ཐེ་བོ་ཤེས་རབ་རྒྱ་མཚོ།
ཕྱུག་པོས་རྫ་མ་བཅག་ན་བཙེམ་སྲོལ་ཡོད། དབུལ་བོས་གོ་རེ་བཅག་ན་ཟ་སྲོལ་མེད།
རྙིང་རྒྱུ་དང་ཟད་རྒྱུ་མེད་པའི་སྡོམ་ཚིག་ཅི་འདྲའི་ལྗིད་པོ་ཞིག་རེད་ཨང་།
མ་གཞི་ཆབ་སྲིད་པ་དག་གིས་ག་དུས་ཡིན་ནའང་གནད་དོན་མ་ཡིན་པ་ཞིག་གནད་དོན་ལ་བསྒྱུར་ནས་ཚབས་ཇེ་ཆར་གཏོང་རྒྱུར་ཧ་ཅང་དགའ་ཞིང་། དེ་ལ་བརྟེན་ནས་མང་ཚོགས་རྣམས་ཅི་འདོད་གང་འདོད་དུ་ཁ་ལོ་བསྒྱུར་ཏེ་རང་ཉིད་ཀྱི་དགོས་འདུན་ཁག་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་དང་། བྱེད་ཐབས་དེའི་རིགས་ལ་འཇིག་རྟེན་དུ་མི་རྣམས་ཀྱིས་ལྐོག་གཡོ་ངན་ཇུས་འཐེན་པ་ཟེར་བ་རེད། འོན་ཀྱང་ཁྱོད་ནི་རང་ཉིད་ཀྱི་བླ་སྲོག་དང་གཉིས་སུ་མ་མཆིས་པའི་སྙུ་གུ་འཛིན་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པའི་ངོས་ཐད་ནས་བཤད་ན། བྱེད་སྟངས་དེའི་རིགས་ནི་ཧ་ཅང་སྐྱུག་བྲོ་བ་ཞིག་ཡིན་པས་གནད་འགག་གི་སྐབས་སུ་ཁྱོད་ལ་མ་མཐའ་ཡང་མི་གཞི་དྲང་མོ་མདའ་འདྲ་བ་ཞིག་ངེས་པར་དུ་ཡོད་དགོས་པ་རེད། ད་ལན་གྱི་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་ཀླན་ཀ་འདི་འདྲ་མང་པོ་ཞིག་ད་སྐབས་རང་ཉིད་རྩོམ་པ་པོ་ཡིན་པར་འདོད་པའི་སྙུ་གུ་ཐོགས་མཁན་ཚོའི་སྙུག་རྩེ་ནས་ངན་གཡོ་དང་བཅས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་བཞུར་ནས་འགྲོ་བཞིན་པ་འདི་ཅི་འདྲའི་ཕངས་པ་ལ་ཨང་།
ད་ལྟའི་བཀའ་ཁྲིའི་འོས་མི་དག་དང་འབྲེལ་བའི་ཀླན་ཀ་མང་པོ་ཞིག་འཚོལ་གྱིན་པའི་སྐབས་འདིར། བློ་སེང་གིས་རྒྱ་ནག་གི་ལག་འཁྱེར་ཞིག་བསྣམས་ནས་པེ་ཅིན་དུ་ཕྱིན་པ་དེ། མི་མང་པོ་ཞིག་གིས་ཧ་ཅང་ཚབས་ཆེ་བའི་གནད་དོན་ཞིག་ཏུ་བརྩིས་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བློ་སེང་པེ་ཅིན་དུ་སོང་བ་དེ་བརྒྱུད་བསྒྲགས་བྱ་གང་ཐུབ་བྱེད་ཀྱིན་པ་འདི། ངས་བསམ་ན་དྲང་བདེན་གྱི་བྱེད་སྟངས་ཤིག་མ་རེད་སྙམ། ཁ་ཤས་ཀྱིས་ད་དུང་གལ་སྲིད་བློ་སེང་ལ་སྐབས་གསུམ་པའི་བཀའ་ཁྲིའི་མཐའ་མའི་རྒྱལ་ཁ་དེ་ཁྱེད་ལ་ཐོབ་སོང་བའི་དབང་དུ་བཏང་ན། ཉིན་མོར་དེར་རྒྱ་ནག་གིས་ཚུར་གླེང་རྙོག་མི་བཟོས་པའི་ངེས་པ་མེད་པས་སྐབས་དེར་ཁྱེད་ཀྱིས་ཁྲིམས་ལུགས་ཀྱི་ཐོག་ནས་གསལ་བཤད་ཇི་ལྟར་བྱ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་མྱོང་ཡོད་ནའང་། ངས་བསམ་ན་དྲི་བ་དེའི་རིགས་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལྷུར་དུ་བླངས་པ་ཞིག་རེད་ལ། ཡང་གཅིག་བཤད་ན་ཧ་ཅང་བྱབ་ཆུང་གི་དྲི་བ་ཆོ་མེད་པ་ཞིག་ཀྱང་རེད། རྒྱ་ནག་གིས་ཚུར་སྙོན་འཛུགས་རྒྱུར་དོགས་ཟོན་བྱས་ཚེ་ང་ཚོ་གངས་སྐྱིད་ཀྱི་དཀྱིལ་འཁོར་ཆུང་ཆུང་འདིའི་ནང་ཆབ་སྲིད་ཀྱི་འགུལ་སྐྱོད་ངོ་མ་ཞིག་རྒྱག་ཐབས་གཏན་ནས་མེད་པ་མཁྱེན་ཐབས་གནང་དགོས། ཡང་གཅིག་བཤད་ན། མ་གཞི་ནས་རྒྱ་ནག་གཞུང་གིས་ང་ཚོ་བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ལ་བརྩིས་མྱོང་ཡོད་དམ།
དེ་རིང་གི་ཤོད་སྟངས་འདིར་བལྟས་ཡོང་ན་ང་ཚོའི་སེམས་ནས་ལོ་རྒྱུས་དུམ་བུ་ཞིག་གཏན་དུའམ་གཏིང་བརྗེད་དུ་སོང་ཟིན་པ་དང་འདྲ་སྟེ། མ་གཞི་དགོས་དབང་ཞིག་གི་ཆེད་ང་ཚོས་ལོ་རྒྱུས་དུམ་བུ་རེ་འདི་ལྟར་མ་གླེང་ནའང་ཆོག་ལ་དེ་ལྟར་བརྗེད་དུ་བཅུག་ནའང་ཆོག འོན་ཀྱང་ལོ་རྒྱུས་ཀྱིས་ང་ཚོ་མི་གླེང་བར་འཇོག་སྲིད་དམ། ལོ་རྒྱུས་ཀྱིས་ང་ཚོ་བརྗེད་སྲིད་དམ། ལོ་རྒྱུས་ཀྱིས་ང་ཚོ་མག་མོག་དང་རབ་རིབ་ཀྱི་ངོ་བོར་འཇོག་སྲིད་དམ། གཏན་ནས་མི་སྲིད།
༡༩༥༤ ལོ་ནས་ཡུན་རིང་པོ་ཞིག་ལ་ྋགོང་ས་མཆོག་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་མཛད་འགན་བཞེས་མྱོང་ཡོད་པ་དང་། མཛད་འགན་བཞེས་སའི་ས་གནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཡིན། འདིའི་སྐོར་ལ་ཞིབ་འཇུག་བྱེད་འདུན་མཆིས་ཚེ་ <<བཙན་བྱོལ་ནང་གི་རང་དབང་>> ཞེས་པའི་མཛད་རྣམ་དེར་གཟིགས་རོགས་ཞུ་རྒྱུ་དང་། སྔ་ཕྱི་ཐེངས་དགུ་ཙམ་ཕེབས་ཟིན་པའི་སྐུ་ཚབ་ཚོས་ཀྱང་ལག་འཁྱེར་གང་ཞིག་བསྣམས་ནས་པེ་ཅིན་དུ་ཕེབས་ཡོད་པའི་སྐོར་ལ་ཀླན་ཀ་འཚོལ་མཁན་མེད་པ་དང་། ལྷག་པར་དུ་པེ་ཅིན་གྱི་སྙིང་རྩ་དང་གཞི་གཅིག་ཏུ་འབྲེལ་བའི་རྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ན་རྒྱ་མི་འབྲུག་འཁྲབ་མཁན་ནང་བཞིན་གྱི་བང་རིམ་རིང་པོ་རེ་འགྲིགས་ནས་ལག་འཁྱེར་ཞུ་རྒྱུར་སྒུག་བཞིན་པའི་བཙན་བྱོལ་བོད་མི་དེ་དག་གིས་ཞུས་པའི་ལག་འཁྱེར་དེའི་སྐོར་ལའང་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་ལྷུར་དུ་བླངས་ཡོད། འོན་ཀྱང་ང་ཚོས་ངོས་ནས་འདི་དག་ཚང་མ་གནད་འགག་ཅིག་ཏུ་གཏན་ནས་བརྩིས་མྱོང་མེད་ལ་རྩི་ཡང་མི་སྲིད། ད་དུང་འདིར་ཧ་ཅང་བགྲང་འོས་པའི་དཔེ་མཚོན་གཞན་ཞིག་ཡོད་པ་ནི། གངས་ཅན་སྐྱིད་གཤོང་གི་དཀྱིལ་འཁོར་ནང་ནས་གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་འཁུར་མྱོང་བའི་མི་ཡང་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གི་པེ་ཅིན་དུ་བསྐྱོད་ནས་ཏང་གིས་བྱིན་པའི་གོ་གནས་སྟེང་འཁོད་མྱོང་ཡོད་པ་དང་། འུ་ཚོའི་སྙུ་གུ་འཛིན་མཁན་རྣམས་ཀྱིས་འདིའི་ཐད་གླེང་སློང་གཏན་ནས་བྱས་མེད་ལ་བྱ་ཡང་མི་སྲིད་པ་ངས་ཤེས་ཡོད། ཡིན་ཡང་གནས་ཚུལ་དང་གནད་དོན་རེ་འགའི་ཐད་ཁོང་ཚོ་ཧ་ཅང་ཚོར་བ་སྐྱེན་པོའི་ཐོག་ནས་ཤོག་སྦུག་འཚང་བྱེད་རྒྱུར་ཤིན་ཏུ་ནས་ཀྱང་དགའ་བོ་ཡོད་པ་འདི་ཧ་ཅང་ཡ་མཚན་པ་ཞིག་རེད། ད་དུང་གནད་དོན་གཞན་ཞིག་ནི་ང་ཚོའི་མང་ཚོགས་ཧ་ཅང་མང་པོ་ཞིག་བཙན་བྱོལ་བོད་གཞུང་གི་གྲུ་གཟིངས་འདིའི་ནང་ཞུགས་ནས་སྐྱོད་ཀྱིན་ཡོད་ནའང་། ཧ་ཅང་ཕངས་པ་ཞིག་ལ་མང་ཚོགས་མང་ཤས་ཀྱིས་རང་ཉིད་ཞུགས་སའི་གྲུ་གཟིངས་འདི་ཁ་ཕྱོགས་གང་དུ་འཐེན་ནས་སྐྱོད་ཀྱིན་པ་གཏན་ནས་ཤེས་ཀྱི་མེད་སྟབས། འདིས་ཀྱང་གནད་འགག་གི་སྐབས་སུ་དཀའ་ངལ་འཕར་མ་རེ་སྤྲོད་ཀྱིན་ཡོད།
གོང་གི་སྐད་ཆ་འདི་ཚོ་གནད་དོན་ཞིག་གསལ་པོ་ཆགས་རྒྱུར་དམིགས་ནས་བཤད་པ་ཡིན་པས་ཤོད་སྟངས་ཐད་ཚོར་བ་རྣོ་བའི་བརྗོད་ཚིག་ཐལ་དྲགས་པ་རེ་བྱུང་ཡོད་ཚེ་སེམས་གཏིང་ནས་ཁྱོད་ལ་དགོངས་དག་ཞུ་རྒྱུ་ཡིན་ལ། ད་དུང་དྲང་ཚུགས་ཀྱི་ཐོག་ནས་བརྗོད་གཞི་དང་འབྲེལ་བའི་སྟེང་ངའི་ལྟ་ཚུལ་དང་མཐུན་མིན་ལ་མ་ལྟོས་བར་བགྲོ་གླེང་ཅི་བྱུང་ལ་སེམས་གཏིང་ནས་ཁྱོད་ལ་དགའ་བསུ་ཞུ་རྒྱུ་ཡིན།
མཐའ་དོན་རིང་མིན་སླེབས་ལ་ཉེ་བའི་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཤོག་འཕེན་མཁན་ཚོར་དྲན་སྐུལ་སྣོན་པ་ཞུ་རྒྱུ་ཞིག་ལ་ད་ལན་ང་ཚོས་བོད་མི་མང་གི་ཆེད་དུ་བོད་མི་མང་གི་བཀའ་ཁྲི་གཅིག་འོས་འདེམ་བྱེད་ཀྱིན་པ་འདི་ཁྱོད་ཀྱིས་ངེས་པར་དུ་སེམས་ལ་ཡག་པོ་ཉར་རོགས། གཏན་ནས་བརྗེད་དུ་མ་འཇུག
ཐེ་ཤེར་ལགས་ཁ་སྔོན་སྐྱེས་སར་ཀླུ་སྒྲུབ་ཁུ་སུམ་མེར་བཞག་སོང་། དེ་རིང་གནས་ལུགས་ཅན་གྱི་སྐད་ཆ་ཁ་ཤས་བརྗོད་འདུག་ཡི་རངས་ཡོད། བློ་སེང་འདི་ཨེ་ཤ་ཡའི་གཞོན་སྐྱེས་འགོ་ཁྲིད་མི་སྣ་གྲགས་ཅན་༢༠ནང་བདམས་ཡོད་པ་ཕལ་ཆེར་མང་ཆེ་བའི་བརྗེད་འདུག་འདི་ནས་གསལ་འདེབས་ཙམ་ཡིན།
ཐེ་ཤེས་ལགས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རང་གི་འོས་མིར་རྒྱབ་སྐྱོར་བྱེད་སྟངས་བྱེད་ལུགས་དེ་འདྲ་རང་རེད་གཞན་གྱི་འོས་མི་ཐོག་ཚིག་གཅིག་རྐྱང་མི་གླེང་བ་རང་ཚུགས་བརྟན་པོའི་སྒོ་ནས་རང་ཉིད་བཀའ་ཁྲིའི་སྐོར་གླེང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
ད་དུང་མུ་མཐུད་ནས་ཁ་བརྡ་ཚང་ལ་རྩོམ་ཡིག་མང་ཙམ་སྤེལ་རོགས་གནང་།
ཐེ་བོ་ལགས།ངའི་འདྲི་བ་འདི་ལ་ལན་ཞིག་ངེས་པར་གནང་རོགས།སྐུ་ཚབ་ཚོ་པེ་ཅིན་དུ་བསྐྱོད་པར་སྐྱོད་སྟངས་ག་འདྲ་རེད།མཐའ་གཅིག་ཏུ་བློ་སེང་བསྐྱོད་སྟངས་དང་གཅིག་པ་རེད་དམ།
