དགུ་རོང་སྤུན་གྲོལ།(བོད།)
སྲིད་དོན་དཔྱད་བརྗོད་ལ་ཅིས་ཀྱང་གནས་ཚུལ་ཡོང་ཁུངས་དགོས་པས་རྩོམ་འདི་བྲི་བར་འབྲས་རྟགས་ལ་སྒུག་ནས་ཟླ་ངོ་དྲུག་འགོར་སོང་། ཡིན་ཀྱང་། ཡིད་ཚིམ་པ་ཞིག་བྱུང་མ་སོང་།
དབྱིན་ཇིའི་ལོ་རྒྱུས་སྨྲ་པ་ལོར་ཏི་ཨ་ཀི་ཀྲིན་གྱིས“སྤྱིར་དབང་ཆས་རུལ་སུངས་བསྐྱེད་པར་མཐུན་རྐྱེན་བྱེད་ཅིང་། སྒོས་སུ་ལྟོས་མེད་དབང་ཆས་རུལ་སུངས་བསྐྱེད་པ་ནི་གཟུར་དུ་མེད་པས། དབང་འཛིན་པ་དག་ནི་ཧ་ལམ་རྒྱུན་པར་རུལ་པའི་མི་རུ་གྱུར་ཡོད” “Power tends to corrupt, and absolute power corrupts absolutely. Great men are almost always bad men.”___Lord Acton ཅེས་བསྙད་པ་བཞིན་རྒྱ་ནག་དབུས་གཞུང་གི་དབང་འཛིན་པ་ཕལ་ཆེར་རུལ་པའི་མི་རུ་གྱུར་ཡོད་ལ་རྡ་སའི་དབུས་གཞུང་གི་དབང་འཛིན་པ་ཕལ་ཆེར་ཡང་རུལ་བའི་མི་རུ་གྱུར་ཡོད།
ད་ལོར་པེ་ཅིན་དང་རྡ་སའི་ཆབ་སྲིད་ཀྱི་ཁོར་ཡུག་ཏུ་སྔར་དང་མ་འདྲ་བའི་གཙང་ཕྱགས་ཆེན་མོའི་ཐལ་རྡུལ་དང་གཙང་བཟོ་ཆེན་མོའི་འཁྲབ་སྟོན་བྱས་པ་ནི་ཀུན་ལ་གསལ་ཆ་ཡོད་ཤག་ཅིག་རེད། གོང་དུ་བརྗོད་པའི་དབུས་གཞུང་དེ་གཉིས་ནི་ཕན་ཚུན་ཁ་གཏད་དུ་ལངས་ནས་གཅིག་གིས་གཅིག་ལ་སྐྱོན་མཚང་འདྲུ་རེས་བྱེད་པས། བལྟས་ཚོད་ཀྱིས་དེ་གཉིས་ཀྱི་དབར་ན་མཐུན་ཆོས་ཤིག་མེད་པའི་སྣང་བ་སྟེར་ཞིང་མཆིས་མོད། དོན་གྱིས་དེ་འདྲ་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ།། པེ་ཅིན་གྱི་ས་ངོས་སུ་རུལ་སུངས་ཀྱི་སྙུགས་རོ་སྤུངས་ཡོད་པ་བཞིན་རྡ་སའི་རི་ངོགས་སུའང་རུལ་སུངས་ཀྱི་སྙུགས་རོ་སྤུངས་ཡོད། དེ་འདྲའི་རུལ་སུངས་ཀྱི་སྙུགས་རོ་གང་དེའི་ལྟག་རྒྱབ་ལ་དཔྱོད་ཤེས་ཀྱི་ལག་ཟུང་གིས་ཡང་ཡང་བསྙོབས་པར་བྱས་ན། སོར་མོའི་རྩེ་ལ་རེག་པའི་ཆུ་སེར་གྱི་ཐིགས་པའི་བཙོག་སྙིགས་ནི་གཅིག་པ་གཅིག་རྐྱང་ཡིན་སྟབས། པེ་ཅིན་གྱི་ཐུན་མོང་ཐོན་སྐྱེད་ཚོགས་པ་དང་རྡ་སའི་དབུ་མ་ཚོགས་པ་གཉིས་ནི་རིགས་མཐུན་སྤུན་ཟླར་གྱུར་འདུག་སྟེ། གཅིག་ནས། ཐུན་མོང་ཐོན་སྐྱེད་ཚོགས་པས་ཐུན་མོང་གཉིས་ཕན་གྱི་ལྟ་བ་གཙོ་བོར་འཛིན་ཅིང་དབུ་མ་ཚོགས་པས་ཀྱང་ཐུན་མོང་གཉིས་ཕན་གྱི་ལྟ་བ་གཙོ་བོར་འཛིན། གཉིས་ནས། ཐུན་མོང་ཐོན་སྐྱེད་ཚོགས་པས “སྤྱི་ཚོགས་བརྟན་བརླིང”གལ་ཆེན་དུ་སྨྲ་ལ། དབུ་མ་ཚོགས་པས་ཀྱང“སྤྱི་ཚོགས་ལྷིང་འཇགས”གལ་ཆེན་དུ་སྨྲ། གསུམ་ནས། ཐུན་མོང་ཐོན་སྐྱེད་ཚོགས་པས་རང་གི་ཁ་གཏད་ཚོགས་པ་དང་མི་བུ་སྒེར་ཚར་བཅད་ནས་རང་གི་ལུགས་སམ་ལྟ་བ་སྲུང་འཛིན་བྱེད་ལ་དབུ་མ་ཚོགས་པས་ཀྱང་རང་གི་ཁ་གཏད་ཚོགས་པ་དང་མི་བུ་སྒེར་ཚར་བཅད་ནས་རང་གི་ལུགས་སམ་ལྟ་བ་སྲུང་འཛིན་བྱེད་པ་རེད། བཞི་ནས། ཐུན་མོང་ཐོན་སྐྱེད་ཚོགས་པས་འཛམ་གླིང་དུ“ང་ཚོ་ཀྲུང་གོ་པའི”རྩིས་ཐང་མངོན་དུ་འཇུག་དགོས་ཞེས་པའི་འུར་གཏམ་སྒྲོག་ལ་དབུ་མ་ཚོགས་པས་ཀྱང་འཛམ་གླིང་དུ“ང་ཚོ་ནང་པ་སངས་རྒྱས་པའི”རྩིས་ཐང་མངོན་དུ་འཇུག་དགོས་ཞེས་པའི་འུར་གཏམ་སྒྲོག་པ་རེད། ལྔ་ནས། ཐུན་མོང་ཐོན་སྐྱེད་ཚོགས་པས“ཡང་དག་པའི་མགོ་ཁྲིད”ཀྱི་ལམ་སྟོན་འོག་ནས་རིགས་སོ་སོའི་མི་དམངས་རྣམས་བདེ་ཞིང་སྐྱིད་པར་གནས་ཡོད་ཚུལ་སྒྲོག་ལ་དབུ་མ་ཚོགས་པས་ཀྱང“བླ་ན་མེད་པའི་དབུ་ཁྲིད”ཀྱི་ལམ་སྟོན་འོག་ནས་གཞུང་དམངས་གཉིས་ཀ་བདེ་ཞིང་སྐྱིད་པར་གནས་ཡོད་ཚུལ་སྒྲོག་པ་རེད། ཚོགས་པ་དེ་གཉིས་ཀྱིས“མང་མོས”ཀྱི་བཙན་ཤེད་དབང་སྒྱུར་ལ་བརྟེན་ནས་མི་བུ་སྒེར་ཡལ་བར་དོར་ནས་རང་གི་ཁ་གཏད་ཚོགས་པའམ་མི་བུ་སྒེར་ཏག་ཏག་གཞོམ་གཞིག་ཚ་པོ་བཏང་དང་གཏོང་གིན་ཡོད། འབུར་འཇོམ་གཏོང་བྱེད་ཀྱི་ལག་ཆ་ཡང་། གཅིག་གིས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་མོང་མོས་ཀྱིས་གཏན་ལ་ཕབ་ཡོད་ཟེར་བའི་བཅའ་ཁྲིམས་ཁ་ལ་འཁྱེར་ཞིང་། གཞན་དེས་སྤྱི་འཐུས་ལྷན་ཚོགས་སྟེང་མང་མོས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པ་ཟེར་བ་དེ་ཁ་ལ་འཁྱེར་པ་རེད། འདི་གཉིས་ཇི་ཙམ་ཞིབ་ཀྱིས་བསྡུར་བ་དེ་ཚོད་ཀྱིས་དེ་གཉིས་ཀྱི་མཐུན་ཆོས་ཀྱི་ངོ་གདོང་ནི་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་བ་ཡིན།
