སྐྱོ་བྲག་དགའ་དབང་།
སྒྲུབ་བརྒྱུད་རིན་པོ་ཆེ་གང་ལས་བྱུང་བའི་ཤིང་རྟ་བ་ནི་མར་པ་ཆོས་ཀྱི་བློ་གྲོས་ཡིན་ལ། ཁོང་ལ་པཎ་ཆེན་ནཱ་རོ་པས་རྒྱུད་མན་ངག་གི་མཛོད་གཏད་པའི་གནས་ནི་པུཥྤ་ཧ་རི་ཡིན་པ། གཙུག་ལག་ཕྲེང་བའི་མར་པའི་རྣམ་ཐར་དུ། ཡེ་ཤེས་ཀྱི་ཌཱ་ཀིས་ཏེ་ལོ་ལ་ང་ལུང་བསྟན་པ་ཡིན། ང་ལ་ཡང་ཏེ་ལོས། རང་གྲོལ་ཡེ་ཤེས་ཉི་མ་ཡིས། །ཕུ་ལ་ཧ་རིའི་དགོན་པ་རུ། །མ་ཏིའི་མ་རིག་མུན་པ་སོལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཞེས་ཁྱོད་ལུང་བསྟན་པ་ཡིན། ཁྱོད་ལ་སློབ་མ་བས་ཀྱང་ཡང་སློབ་བཟང་བའི་རྒྱུད་པ་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ་བསྟན་པ་རྒྱས་པར་འགྱུར་བའི་ལུང་བསྟན་ནཱ་རོས་གནང་རབས་བཤད་པས་ཤེས་ཀྱི་ཡོད།
པུཥྤ་ཧ་རི་གང་དུ་མཆིས་པའི་ཐད། རུས་རྒྱན་པའི་མར་པའི་རྣམ་ཐར་དུ། མར་པ་གྲོགས་ཛོ་ཀི་གཅིག་གཉོས་དང་གསུམ་གྱིས་དཀའ་སྤྱད་ཆེན་པོར་མཛད་ནས་བྱོན་པས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕེབས། ནམ་ལངས་པ་དང་། ཨ་ཙ་ར་ཞིག་བྱུང་ནས་ཁྱེད་ཀྱི་ས་ན་བོད་ཀྱི་བན་དྷེ་ཞིག་ཡོད་འདུག་པ་ཁྲིད་ལ་ཤོག་ཟེར་ནས་སོང་། དེའི་ཚེ་ཤེས་རབ་སེང་གེ་དང་བསྡེབས་ནས་བྱོན། ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ། པུཥྤ་ཧ་རིར་དགེ་ཚུལ་བས་མཇལ་སྣ་བྱས། དཔལ་ནཱ་རོ་པཎ་ཆེན་དང་མཇལ་ནས་བརྐྱང་ཕྱག་མང་དུ་བཙལ་ཚུལ་གྱིས་མར་པ་ཐོག་མའི་བྱོན་གནས་ནཱ་ལེནྡྲ་ཡིན་པ་དང་། པུཥྤ་ཧ་རི་ཡང་དེའི་ཉེ་འཁོར་ཞིག་ན་ཡོད་པ་འདྲ་བར་བཤད་ནའང་།
རྒྱབ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་ལས། བླ་མ་མར་པས་ལམ་དུ་ཞུགས་ནས་གངྒཱ་བརྒལ་ཏེ་བི་ཀྲ་མ་ལ་ཤཱི་ལར་བྱོན་ནས་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། ཅེས་དང་། པད་དཀར་ཆོས་བྱུང་ལས། དེར་བི་ཀྲ་མ་ཤཱི་ལར་སླེབས། དགེ་ཚུལ་ཤེས་རབ་སེངྒེ་དང་མཇལ། ཞེས་དང་། དེ་ནས་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས་ནས། དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ། དབང་ལུང་མན་ངག་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། བཀའ་སྲུང་གུར་དུད་སོལ་དང་བཅས་པ་གནང་སྟེ། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །ཅེས་ཐོག་མའི་བྱོན་གནས་བི་ཀྲ་མ་ཤཱི་ལ་ཡིན་པ་དང་། པུཥྤ་ཧ་རི་ཁ་ཆེར་ཡོད་པར་གསུངས།
