུགས་བྱས་ནས་རྨང་གཞི་བཏིང་ཞིང་། བོད་འདི་རེ་ཞིག་ཤི་གསོན་ལས་བསྐྱབས་ཐུབ་པ་བྱུང་བ་འདི་ནི་པཎ་ཆེན་རིན་པོ་ཆེ་སྐུ་དངོས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་བཞག་པའི་ངོམས་ཆོག་པའི་མཛད་རྗེས་དེ་རེད།
༡༩༨༨ ལོའི་ཟླ་བ ༥ ནང་གཞི་ནས་པན་ཆེན་རིན་པོ་ཆེ་དཀར་འདོན་བྱས་ཞྭ་མོ་ཕུད།
དཀར་འདོན་བྱས་ནས་ཟླ་བརྒྱད་ཀྱིས་རྗེས་དགོངས་པ་རྫོགས། དགུང་ལོ་ ༥༡ རེད།
༡༩༨༩ ལོའི་ཟླ་བ་དང་པའི་ནང་། པན་ཆེན་རིན་པོ་ཆེ་ཡིས། བཀྲ་ཤིས་ལྷུན་པོའི་དགོན་པར་བོད་པའི་སེར་སྐྱ་མང་ཚོགས་ལ། མཐའ་མཇུག་གི་གསུང་བཤད་འདི་འདྲ་ཞིག་གནང་འདུག
ང་ནི་འདས་ཟིན་པའི་དོན་དག་ཡག་པོ་མེད་པ་དེ་དག་བཤད་སྙིང་མི་བྲོ་གི བྱས་རྗེས་ཀྱང་བཤད་སྙིང་བྲོ་མ་སོང་། འདས་ཟིན་པའི་ནང་དོན་དེ་ག་ཡག་རུང་། སྡུག་རུང་ད་འགྲོ་ཚར་བ་རེད། འགྲོ་ཚར་བའི་དོན་དག་དེ་ཚོ་འགྲོ་རུ་བཅུག ང་ཚོས་བྱེད་དགོས་བའི་མ་འོངས་པའི་ལས་དོན་ལ་ཇི་ལྟར་ཁ་གཏད་གཅོག་རྒྱུ་དེ་རེད།
བཅིངས་འགྲོལ་རྗེས་བོད་ཁུལ་གྱི་འགྱུར་ལྡོག་ག་རེ་བྱུང་ཡོད། ཚད་ག་ཚད་ཅིག་ལ་སླེབས་ཡོད་ཅེས་པ་དེ་དངོས་ཡོད་ཀྱི་དོན་དག་རེད། ཞེས་གསུངས།
དེ་དང་མཉམ་དུ་ཁོང་གིས།
མི་རིགས་མཐུན་སྒྲིལ་ཞེས་པ་ནི་རྒྱ་དང་བོད། བོད་པ་ནང་ཁུལ་བཅས་ཡིན། འདྲ་མཉམ་གྱི་རྨང་གཞིའི་ཐོག་ནས་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། རྒྱ་རིགས་ལས་བྱེད་ཡིན་ནའང་བོད་ཀྱི་ལས་དོན་ལ་བརྩི་བཀུར་བྱེད་དགོས། བོད་པ་ནང་ཁུལ་ལ་ཡིན་ན་སྔོན་མ་མཐུན་སྒྲིལ་རྩ་བ་ནས་མེད། ཆོལ་ཁ་ཕན་ཚུན་བར་མཐོང་ཆུང་གི་རྣམ་པ་ཡོད། དབུས་གཙང་བས་ཁམས་པ་དང་ཨ་མདོ་བར་མཐོང་ཆུང་བྱེད་ཀྱི་ཡོད་ལ། ཁམས་པ་དང་ཨ་མདོ་བས་དབུས་གཙང་བར་མཐོང་ཆུང་བྱེད་ཀྱི་ཡོད། དབུས་དང་གཙང་པའི་ནང་ལ་ཡང་ཕན་ཚུན་མཐོང་ཆུང་བྱེད་པའི་རྣམ་པ་ཡོད། འདི་དག་ཚང་མ་ས་གནས་བར་གྱི་བཅད་བཟུང་གི་བསམ་བློས་རང་མི་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།
ཡང་ཁོང་གིས། བོད་རིགས་འདུས་སྡོད་བྱེད་སའི་ས་ཆ་འདི་དག་ལ་ངེས་པར་དུ་མིང་དོན་མཚུངས་བའི་མི་རིགས་ས་ཁུལ་རང་སྐྱོང་ཡོང་བར་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་འདྲ་མཉམ་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ཡོང་ཐུབ། ཅེས་གསུངས།