པེ་ཅིན་གྱི་གཙང་ཕྱགས་ཆེན་མོའི་བྱེད་སྟངས་ནི་མི་དམངས་རྣམས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་རྒྱུ་གཙོ་བོ་ནི། གཞུང་གི་དཔོན་པོ་ཚོའི་རྒྱས་བཟའ་རྒྱས་འཐུང་དང་འབྲེལ་བའི་བྱ་སྤྱོད་དང་དེའི་ལྟག་རྒྱབ་ཏུ་བཀབ་ཅིང་སྦས་པའི་ཚབས་ཆེའི་རུལ་སུངས་དེ་དག་ལ་ངོས་བཟུང་སྟེ། སྟག་དང་སྦྲང་ནག་གང་ཡིན་ཀྱང་ལེབ་ཀྱིས་བརྡུངས་ནས་མི་དམངས་ཀྱི་དྭོགས་པ་གཙང་སེལ་བྱེད་ཀྱིན་ཡིན་ཟེར་བ་དེ་རེད་། རྡ་སའི་གཙང་བཟོ་ཆེན་མོའི་བྱེད་སྟངས་ནི་པེ་ཅིན་གཞུང་ནི་རྡ་སའི་གཞུང་ལ་ཡིད་ཆེས་མེད་པའི་རྒྱུ་གཙོ་བོ་དེ་དབུ་མ་ཚོགས་པའི་ཁ་གཏད་ཀྱི་ཚོགས་པའམ་མི་བུ་སྒེར་དེ་དག་གི་བསམ་སྦྱོར་དག་ལ་ངོས་བཟུང་སྟེ། པེ་ཅིན་དབུས་གཞུང་གི་དྭོགས་པ་གཙང་སེལ་བྱེད་ཀྱི་ཡིན་ཟེར་བ་དེ་རེད་འདུག་པས་འདི་གཉིས་ཀྱི་ཁ་གཡོར་སྟངས་འདྲ་པོ་མིན་ནམ། དོན་དམ་དུ་མི་མང་(མི་དམངས)ཁ་ལ་འཁྱེར་ནས་རང་གི་ཁ་གཏད་དུ་ལངས་པའི་ཚོགས་པའམ་མི་བུ་སྒེར་ཚར་གཅོད་ཀྱིན་ཡོད་པ་སུས་མི་ཤེས། འོ་ན། དེ་གཉིས་ཇི་ལྟར་རིགས་མཐུན་སྤུན་ཟླར་གྱུར་པ་ཡིན་ནམ་ཞེ་ན། གཤམ་དུ་དགོད་འགྱུར་གྱི་གང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ན་ཤིན་ཏུ་སླའོ།།
2012ལོར་མགོ་ཚུགས་པའི་རྒྱ་ནག་གི“སྲིད་འགྱུར་དུས་ཟིང”ནི་ཅང་ཙེ་མིན་དང་ཀྲིག་ཡུང་ཁཱང་། པོ་ཞི་ལེས་གསུམ་གྱི་གསང་བའི་གྲོས་འཆར་ཏེ་དམག་མིའི་དཔུང་སྡེ་རྒྱབ་རྩར་དྲངས་ནས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་གཏང་རྒྱུ་དེ་ཡིན་པར་གྲགས་ཤིང་། ཁོ་ཚོའི་ལྐོག་ཇུས་ནི“པོ་ཞི་ལེས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཀྱི་གྲས་སུ་བཅུག་སྟེ་ཀྲིག་ཡུང་ཁཱང་ལྟར་རྒྱ་ནག་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གོ་གནས་ཐོབ་པར་བྱས་