ཧ་ཧ། ཐེ་བོ་འདི་དངོས་གནས་ཕྱོགས་ཞེན་གྱིས་རྨོངས་པ་ཡིན་ནམ། ཡང་ན་ཤེས་ཀྱང་ཁྱད་གསོད་བྱེད་པ་གང་ཡིན་ཆ་མ་འཚལ། ཁྱེད་རང་གིས་བློ་སེང་དཀར་འདོན་ཡོང་ཆེད་༸གོང་ས་མཆོག་འདིར་དྲུད་ཡོང་བ་མ་ཟད། བོད་གཞུང་གི་འབེྲལ་མོལ་སྐུ་ཚབ་ཚོ་ཡང་དྲུད་ཚར་འདུག བློ་སེང་དང་༸གོང་ས་མཆོག་བསྡུར་བ་གཏོང་བ་འདི་ཁྱེད་རང་ཧམ་པ་ཚ་ཐག་ཆོད་པ་ཞིག་དང་། བོད་མི་ས་ཡ་དྲུག་གི་སེམས་ཁམས་ལ་རྨ་འབྱིན་པ་ཞིག་མ་ཡིན་ནམ། མ་གཞི་ཁྱེད་ཚོ་ལུང་ཁུག་གི་མི་ལ་ཁག་ཆེར་མེད། མཐོང་རྒྱ་དང་ཐོས་རྒྱ་ཁྲོན་པའི་སྦལ་པའི་ཟླ་ལ་འགྲན་བཞིན་པ་མ་ཟད། དེ་ལས་ཀྱང་ཐུ་བ་ནི་གླེན་པའི་སྟེང་ང་རྒྱལ་ཆེ་བ་འདི་རེད། ཁྱོད་ཚོའི་ཀུན་སློང་ལ་སྐྱོན་དེ་ཙམ་མེད། འོན་ཀྱང་ཀུན་སློང་དེ་ལ་ཡིན་ལུགས་རྣམ་པར་དཔྱོད་པའི་ཤེས་རབ་ཡང་དག་ཞིག་གི་གྲོགས་མེད་ཙང་ཆེས་ལྐུགས་པའི་ལྟ་ཚུལ་འདི་བྱུང་བ་རེད། ཁྱེད་ཚོ་དང་ལྟ་བ་མཐུན་པའི་མིས་བཤད་པ་ལྟར་ན། རྒྱ་ནག་གཞུང་བློ་སེང་ལ་ཞེད་ཀྱི་འདུག་ཟེར་བ་དང་། བློ་སེང་བཀའ་ཁྲིར་འཁོད་ན་བོད་ཀྱི་བདེན་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་རེ་བ། བོད་མིའི་ཁྲོད་བློ་སེང་ལས་མཁས་པ་ཞིག་མེད་པར་རློམ་པ་སོགས་ནི་དངོས་གནས་བྱས་ན་སེམས་སྐྱོ་དགོས་ཡས་ཀྱི་གནད་དོན་ཞིག་མིན་ནམ། རྒྱ་ནག་གཞུང་གིས་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ལ་རྒོལ་ཏེ་ཡ་མེད་བྱེད་ཀྱི་འདུག་ན། བློ་སེང་ལྟ་བུ་མི་ཕལ་པ་ཞིག་ལ་ག་རེ་བྱས་ཏེ་ཞེད་ཀྱི་ཡོད་པ་རས། མ་ཟད་ཧ་ཝ་ཌིའི་སློབ་གྲྭ་ནས་ལོ་ལྟར་སློབ་མ་སྟོང་ཕྲག་ཐོན་ཀྱི་འདུག་ན་བློ་སེང་ལྟ་བུ་སྐྱག་པ་ལས་འབེལ་བ་མ་ཡིན་ནམ། འོ་ན་༸གོང་ས་མཆོག་ལྟ་བུ་ལ་ཡང་མེད་པའི་ནུས་པ་ཆེན་པོ་ཞིག་བློ་སེང་ལ་ཡོད་དམ། ད་རྒྱུ་མཚན་བཤད་ནས་ཚར་ཡས་མི་འདུག ཁྱེད་རང་ཚོ་དངོས་གནས་གླེན་རྨོངས་ཁྱུ་ཞིག་རེད་ཅེས་ཤོས་འདོད་བྱུང་། རྒྱ་མིས་བོད་ལ་མི་གཅིག་ལས་མི་འདུག་ཅེས་ཤོད་པ་ལ་རྒྱུ་མཚན་དངོས་གནས་འདུག
འུ་ཚང་གི་སྐུ་ཚབ་ཚོ་རྒྱ་ནང་ལ་འགྲོ་སྐབས་ཁོ་ཚོའི་ལག་ཁྱེར་གང་ཞིག་བཟུང་ནས་སོང་ཡོད་པའི་བསྐོར་ལ་ཡང་དག་པའི་བདེན་པ་ཞིག་དང་། བདེན་པ་དེར་རྒྱབ་ལྗོངས་སམ་བདེན་དཔང་ཡང་དག་ཅིག་བཤད་ནི་འདྲ་འུ་ཡོད་།