མི་རིགས་ས་ཁུལ་རང་སྐྱོང་ནི་བོད་ལྗོངས་ཐེ་བའི་བོད་རིགས་འདུས་སྡོད་བྱེད་ས་ཚང་མར་ཁྱབ་པ་ཞིག་ཡིན། དེ་ལ་བོད་སྐད་དུ་བོད་ཞེས་བརྗོད། ང་ཚོས་བོད་རང་བཙན་མི་བྱེད།
སྤྱི་ཚོགས་རིང་ལུགས་དང་ཏང་ལ་བརྩི་བཀུར་མ་བྱས་པར། བོད་མིའི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་མི་ཐུབ།
ས་གནས་རང་སྐྱོང་བྱེད་རྒྱུ་དེ་དག་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱེད་དགོས་པ་ལས། གཞན་གྱིས་སྐྱོང་མི་དགོས་པ་དང་། ཚབ་བྱས་ནས་ཀྱང་སྐྱོང་མི་དགོས་ཞེས་ནན་བཤད་གནང་ཡོད།
མི་རིགས་ལས་བྱེད་པ་ཡིན་ན། རྒྱལ་ཁབ་ལ་དགའ་ཞེན་དང་། རང་གི་མི་རིགས་ལ་བརྩེ་དུངས་ཡོད་པ་ཞིག་ཡིན་དགོས།
འདི་དག་ཚང་མ་ལས་སླ་བོ་ཞིག་གི་གནས་སྟངས་འོག་ནས་བྱུང་བ་དང་། བོད་ཀྱི་ཡར་རྒྱས་ཀྱི་ལས་སྣེ་རེ་རེ་ལ་པཎ་ཆེན་རིན་པོ་ཆེའི་ལུས་སེམས་གཉིས་ཀྱི་དཀའ་སྡུག་མང་པོ་ཞིག་དང་བརྗེས་ནས་བྱུང་བ་ཞིག་ཡིན། འདི་དག་གི་ཆེད་དུ་ཁོང་བཙོན་དུ་ལོ་བརྒྱད་དང་ཟླ་དགུ་བསྡད་མྱོང་ལ། བཟང་བཙོན་དང་ལྟ་རྟོག་གི་ཁྲིམས་རྒྱའང་ཁོང་གི་གཉའ་ནས་ཡལ་མ་མྱོང་།
པཎ་ཆེན་རིན་པོ་ཆེ་ནང་བཞིན་ཆབ་སྲིད་གོ་གནས་ཁུར་མྱོང་མཁན་བོད་པའི་སྤྱི་ཚོགས་ནང་རིམ་པར་བྱུང་ཡོད།
ཁོང་ལྟ་བུའི་བླ་ཆེན་ཡང་ང་ཚོ་བོད་ཁུལ་ལ་མང་པོ་བྱུང་ཡོད།
རེད་དེ་པཎ་ཆེན་རིན་པོ་ཆེ་ནང་བཞིན་ཁ་ཡོད་ལག་ཡོད་ཀྱིས་ང་ཚོ་བོད་མི་དམངས་ལ་ཕན་ཐོགས་མཁན་ཞིག་བྱུང་མྱོང་ཡོད་པ་མ་རེད།
ཁོང་གིས་བོད་ཁུལ་དུ་བཞག་པའི་མཛད་རྗེས་རྣམས། ད་ལྟ་ང་ཚོས་མཐོང་རྒྱུ་ཡོད་པ་དང་། རག་རྒྱུ་ཡོད་པ་ཞིག་ཡིན།
ཁོང་ནི་དངོས་གནས་ང་ཚོའི་མི་རིགས་ཀྱི་དཔའ་བོ་རེད།
པན་ཆེན་རིན་པོ་ཆེ་གློ་བུར་དུ་དགོངས་པ་རྫོགས་ཤིང་། ཁོང་གི་ཡང་སྲིད་ཀྱང་ད་ལྟ་རྙོག་དྲ་ཅན་ཏུ་གྱུར་ཡོད། སྤྱིར་པན་ཆེན་རིན་པོ་ཆེ་དགོངས་པ་ཇི་ལྟར་རྫོགས་ཚུལ་ལ་རྩད་གཅོད་པ་ནི་གལ་ཆེན་པོ་རེད། ཡིན་ཡང་དོན་དག་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་པན་ཆེན་སྐུ་ཕྲེང་བཅུ་ཆེན་པོས་རང་གི་ཚེས་སྲོག་གཏའ་མར་བཞག་ཏེ་བོད་ཇི་ལྟར་སྐྱབས་པ་དང་ཁོང་གི་བགྲོད་ཟིན་པའི་ལས་དོན་རེ་རེ་ལས་ང་ཚོའི་བསླབ་བྱ་བླངས་ཏེ། བོད་ཀྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་རང་སོ་སོས་ཇི་ལྟར་འགན་ལེན་རྒྱུ་དེ་ནི་ད་རབ་ཀྱི་ཚོགས་འདུ་དེའི་སྙིང་དོན་གལ་ཆེན་དེ་རེད་བསམ། སྐྱེས་རབས་ལས།
ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།།བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན།། ཞེས་དང་དེ་བཞིན་ཏུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། ། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ། ཞེས་བླ་མའི་ཚིག་བརྩི་ཞིང་དེ་ཉིད་ལག་ལེན་དུ་བསྟར། རང་གི་རྒྱུད་དུ་འཁྲུངས་བར་བྱས་ན་ད་གཟོད་ཆོས་ཀྱི་དོན་སྙིང་ལྡན་ཞིང་། མི་སྒེར་སོ་སོའི་ནུས་པ་གང་ཡོད་སྤེལ་ཐུབ་པའི་དོན་སྙིང་ཡོད་ལ། བོད་ཀྱི་མ་འོང་བའི་ལས་དོན་བྱེད་ཕྱོགས་ལའང་ཕན་གདགས་པར་བྱེད་པའི་མདུན་སྐྱོད་ཀྱི་རྣམ་པ་ཞིག་རེད།
པན་ཆེན་ཡང་སྲིད་གློད་གྲོལ་གཏོང་བར་གདོང་ལེན་བྱེད་རྒྱུའང་གལ་ཆེན་པོ་རེད། ཡིན་ཡང་དོན་དག་དེ་ལས་ཀྱང་གལ་ཆེ་བ་ནི་ད་ཡོད་པན་ཆེན་རིན་པོ་ཆེ་ལ་གདེང་འཇོག་ཇི་ལྟར་བྱེད་རྒྱུ་དང་། ཁོང་གིས་ནུས་པ་བོད་སྤྱི་ཚོགས་ནང་ཇི་ལྟར་འདོན་ཐུབ་པར་བྱེད་རྒྱུ་ནི་གལ་ཆེན་པོ་རེད་བསམ། དེའི་སྐོར་ལ ༧གོང་ས་མཆོག་གིས། པཎ་ཆེན་ཡང་སྲིད་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་པའི་པཎ་ཆེན་གཅིག་ཡོད་རེད། ངས་འདི་ནས་མོ་བརྒྱབ། བརྟག་དཔྱད་ནན་ཏན་བྱས་ནས་གཏན་འཁེལ་བའི་པཎ་ཆེན་ཡང་སྲིད་གཅིག་ཡོད། སྤྱིར་འཇམ་དབྱངས་མཁྱེན་རྩེ་དབང་པོ་ལ་ཡང་སྲིད་སྐུའི་སྤྲུལ་པ། གསུང་གི་སྤྲུལ་པ། ཐུགས་ཀྱི་སྤྲུལ་པ། ཡོན་ཏན་གྱི་སྤྲུལ་པ། འཕྲིན་ལས་ཀྱི་སྤྲུལ་པ་བཅས་ཡང་སྲིད་ལྔ་དེ་འདྲ་བྱུང་བའི་ལོ་རྒྱུས་ཡོད། དེར་བརྟེན་སྐྱེས་བུ་དམ་པ་དེ་འདྲའི་ཡང་སྲིད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་འདྲ་ཏན་ཏན་ཡོང་སྲིད་པ་རེད། སྔ་མོ་ཀརྨ་པའི་ཡང་སྲིད་མི་འདྲ་བ་ཡོང་བའི་སྐབས་དེར་ང་རང་མཐོང་ཚུལ་དེ་རང་ཡིན། སྐབས་དེར་དེ་འདྲ་བཤད་པ་ཡིན། ཡིན་ནའང་ནང་ཁུལ་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱས་ན་འགྲིག་པ་མི་