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་བདེའི་རྩ་འཛུགས་དང་བདེ་འཇགས་རྩ་འཛུགས། དེ་མིན། ཁྲིམས་ཞིབ་རྩ་འཛུགས་བཅས་ཀྱི་དབང་ཆ་བཟུང་རྗེས། པོ་ཞི་ལེས་ཀྱི་སྟངས་འཛིན་འོག་ཡོད་པའི་ཡུན་ནན་གྱི་དམག་སྒར་ཨང་15པ་དང་སི་ཁྲོན་གྱི་དམག་སྒར་ཨང་13པའི་སྟོབས་ཤུགས་སྤྱད་ནས་སྲིད་འགྱུར་སློང་འཆར་བྱས། སྲིད་འགྱུར་དེའི་ཁྲོད་ལིས་ཁི་ཆང་གནས་དབྱུང་དང་ཞིས་ཅིན་ཕིན་ལྐོག་གསོད་བཏང་རྗེས། པོ་ཞིས་ལེས་ནི་སྲིད་འཛིན་སྟེ“རྒྱ་ནག་གི་ཕུའུ་ཅིན”བྱ་རྒྱུ་དང་། ཀྲུག་ཡུང་ཁཱང་ནི་ཧོའུ་ཅིན་ཐོ་དུས་སྐབས་ཀྱི་ཅང་ཙེ་མིན་ལྟར“བླ་མེད་གོང་མ”བྱ་རྒྱུ་དེ་རེད”ཅེས་སྒྲོག་གིན་འདུག ཡིན་ནའང་། པེ་ཅིན་དུ་གནས་པའི་ཨ་རིའི་གཞུང་ཚབ་པ་ལོ་ཁུ་ལགས་ཀྱིས་ཝང་ལིས་ཅོན་དང་པོ་ཞི་ལེས་གཉིས་ཀྱི་དོན་རྐྱེན་དེ་བསླངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེའུ་ཁུང་ཕྱེས་ཏེ་དེའི་ནང་གི་རླུང་འཚུབ་སྐྱ་བོ་དེ་པེ་ཅིན་གྱི་མཁའ་དབྱིངས་སུ་ཁྱབ་ཏུ་བཅུག་པས། ཁོ་ཚོའི་གསང་འཆར་དེ་ལམ་ལྷུང་བྱུང་མི་འདུག ཝང་ལིས་ཅོན་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་ནས་གསང་བའི་ཡིག་ཚགས་སྤྲད་པ་དེའི་ནང་གོང་འཁོད་གསལ་བར་གྲགས་ཤིང་། “པོ་ཞིས་ལེས་ཀྱི་ཆུང་མར་ཞིབ་བཤེར་སྐབས་ཁོ་མོས་ཀྲུག་ཡུང་ཁཱང་དང་པོ་ཞིས་ལེས་གཉིས་དབར་གསང་བརྡ་སྤྲོད་ལན་བྱས་ཚུལ་ཁས་བླངས་ཡོད་ཟེར། དེ་ཡང་མ་ཟད། 2012ལོའི་ཟླ3ཚེས19ཉིན་གྱི་ཕྱི་དྲོ་དང་མཚན་མོའི་དུས་སུ་པེ་ཅིན་ནས་དམག་མི་དང་ཉེན་རྟོག་པའི་མི་སྣའི་དབར་དམག་འཁྲུག་ཆུང་ཆུང་ཞིག་ལངས་འདུག་ཅིང་། སྐབས་དེའི་བརྒྱུད་ལམ་ཁག་ནས་པེ་ཅིན་མཁར་དུ“དམག་མི་སླེབས་སོང”དང“པེ་ཅིན་ནས་གྲགས་པའི་མེ་མདའི་སྐད”ཅེས་བརྗོད་ཚིག་འདྲ་མིན་སྤེལ་ཡང་གང་མགྱོགས་ཀྱིས་ནག་གསུབ་ཏུ་བཏང་འདུག