ཁ་ཆེ་དང་འདབས་འབྲེལ་ཡིན་པའི་ས་ཆ་ཁུ་ནུ་དང་ལ་དྭགས་སོགས་ཀྱི་དད་ཅན་རྣམས་གནའ་ནས་ད་བར་པུཥྤ་ཧ་རིའི་གནས་སྐོར་ཆེད་ཁ་ཆེར་སོང་རབས་མཁས་བླུན་མང་པོས་བཤད་ཀྱི་འདུག་ཅིང་། དིང་གི་ཉམས་ཞིབ་པ་འགས་ཀྱང་པུཥྤ་ཧ་རི་ཁ་ཆེར་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་དབྱིག་ཡིག་བྲིས་ཡོད་རབས་ཀྱང་ཐོས་སོ། །
མཁས་པ་སྒོ་དྲུག་ནི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་ཡིན་པར། པད་དཀར་ཆོས་བྱུང་ལས། འབྲོག་མི་རྒྱ་གར་དུ་འབྱོན་པའི་ཚེ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་མཁས་པ་སྒོ་དྲུག་ཡོད་དེ། ཞེས་དང་། ད་ལྟ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བསྟན་པ་དར། དེ་ན་མཁས་པ་སྒོ་དྲུག་བྱ་བ་ཡོད། ཅེས་དང་། ཤེས་བྱ་ཀུན་ཁྱབ་ལས། རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོ། ཞེས་དང་། མཁས་པ་སྒོ་དྲུག་ནི་གཙུག་ལག་ཁང་དེ་ལ་མུ་སྟེགས་ལ་སོགས་པའི་རྒོལ་བ་རིགས་པ་དང་ནུས་པས་སྲུང་བ་པོ་སྟེ། ཞེས་སོ། །
དོན་ལ་ང་ཚོར་དགོས་པ་ནི་རྗེ་མར་པས་ནཱ་རོ་པའི་དྲུང་ནས་རྒྱུད་མན་ངག་ཞུས་པའི་ས་གནས་པུཥྤ་ཧ་རི་བྱ་བ་དེ་ནོར་མེད་ཤེས་ཐུབ་པ་ཞིག་ཡིན་གྱི་དཔེ་ཚན་གང་རུང་རེ་ཞེན་ཕུར་དུ་བཟུང་ནས་རང་གཞུང་འཛུགས་ཆེད་མིན་ཕྱིར། འབྲེལ་ཡོད་ཡིག་ཆ་སོགས་ཕྱོགས་མང་པོ་ཞིག་ནས་ལབ་གླེང་བྱ་ཐུབ་པ་ཡིན་ན། ལོ་རྒྱུས་དངོས་ཀྱི་གནས་ཚུལ་ཞིག་ལས་རྟོག་བཟོའི་ལྷ་སྒྲུང་ཙམ་མིན་པའི་པུཥྤ་ཧ་རི་གར་ཡོད་དངོས་ར་འཕྲོད་པའི་རེ་བ་ཤིན་ཏུ་ཆེའོ། །
ཁ་ཆེ་ན་ཡོད་པར་མ་བསྒྲུབས་ན་དགའ། མིང་དོན་གཉིས་ཀ་ཁ་ཆེའི་ཆོས་ལུགས་དང་མཚུངས་པ་ཞིག་ཏུ་མཐོང་ཡོང་བའི་ཉེན་ཁ་ཆེན་པོ་རེད། མར་པའི་ལོ་རྒྱུས་དེ་ཀློག་ཡོང་ན་ཁ་ཆེའི་ཆོས་ལུགས་པ་ཞིག་གི་བཟོ་ལྟ་མིག་ལམ་ལ་ཤར་ཡོང་བ་ཞིག་རེད།
གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །
ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །
དཔལ་པུཥྤ་ཧ་རིའི་དགོན་པ་དེར། །
སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །
རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །
བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །
ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །
ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །
འདི་བླ་མ་མར་པ་རང་གི་གསུང་ཡིན་ནམ།
་་་་་་ དེ་ནས་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས་ནས། དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ། དབང་ལུང་མན་ངག་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། བཀའ་སྲུང་གུར་དུད་སོལ་དང་བཅས་པ་གནང་སྟེ། ་་་་་་་
དེ་ནས་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས། གསུང་སྟངས་འདིས། ཡུལ་དབུས་དང། ཁ་ཆེ། ན་ལེན་དྲ་དང་། བི་ཀརྨ་ཤྲི་ལ་སོགས་ལ་མིན་པར། དེ་དག་དང་ཉེ་བར་གནས་པ་གསལ་འདུག་སྙམ་ལགས།
གོང་གི་དེའི་ཐད་ཀྱི་བསམ་ཚུལ་ཞིག་ལ། རྗེ་བཙུན་མར་པ་ཁོང་སྒྲུབ་བརྒྱུད་བསྟན་པའི་སྲོལ་འབྱེད་ཉིད་དུ་ངེས་མོད། བཀའ་བརྒྱུད་པའི་ཆོས་ཡིན་ཚད་དེ་ཉིད་ལས་བརྒྱུད་པས་མ་ཁྱབ་བོ།།
བཀའ་བརྒྱུད་པའི་ཆོས་ཡིན་ཚད་དེ་༼རྗེ་མར་པ་༽ཉིད་ལས་བརྒྱུད་པས་མ་ཁྱབ་མའི་མུ་དེ་གང་ཡིན་ནམ། མུན་སེལ་ལགས།
ཤངས་པ་བཀའ་བརྒྱུད་ནི་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་ནས་བརྒྱུད་པའི་བཀའ་བབ་ཡིན། མཁས་གྲུབ་ཁྱུང་བོ་རྣལ་འབྱོར་རྒྱ་གར་དུ་ཕེབས་ནས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་བསྟེན་ཏེ་ཟབ་ཆོས་མང་དུ་ཞུས་པ་ལས་ཤངས་པའི་ཆོས་སྐོར་ཟེར་བ་དེ་བྱུང་བ་རེད། ཐོག་མར་གཙང་ཤངས་ཞོང་དུ་དགོན་པ་ཕྱག་བཏབ་མཛད་ཀྱང་དེ་ནས་རིམ་གྱིས་གཙང་ཁུལ་དུ་དགོན་པ་བརྒྱ་དང་བརྒྱད་བཏབས། འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་། ཁོང་དགུང་ལོ་བརྒྱ་དང་ལྔ་བཅུ་ལྷག་ལ་བཞུགས་པར་གྲགས་ཤིང་། བོད་ཀྱི་ལོ་རྒྱུས་ནང་དགུང་ལོ་མཐོ་ཤོས་བཞུགས་མྱོང་མཁན་གྱི་བོད་མི་ཞིག་ཡིན། ལྷ་ཐོ་ཐོ་རུ་གཉན་བཙན་ཡང་དགུང་ལོ་བརྒྱ་དང་ཉི་ཤུ་ལས་བཞུགས་མྱོང་མེད། ཁོང་གི་གསང་སྔགས་ཀྱི་བརྒྱུད་པ་ལ། མར་བ་དང་མི་ལ་ནས་བརྒྱུད་པའི་བཀའ་བརྒྱུད་གཞན་དང་མི་འདྲ་ཡོད་པར་བཤད། མར་བ་ལོ་ཙ་བ་ནས་མི་ལ་བཞད་པའི་རྡོ་རྗེ་དང་། མི་ལ་བཞད་པའི་རྡོ་རྗེའི་སློབ་མ་ཉི་ཟླ་ལྟ་བུར་གྲགས་པ་མཉམ་མེད་དྭོགས་པོ་ལྷ་རྗེ་དང་། རས་ཆུང་བ་རྡོ་རྗེ་གྲགས་གཉིས་ནས་དོགས་པོ་བཀའ་བརྒྱུད་བྱུང་བ་རེད། དེ་ལ་བཀའ་བརྒྱུད་ཆེ་བཞི། ཆུང་བརྒྱད་ཀྱི་དབྱེ་བའང་ཡོད་པར་གྲགས།
གཉེར་ཕྱག་མིང་ཅན་ལགས། ཕྲན་ལ་མཚོན་ན། ཁོམས་པའི་སྐབས་རེ་མ་གཏོགས། དྲ་རྒྱུའི་ཁ་འབྱེད་ཀྱིན་མེད་སྟབས། ཁྱེད་ཀྱི་དྲིས་ཚིག་དེ། ད་ལྟ་རང་མིན་པ་མཐོང་མ་བྱུང་། ལར། བཀའ་བརྒྱུད་པའི་ཆོས་འབྱུང་སྐོར་ལ་ངེས་ཆ་གང་འཚམས་ལྡན་པ་ཞིག་ཡིན་ཚེ་དེ་དག་གི་སྐོར་ལ། དམིག་བསལ་གྱི་གསལ་བཤད་ཅིག་མི་དགོས། འོན་ཀྱང་། འདིར་ཁྱེད་ནས་དྲིས་པར་ལན་བསྡུས་གསལ་ཙམ་ཞིག་བརྗོད་ན། ཤངས་ལུགས་ཆོས་སྐོར་ལ་མར་པ་ནས་བརྒྱུད་པ་མིན་པ་ཇི་སྙེད་ཅིག་ཡོད་པ་ནི་སྨྲ་མ་དགོས། དེ་ཙམ་དུ་ཟད། འབྲུག་པ་བརྒྱུད་པའི་ཁྲིད་ཡིག་མན་ངག་སོགས་ཀྱི་ཁྲོད་ནའང་རྗེ་བཙུན་མར་པ་ནས་ཐད་ཀར་བྱུང་བ་མ་ཡིན་པར། མཁས་གྲུབ་གཞན་ནས་བརྒྱུད་པའང་ཡོད་དེ། རོ་སྙོམས་སྐོར་དྲུག་གི་ཆོས་སྐོར་སོགས་རྗེ་བཙུན་རས་ཆུང་པ་ནས། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དང་། དེ་ལས་ད་ལྟའི་སྐུ་འཕྲེང་བཅུ་གཉིས་པ་འཇིགས་མེད་པདྨ་དབང་ཆེན་བར་དུ་ཟམ་མ་ཆད་པའང་དུ་མ་ཞིག་ཡོད་ལ། དེ་དག་ནི་ཆིག་བརྒྱུད་རང་ཡིན་པས་སོ།། བསྒྲུབ་བྱར་ཚུལ་བཞིན་འགྲོ་བའི་ལན་ཡོད་ན་གསུངས་དང་། རྒྱས་པར་གླེང་ཆོག་གོ །
མུན་སེལ་ལགས།
ཤངས་ལུགས་ཆོས་སྐོར་ལ་མར་པ་ནས་བརྒྱུད་པ་མིན་པ་དང་། རོ་སྙོམས་སྐོར་དྲུག་གི་ཆོས་སྐོར་སོགས་རྗེ་བཙུན་རས་ཆུང་པ་ནས། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དང་། དེ་ལས་ད་ལྟའི་སྐུ་འཕྲེང་བཅུ་གཉིས་པ་འཇིགས་མེད་པདྨ་དབང་ཆེན་བར་དུ་ཟམ་མ་ཆད་པའང་དུ་མ་ཞིག་ཡོད་པར་གསུངས་བཀའ་དྲིན་ཆེ།
དེ་དག་བཀའ་བརྒྱུད་པའི་ཆོས་ཁུངས་སུ་ཇི་ལྟར་འགྲོའམ། དེ་ཡང་ཇོ་ནང་ལྟར་ཆོས་བརྒྱུད་གཞན་དུ་བརྩིས་ན་སྐྱོན་ཆེན་པོ་ཡོད་དམ། ལགས།