འདུག་ཀྱང་ཤོད་མཁན་བྱུང་། སྟབས་མི་འདེ་བ་དེ་འདྲ་བྱུང་བ་རེད། གང་ཡིན་མིན་ལ་མ་ལྟོས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པའི་ཞབས་འདེབས་སྒྲུབ་ཐུབ་མཁན་སྐྱེས་བུ་དམ་པ་ཞིག་གང་ནས་བྱུང་ཡང་འགྲིག་པ་རེད། ངོས་ཀྱིས་རྟག་ཏུ་སྨོན་ལམ་དེ་འདྲ་རྒྱག་བཞིན་ཡོད་ཅེས་བཀའ་སློབ་གནང་།
སུ་ཞིག་གིས་བོད་ཀྱི་བསྟན་པ་ལ་ཕན་པ་བྱུང་ན་དེ་ནི་ང་ཚོའི་བཀུར་བུར་འོས་ཤིང་། ཇི་ལྟང་མདུན་སྐྱོད་བྱེད་ཐུབ་ན་དེ་ནི་ང་ཚོས་དང་དུ་ལེན་དགོས་པའི་བྱ་བཞག་དངོས་རེད་བསམ།
པན་ཆེན་རིན་པོ་ཆེ་ཡི་བོད་ཀྱི་ཆོས་དང་རིག་གཞུང་སྐྱོབ་བྱེད་ཀྱི་མིང་དོན་མཚུངས་པའི་རྩ་འཛིན་དང་། ༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་གྱི་བསམ་འཆར་གཉིས་ལ་མི་མཐུན་པ་ཆ་གང་ཡང་མེད་པར་ཚང་མ་གཞི་གཅིག་ཏུ་འདུས་ཡོད།
པན་ཆེན་རིན་པོ་ཆེས། སྐབས་ཤིག་ང་ཚོའི་སྐུ་ཚབ་ཚོགས་པ་དང་མཇལ་སྐབས།
ཁྱེད་རང་ཚོས་ཕྱི་ལོགས་ན་ཅིག་བཤད་གིན་བསྡད་ཡོད་པ་དེ་རྣམས། ང་ཚོས་འདིར་ལས་གིན་བསྡད་ཡོད། ཞེས་གསུང་།
ཁོང་དགུང་ལོ་ ༥༡ ཐོག་དགོངས་པ་རྗོགས། འདི་ནི་དགུང་ལོ་མཐོ་བོ་ཞིག་མ་རེད། ཁོང་གི་མི་ཚེ་ཐུང་ཐུང་འདི་འདྲ་ཞིག་ལས་མ་བྱུང་བ་འདི་གཅིག་ནས་བོད་པའི་བསོད་ནམས་ཀྱིས་མ་འཆུན་པ་དང་། གཅིག་ནས་ཁོང་གིས་བོད་པའི་བདེ་སྡུག་གི་ཆེད་དུ་རང་གི་ལུས་སེམས་གཉིས་ཀ་ཕངས་མེད་དུ་བཏང་བའི་རྐྱེན་གྱིས་རེད་བསམ།
ཡང་གཅིག་བཤད་ན། ང་ཚོའི་ད་ཡོད་ཀྱི་བོད་ནང་གི་ཆོས་དང་རིག་གཞུང་གི་ཤུལ་ལྷག་ཅིག་ཡོད་པ་འདི་དག་པཎ་ཆེན་རིན་པོ་ཆེས་རང་གི་ཚེ་སྲོག་ལ་བརྗེས་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད་ན་ཅུང་ཐལ་དྲགས་འདུག་དགོངས་མཁན་ཡོད་སྲིད་ཀྱང་། ངས་དེ་འདྲ་ཞིག་རེད་བསམ།
པན་ཆེན་རིན་པོ་ཆེ་ནི།
རང་གི་མི་རིགས་ལ་དགའ་མཁན།
རང་གི་དད་མོས་བྱེད་པའི་ཆོས་ལུགས་ལ་དགའ་མཁན།
མི་རིགས་མཐུན་སྒྲིལ་ལ་དགའ་མཁན་གྱི་མི་ཞིག་ཡིན།
ཁོང་གི་ཡོད་ཚད་བོད་མི་དམངས་ཀྱི་བདེ་སྡུག་གི་ཆེད་དུ་ཕུལ་ཡོད།
ང་ཚོས་ནམ་ཡང་ཁོང་ལ་རྗེས་དྲན་བྱེད།
འདི་ནི་རིན་ཐང་ཡོད་པའི་རྗེས་དྲན་ཞིག་ཡིན་ཞིང་། རྗེས་དྲན་འདི་ལས་བོད་མི་རེ་རེ་ལ་བོད་ཞེན་གྱི་སྟོབས་ཤུགས་གསར་བ་ཞིག་དང་། ང་ཚོའི་མ་འོངས་བའི་ལམ་ཁ་གསར་བ་ཞིག་གི་ཁ་ཕྱོགས་རྙེད་ཀྱི་རེད།