ཕྱིས་སུ་དོན་རྐྱེན་དེ་ནི་ཀྲིག་ཡུང་ཁཱང་གི་ལག་འོག་ཏུ་ཡོད་པའི་པེ་ཅིན་གྲོང་ཁྱེར་དང་དམིགས་བསལ་ཀྲུང་ནན་ཧེ་ཡི་སྐུ་སྲུང་ཉེན་རྟོག་རུ་དཔུང་དང་བདེ་འཇགས་རུ་དཔུང་སྤྱད་ནས་བསླངས་པའི“སྲིད་འགྱུར་དུས་ཟིང”ཞིག་དང་སྐབས་དེའི་སྲིད་འཛིན་ཧོའུ་ཅན་ཐོ་ཡིས་ཧུ་པེ་ཡི་བཅའ་སྡོད་དམག་སྒར་ཨང་38པའི་དམག་དཔུང་དྲངས་ཏེ“དུས་ཟིང་ཞོལ་འཇགས”སུ་བཏང་བའི་ནང་ཁུལ་གྱི་དམག་འཁྲུག་ཅིག”ཡིན་ཚུལ་ཀྲུང་ནན་ཧེ་དང་འབྲེལ་ཐག་ཉེ་བའི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨ་རིའི་“ནེའུ་ཡོག་དུས་བབ”གསར་ཁང་ལ་བཤད་འདུག
དེ་ལྟ་ནའང་། ཞིས་ཅིན་ཕིན་སྲིད་སྟེགས་སྟེང་དངོས་སུ་བུད་པའི་སྔ་གཞུག་དེར་ཀྲུག་ཡུང་ཁཱང་གིས་ཐེངས་གཉིས་ཙམ་ལ་ཞིས་ཅིན་ཕིན་ལྐོག་གསོད་ཀྱི་འཆར་འགོད་བྱས་འདུག གཅིག་ནི་ཀྲུང་ནན་ཧེ་རུ་འགད་རྫས་བཞག་སྟེ་དམར་གསོད་བྱེད་རྒྱུ་དང་། གཞན་ནི། ཞིས་ཅིན་ཕིན་འཆར་ཅན་ལྟར་པེ་ཅིན་གྱི་དམག་མིིའི་སྨན་ཁང་ཨང་301ནང་ལུས་པོ་བརྟག་དཔྱད་སྐབས་དུག་ཁབ་བརྒྱབ་ནས་ལྐོག་གསོད་བྱེད་རྩིས་བྱས་པ་དེ་རེད་འདུག འཆར་གཞི་དེ་དངོས་སུ་ལག་བསྟར་བྱེད་མཁན་ནི་ཀྲིག་གི་དྲུང་ཡིག་དང་སྐུ་སྲུང་དམག་དཔོན་གཉིས་ཡིན་སྟབས། ཁོ་གཉིས་ད་ལོའི་ཟླ་12པའི་ཚེས1ཉིན་དངོས་སུ་འཛིན་བཟུང་བྱས་འདུག་ལ། དོན་དེ་ཁས་ཀྱང་བླངས་འདུག་སྐད། ཟླ་འདིའི་ཚེས1ཉིན་ཀྲུང་ནན་ཧེ་རུ་ཡོད་པའི་ཀྲིག་གི་སྡོད་ཁང་པེ་ཅིན་ནས་དྲག་འདེམས་བྱས་པའི་སྐུ་སྲུང་དམག་མི་ལྔ་བརྒྱའི་ལྟ་སྲུང་འོག་ཚུད་ཅིང་ཀྲིག་བཟའ་མི་གཉིས་ཀྱང་དེ་དག་གི་ལྟ་སྲུང་གི་རྒྱ་རུ་ཚུད། ཁོའི་དྲུང་ཡིག་དང་སྐུ་སྲུང་དམག་དཔུང་དང་ཁ་ལོ་པ་བཅས་པ་འཛིན་བཟུང་བྱས་འདུག ཟླ་འདིའི་ཚེས་4ཉིན་རྒྱ་ནག་དབུས་ཐུན་མོང་ཐོན་སྐྱེད་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཝང་ཆི་ཧྲན་གྱིས་ཀྲིག་ལ་ཞིབ་བཤེར་བྱས་པའི་གྲུབ་འབྲས་ཀྱི་སྙན་ཞུ་དེ་དབུས་ཆབ་སྲིད་ཅུའུ་ལ་སྤྲད་ཡོད་འདུག ཟླ་འདིའི་ཚེས་5ཉིན་ཀྲིག་གི་གཅེན་གཅུང་མིང་སྲིང་གསུམ་ག་འཛིན་བཟུང་བྱས་འདུག