རུས་རྒྱན་པའི་མར་པའི་རྣམ་ཐར་དུ།
་་་་་ ང་ལ་མཐུ་གཟའ་གདོང་དམར་ནག་ཅེས་བྱ་བ་ཧྰུང་ཤི་ཕཊ་འགྱེལ་ཐོངས་པ་ཞིག་ཡོད་པ་དེ། གཙང་རོང་གི་གནུབས་ཁུ་ལུང་བྱ་བ་ན་བླ་མ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བྱ་བསྨ་ན་དང་སྔགས་ཀྱང་ཤེས་པ་ཞིག་ཡོད་པ་དེ་ལ་བྱིན། ཁོང་སེར་བ་མཛུབ་ཁྲིད་ཐོངས་པ་ཞིག་འདུག་དེ་ང་ལ་བྱིན་ནས། ་་་་་་
ཞེས་པ་དང་།
་་་་ སེར་བ་དགོས་ན་བླ་མ་གཡུང་སྟོན་ཁྲོ་རྒྱལ་ཅན་དུ་སོངས་ཤིག་གསུང་། ་་་་ཞེས་པའི་བླ་མའི་རྣམ་ཐར་གང་དུ་བཞུགས་ཡོད་དམ། ་་་་་ ལགས།
གཉེར་ཕྱག་མིང་ཅན་ལགས། གོང་གི་ཁྱེད་ཀྱིས་བྲིས་པའི་ཁྲོད༼དེ་དག༽གི་སྒྲ་དེ་ཡིག་སྐྱོན་ཤོར་བ་མིན་ཚེ། ཚིག་དེའི་ཤུགས་ཀྱིས་ཁྱུང་པོ་རྣལ་འབྱོར་བས་ཞུས་བསྒྱུར་གནང་བ་རྣམས་དང་། རྗེ་བཙུན་རས་ཆུང་པ་སོགས་ནས་ད་ལྟའི་སྐུ་འཕྲེང་འདི་ཚང་གི་བར་དུ་བཞུགས་པའི་རོ་སྙོམས་སྐོར་དྲུག་གིས་མཚོན་པའི་གདམས་པ་དེ་ཚོ་བཀའ་བརྒྱུད་པའི་ཆོས་ཁོངས་སུ་མི་གཏོགས་པར་བསྟན་འདུག་པས། དེ་དག་བཀའ་བརྒྱུད་ཀྱི་ཆོས་ཁོངས་སུ་མི་འདུ་བའི་སྒྲུབ་བྱེད་རེ་རེ་ནས་ཁོད་ཅིག མ་གཞི་གཉེར་ཕྱག་མིང་ཅན་ཁྱོད། ལྷན་ཅིག་ཏུ་བགྲོ་གླེང་བྱེད་རན་མེད་པའི་མི་ཞིག་ཏུ་ངེས་ཏེ། གོང་དུ་བདག་གིས་བསམ་ཚུལ་དེ་དག་མ་ཡིན་པའི་སྒྲུབ་བྱེད་ལ་མི་ལ་རས་པས་བླ་མ་ཟུང་ལས་མཐུ་གཏད་སེར་སློང་སྒྲུབ་ཚུལ་སྐོར་དྲངས་ཚུལ་ལ་བལྟས་ན། བཀའ་བརྒྱུད་པའི་གཞུང་ལུགས་ལ་ཐོས་བསམ་ཕར་ཟད། ཆོས་འབྱུང་ལོས་རྒྱུས་ཙམ་ལའང་ལྟ་ཞིབ་བྱེད་མི་ནུས་མཁན་གྱི་མི་འུར་དུམ་ཤུགས་ཆེན་ཅན་ཞིག་ཡིན་པའི་རང་མཚང་གསལ་བོར་བསྟན་ཟིན་འདུག་པ་ནི་བཤད་མི་དགོས།
མུན་སེལ་ལགས།
ངཀའ་བརྒྱུད་པའི་བསྟན་པའི་འབྱུང་ཁུངས། མར་མི་དྭགས་གསུམ་ལས། དེ་མིན། བླ་མ་རས་ཆུང་པ་དང་། ཤངས་ལུགས་ཀྱིས་བཀའ་བརྒྱུད་པའི་ཆོས་སྒོ་ཡར་འདེགས་དང་། མར་ཕབ་བགྱིད་ཡོད་པ་སུ་ཡིས་ཤེས། ཁྱེད་ཀྱིས་ང་ཡི་མུན་པ་སེལ་ཐུབ་མ་སོང་ངོ་། །མུན་སེལ་ལགས།། །།
ཡང་མུན་སེལ་ལགས།
དེང་གི་བཀའ་བརྒྱུད་པས། མར་ཆོས་ཀྱི་ཡང་རྩེ་གསང་བ་འདུས་པའི་ལུང་རྒྱུན་ཙམ་ཡང་མེད་པ་འདི། ཅིས་ལན་པ་རེད། ལགས།