གོང་ས་མཆོག་གིས།
པན་ཆེན་རིན་པོ་ཆེ་ནི་དོངས་གནས་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་སྐྱེས་བུ་དམ་པ་རྨད་དུ་བྱུང་བའི། སྙིང་སྟོབས་དང་ལྡན་པ། མི་རིགས་ཀྱི་དཔའ་བོ་ཞིག་ཆགས་བསྡད་ཡོད་པ་ནི་གསལ་བོ་རེད། ཞེས་གསུངས་ཡོད།
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང། རྒྱ་གར་སྡེ་ར་གདོང་ས་གནས་ས་སུ་མདོ་སྨད་ས་རྒྱུན་གྱིས་གོ་སྒྲིག་བྱས་པ་ས་ཁུལ་ཁག་གཉིས་ནས་ཉིན་གཅིག་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཟབ་རྒྱས་འཚོགས་ཐུབ་པ་ནི་བསྔགསབརྗོད་དང་། རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད། ཨ་རི་ནས་གཏམ་བཤད་སྤེལ་མཁན་ཁྲོད་སྐུ་ངོ་རིན་ཆེན་དར་ལོ་ལགས་ཀྱི་བཀའ་སློབ་དེ་ཚོ་ནི། དེ་སྔོན་ཀླུ་མཁར་བྱམས་ཀྱིས་རྫུན་གཏམ་དང་དཀྲུག་ཤིང་བསླངས་པའི་བྱེད་སྤྱོད་ལ་རང་བཞིན་གྱིས་ཁུངས་ལུང་མེད་པའང་ཆགས་འདུག སྐུ་ངོས་རིན་ཆེན་དར་ལོའི་གསུང་བཤད་ནང་། ཡིད་ཕངས་པ་ལ་ཨ་མདོ་ཞིག་གིས་བྲིས་འདུག་ཟེར། དེ་ཀླུ་མཁར་བྱམས་ཡིན་པ་མིང་དངོས་སུ་སྨྲོས་མ་སོང་བ་དེ་ཅུང་ཙམ་ཞན་ཆ་རེད། གནས་ཚེུ་ལ་གཞན་ཞིག་ནི། ཨ་རིའི་དོན་གཅོད་ལས་ཐོག་པ་དངོས་གྲུབ་ཚེ་རིང་གིས་བཤད་པའི་སྐད་ཆ་ནི་ཆ་འཇོག་བྱེད་ས་དང་། རིན་ཐང་ཅན་གང་ཡང་མི་འདུག དེ་མིན་པའི་སྐུ་འབུམ་ཨ་ཀྱཱ་རིན་པོ་ཆེས་མཚོན་པའི་གསུང་བཤད་གནང་མཁན་ཚང་མ་གནད་ཡོད་མི་སྣ་རྐྱང་རྐྱང་རེད་འདུག་པས། བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།
དེ་བཞིན་ཁ་བརྡ་དྲ་བར་གནས་ཚུལ་འདི་བཀོད་པ་ལའང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ། དུས་བབ་ཀྱིས་མཚོན་པའི་དྲ་རྒྱ་གཞན་ན་འདི་འདྲའི་གནས་ཚུལ་བཀོད་པ་མ་མཐོང་བས་བློ་ཕམས་ཡོད།
རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ནི་བོད་པའི་ནང་ནས་འཛམ་གླིང་རྒྱལ་སྤྱའི་སྟེང་གོ་གནས་ཆེ་ཤོས་རེད།
དོན་གཅོད་དངོས་གྲུབ་ཚེ་རིང་སྲན་སྒུང་སྐད་གཏོང་ནས་མཛད་སྒོ་བཙོག་པོ་བཟོས་སོང་།
