རེབ་ཐོག་མདའ
ལྗང་མདོག་བོར་བའི་མྱ་ངམ་ཐང་ཆེན་བགྲེས་སོང་བསམ་གཞིགས་ཁུགས་ན་ལྷེམ།།
བསྐལ་པར་བཞུར་བའི་གཙང་པོའི་ཁ་དོག་སྐྲ་ལོའི་ཚུལ་དུ་གདོང་ན་བཞུར།།
གཉེར་རིས་སྟུག་པོའི་བཞིན་ལ་བབས་པའི་རྒད་པོའི་མིག་ཟུང་ལྐོག་ཏུ་ལྷུང་།།
སྒྱུ་རྩལ་མཁས་པའི་པིར་གྱིས་བཞེངས་པའི་པར་རིས་གནད་དེ་ཅི་ཡིན་ནམ།།
གོས་དཀར་གྱོན་པའི་བུད་མེད་གཅིག་པུས་གཙང་པོའི་འགྲམ་ན་ཅི་བྱེད་དམ།།
རྟ་དཀར་ཞོན་པའི་འགྲུལ་བཞུད་སེམས་ལ་སྙིང་རྗེ་སྐྱེས་པ་ཨེ་ཡིན་ནམ།།
མིག་ཟུང་ཁོ་མོས་ཕྱོགས་ལ་གཏད་ཀྱང་བུ་མོར་གྲག་འགུལ་མེད་འདི་མཚར།།
འཆི་གསོན་གང་ཡིན་སོམ་ཉི་བྲལ་ཡང་བུ་མོ་སྐྱོ་བས་གདུང་འདི་རྟོགས།།
རྡོ་བས་གྲུབ་པའི་ཟམ་ཆེན་འདི་ལ་ལོ་རྒྱུས་ཟབ་མོ་ཡོད་དམ་ཅི།།
རྒྱང་བཞུད་གཙང་པོ་དལ་གྱིས་བཞུར་ནས་ལོ་ངོ་ག་ཚོད་ཆས་ཡོད་དམ།།
པར་ལས་མཐོང་བའི་བགྲོས་སོང་དེ་ནི་མེས་པོ་དམ་པ་སུ་ཞིག་ཡིན།།
འདི་དག་ཡོད་ཚད་བདག་བློས་མ་རྟོགས་ད་དུང་སོམ་ཉིའི་ཚུལ་དུ་ལུས།།
རི་ལ་ཆགས་པའི་སྡེ་ཆེན་དེ་ན་བུ་མོའི་མིག་ཟུང་རྒྱང་ལ་གཏད།།
ཁ་དང་རྣ་བའི་ཚུལ་དུ་ཤར་བའི་བགྲེས་སོང་ལུས་ཀྱི་ཆ་ཤས་དེ།།
མྱ་ངམ་ཐང་གི་གཏམ་རྒྱུད་རིང་པོ་བུ་མོའི་རྣ་བར་འཆད་དང་འདྲ།།
གཙང་པོ་མེད་པའི་བྱེ་མའི་ཐང་ནས་ཤིང་གི་གྲུ་ཆུང་གང་ལ་བཞུད།།
ལྗང་མདོག་བོར་བའི་ལྗོན་པའི་འོག་ན་བསིལ་བའི་བདེ་བ་ཨེ་ཡོད་དམ།།
ནགས་ཚལ་སྟུག་པོའི་ཀློང་ན་མངོན་པ་ཕྱུག་པོའི་གཞིས་ཀ་ཡིན་ནམ་ཅི།།
རྡོ་ཁང་ཕྱི་ལ་ཅུང་ཙམ་བརྒལ་ན་གཙང་པོའི་བཞུར་སྒྲ་ཨེ་གོ་འམ།།
ཆུ་བོ་མེད་པའི་མྱ་ངམ་ཐང་ནས་ཆུ་སྐྱེས་སྲོག་ཆགས་གནས་སམ་ཅི།།
བུད་མེད་གདོང་གི་དབྱིབས་སུ་གྲུབ་པའི་ཆུང་ཆུང་རི་བོའི་སྒང་དེ་ན།།
ཀྱག་ཀྱོག་འཚོ་བའི་ལམ་ཆེན་འགྲིམ་པའི་མྱི་ཡི་ཚོགས་ཤིག་གནས་སམ་ཅི།།
རང་ང་རང་ང་ཅི་ཞིག་འབྲི།
རིང་ང་རིང་ང་ཅི་ཕྱིར་འབྲི།
ཁ་བརྡ་ཞིང་ཁ་ཆུང་ཆུང་ནང་།
འབྲས་མེད་ཡུ་ཤོ་མང་སོང་ཟིག
ངོ་མཚར་རི་མོའི་སྒྱུ་མའི་རྩལ་འདི།།
མིག་དང་ཡིད་ཀྱི་དགའ་སྟོན་གྱུར།།
ཐོག་མདས་འགྲེལ་བའི་སྙན་ཚིག་ཀྱང་།
ཟྭ་ལ་མཚུངས་པའི་ལྡེ་མིག་མཐོང་།།
རྟ་དཀར་ཞོན་པའི་འགྲུལ་པ་དེས །།་
་ཞྭ་དཀར་གྱོན་པའི་སྣང་ཚུལ་བྱུང་།།
བགྲེས་སོང་མིག་སྟེང་སྨིན་མ་དཀར།།
གོར་མོའི་དབྱིབས་སུ་འཁྱིལ་འདིར་གཟིགས །།
རི་མོ་འདི་ཀོ་སུས་བྲིས་ཀྱང་།།
དོན་མཚོན་འགྲེལ་པ་སྩོལ་ཅིག་གུ།།