རྒྱུག་ཁྱི་དངོས་གྲུབ་ཚེ་རིང་ལ་པཎ་ཆེན་རིན་པོ་ཆེ་ལྟ་བུའི་བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ལ་བཀའ་དྲིན་འགྲན་ཟླ་མ་མཆིས་པའི་རླབས་ཆེན་གྱི་སྐྱེས་བུ་དག་ལ་བཀའ་དྲིན་རྗེས་དྲན་བྱེད་པའི་ཐོབ་ཐང་མེད། གལ་ཏེ་དངོས་ཚེ་བོད་དུ་ཡོད་ན། ཁོ་བ་ནི་ཏན་ཏན་རིག་གསར་སྐབས་པཎ་ཆེན་རིན་པོ་ཆེ་གཙོས་པའི་རླབས་ཆེན་གྱི་རྒྱལ་གཅེས་པ་དག་ལ་འཐབ་རྩོད་དང་རྡུང་རྡེག་བྱེད་མཁན་གྱི་སྔོན་ཐོན་པ་ཞིག་ཡིན་པ་ད་ལྟའི་ཁོས་བྱ་བྱེད་ལས་གསུམ་གྱིས་ར་སྤྲོད་བྱས་ཡོད། བྱེད་ཙང་། རྒྱུག་ཁྱི་འདི་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣའི་གྲས་སུ་བགྲངས་པ་ནི་བོད་ཀྱི་བསོད་ནམས་ཉམས་པ་དང་། རྒུད་པའི་རྐྱེན་དུ་གྱུར་དང་འགྱུར་བཞིན་ཡོད་དོ། །
པན་ཆེན་འདི། པཎ་ཆེན་ཞེས་འབྲི་དགོས།
བོད་མིའི་གཤིས་ཀ་ལ་འགྱུར་བ་མེད་པ་སྡོད་འདུག
པཎ་ཆེན་རིན་པོ་ཆེ་བཞུགས་ཡོད་དུས་་་་་་
ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས་ཞབས་ལ་ཐག་པ་བཏགས།
ཏཱ་ལའི་བླ་མས་གཙོ་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ནང་དུ།
པཎ་ཆེན་རིན་པོ་ཆེ་ལ་ཟུར་ཟ་དང་སྨད་ར་གང་ཐུབ་དང་།
ཁ་དམག་གང་རྒྱག་ནས་སྡོད་ཡོད་པ་ཀུན་གྱི་ཤེས་གསལ་རེད།
བོད་ལ་ཚོང་པ་རྒྱགས་པ་དང་རྒྱལ་བཙོང་པ་ཟེར་བའི་གཏམ།
བཙན་བྱོལ་སྤྱི་ཚོགས་ཀྱི་རྡ་ས་ནས་ཐོག་མ་གཏོང་བ་རེད།
དེ་ཡང་བསླབ་མཁན་ཏཱ་ལའི་བླ་མ་འཁོར་བཅས་རང་རེད།
དེ་མ་ཚད་བལ་ཡུལ་ཕེབས་སྐབས་སུ་དར་ཆ་ནག་པོ་ཁྱེར་ནས།
ངོ་རྒོལ་བྱེད་བཅུག་མཁན་ཡང་ཏཱ་ལའི་བླ་མ་འཁོར་བཅས་རེད།
ངོ་ཚ་མེད་པ་དང་རང་དོན་ཁོག་བཅུག་རྐྱང་ལས་ནས་་་
བོད་རྒྱལ་ཁབ་ཡབ་གཞིས་འཁོར་བཅས་ཀྱིས་བཙོང་ནས།
ཞྭ་མོ་ནག་པོ་པཎ་ཆེན་རིན་པོ་ཆེའི་དབུ་ལ་གཡུགས་མཁན།
གཙོ་བོ་ཏཱ་ལའི་བླ་མ་རེད་་་་་ངོ་ཚ་མེད་མཁན།
དེང་ངས་རྗེས་དྲན་ཧ་ཧ་ཧ་་་་དངུལ་དམར་ན་གཏོགས་བསམ་ཡ།
མེད་མཁན་རྐྱང་འཛོམས་ན་དེ་འདྲ་ལས་གཞན་གང་ཡོད།
དར་ནག་པོ་འཁྱེར་མེད་པའི་ཁུངས་དང་། གསལ་བཤད།
https://www.facebook.com/10thPanchen/videos/342742729786238/UzpfSTExOTMwNjY1ODgwMzQ2MjozODczNjE4MDE5OTc5NDU/
སྙིང་རྗེ
སྙིང་རྗེ་་་་་་་ལས་མ་དག་པའི་མཆན་པ་ཁ་ཤས་སྐྱིད་པོ་མེད་པ་འདྲ། དེ་ལ་རང་སྡུག་རང་གིས་ཉོས་ཟེར།