གང་ལྟར། ཀྲིག་ཡུང་ཁཱང་ལ་ལག་པ་འཆང་བ་ནི་སླ་མོ་ཞིག་མིན་པས། ཁོང་ལ་ལག་པས་འཆང་བའི་ཚེས་ཆ་ལ་ཏག་ཏག་གཟབ་འདུག་སྟེ། ཟླ་འདིའི་ཚེས1ཉིན་མཱན་ངྷི་ལཱ་སྨན་ཁང་དུ་བཞུགས་ནས་གནས་བབ་ཇེ་སྡུག་ཏུ་ཕྱིན་ཏེ་སྐུ་ཚེའི་འཕེན་པ་རྫོགས་ལ་ཉེ་བའི་གནས་ཚུལ་འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་ཁྱབ་ཅིང་། དེ་དང་རྟེན་ཅིང་འབྲེལ་བར་འཛམ་གླིང་གི་གསར་འགོད་པའི་མིག་དབང་མཱན་ངྷི་ལཱའི་སྒང་ལ་གཏད་ཡོད་ཅིང་། ཏག་ཏག་ཚེས4ཉིན་ཁོང་གི་སྐུ་ཚེ་འཕེན་པ་རྫོགས་པས་འཛམ་གླིང་གསར་ལམ་ཆེ་ཤོས་དག་གི་པར་མིག་ཀྱང་ལྷོ་ཨ་ཧྥི་རི་ཀའི་གླིང་དུ་གཏད། ཟླ་འདིའི་ཚེས1ནས་5དབར་སྟག་རྒན་ཀྲིག་དང་ཁོང་གི་སྦྲང་ནག་སྐོར་ཞིག་འཆམ་ལ་ཕབ་སྟངས་ལ་བལྟས་ན། དེའི་རྒྱབ་ལྗོངས་ཀྱི་སྐྱ་ཐིག་ཇི་ལྟར་བརྒྱབ་ཡོད་པ་ཤེས་བཏུབ།
2012ལོར་རྒྱ་གར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོང་དུ་ཡང“སྲིད་འགྱུར་དུས་ཟིང”ཞེས་པའི་མེ་རོ་ཞིག་འབར་ལ་འཁེལ་བྱས་འདུག དེ་ནི་གོང་དང་མི་འདྲ་བར་དབུ་མའི་ལམ་ཟེར་བའི་འུ་ཐུག་ཐབས་ཟད་ཀྱི་ལམ་ཁ་དེར་གྱེས་བརྡ་བཏང་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བསམ་བློའི་དར་ཆ་དེ་དབུ་མའི་ལམ་གྱི་ཟུར་མདོ་དེར་འཛུགས་རྩིས་བྱས་འདུག ཁོ་ཚོས་བློ་བཟང་སེང་གེ་ཟེར་བ་དེ་བཀའ་ཁྲིར་བདམས་ནས་གཞུང་གི་ཆབ་སྲིད་ཀྱི་ལང་ཕྱོགས་ལ་འགྱུར་བ་གཏོང་རྩིས་བྱས་འདུག གོ་སྐབས་ནི་ཏག་ཏག་རན་འདུག་སྟེ། ཏཱ་ལའི་བླ་མས་སྐུ་དབང་རྩིས་སྤྲད་ནས་མི་མང་གིས་བདམས་པའི་མགོ་ཁྲིད་དང་མི་མང་གིས་བཙུགས་པའི་གཞུང་ཞིག་ཆགས་ཐབས་སུ་འབད་ཡོད་པས་སོ།། ཡིན་ནའང་། བོད་པ་རྣམས་ནི་ཏག་ཏག་ཏཱ་ལའི་བླ་མའི་གྲིབ་བསིལ་གྱི་འོག་ཏུ་བསྡད་དྲགས་པས་གློ་རྡེག་ཏུ་གྲིབ་བསིལ་དེ་མེད་ན་ཚ་གདུང་གིས་མནར་ཚེ་ཅི་བྱ་ཟེར་པའི་འཇིགས་སྐྲག་ཅིག་ཤར་གྱིས་ཐོན། འཇམ་ནོར་གྱི་སྐད་ཆ་ལྟར་བཤད་ན། ཏཱ་ལའི་བླ་མའི་བྱང་ཆུབ་ཤིང་གི་གྲིབ་ནག་ཁྱབ་པའི་ཁོར་ཡུག་ཏུ་སྐྱེ་དངོས་ཀྱི་རིགས་ཅི་ཡང་སྐྱེས་ཐུབ་མེད་པས། སྡོང་རྒན་དེ་ལོག་ན་ཏག་ཏག་དེའི་ཤུལ་ནི་ས་སྐམ་ཞིག་ཏུ་གྱུར་ཡོད་པ་གཞི་ནས་ཚོར་ཞིང་གཞི་ནས་སྐྲག་པ་ལ་ཁག་ཅི་ཡོད། ཏག་ཏག་སྡོང་རྒན་དེ་ལོག་པའི་ཤུལ་ནི་སྐམ་པོ་ཡིན་ལ་དེའི་གཡས་གཡོན་དུ་སྐྱེས་པའི་ཙན་དན་གྱི་སྡོང་བོ་ཡིན་ཟེར་པ་དག་ནི་རུལ་ནས་ཡོད་པས་དབུ་མ་ཚོགས་པའི་ནང་གི་སུ་ལའང་གྲིབ་བསིལ་དེའི་ཤུལ་དུ་སྐྱེ་དངོས་གསར་འདེབས་ཀྱི་གདེང་ཚོད་མེད་སོང་བ་རེད། འོ་ན། གདེང་ཚོད་ཇི་ལྟར་མེད་སོང་བ་ཡིན་ནམ་ཞེ་ན། བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར་བ་དེ་ལས་གསལ་བོར་རྟོགས་ཐུབ། བོད་ཀྱི་ནང་ཆོས་ཟེར་བ་འདིས་སྐྱབས་གཙོ་བོར་འཛིན་ཅིང་ཅིས་ཀྱང་རང་ཉིད་སྐྱབས་དེའི་རྗེས་སུ་འབྲངས་དགོས་ཞེས་སྐུལ་བཞིན་ཡོད་པས། དེ་ཉིད་མཐོ་རིམ་སྤྱི་ཚོགས་ཀྱི་དར་ཆ་གཙོ་བོ་ཞིག་ཏུ་གྱུར་ན། ཏག་ཏག་དབང་འཛིན་པ་དེ་དག་གི་རྒྱུད་ལ་སྐྱབས་ལ་རྟོན་པ་ལས་རང་ལ་མི་རྟོན་པའི་འདུ་ཤེས་ངང་གིས་སྐྱེས་བཞག་པ་རེད། ལྷག་ཏུ་ཁོང་ཅག་རི་བོ་ཧི་མ་ལ་ཡའི་ཕར་ནང་དུ་ཕྱིན་པ་ནས་བཟུང་། རང་ཉིད་ལ་དབང་བའི་འཚོ་ རྟེན་དང་ས་ཁོངས་ཞིག་ཡེ་ནས་མེད་པས། ཅིས་ཀྱང་གཞན་ལ་བརྟེན་དགོས་པའི་ཁོར་ཡུག་ཅིག་གྲུབ་བཞག་པ་རེད། དབང་འཛིན་པ་དེ་དག་དང་དེ་དག་གི་ཉེ་འཁོར་གྱི་མི་རྣམས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་ཨ་རི་ལ་བརྟེན་དྲགས་པ་དང་བསམ་བློའི་ཐོན་ཁུངས“གོང་ས་མཆོག”ལ་བརྟེན་དྲགས་པས། ཏག་ཏག་འཇམ་ནོར་གྱིས་བཤད་པ་བཞིན་ཤིང་སྡོང་ཆེན་པོ་དེའི་གྲིབ་བསིལ་ཁེབས་པའི་ཤུལ་དེ་ནས་སྐྱེ་དངོས་རང་སྐྱེས་ཞིག་ཧ་ཅང་དཀོན་པོ་ཡིན་སོང་བ་རེད། ཁོ་ཚོའི་སེམས་ཁམས་ཀྱི་ངོས་ནས་བཤད་ན། སྐབས་དེར་ཧ་ཅང་ཛ་དྲག་གི་གནས་བབ་ཅིག་ལ་འཁེལ་ཡོད་པ་རེད། ཡིན་ནའང་། ཁྲིམས་རིག་ཁྱད་མཁས་པ་བློ་བཟང་སེང་གེ་ཟེར་བ་དེ་ཁོ་ཚོའི་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་ཏེ། ཁོང་གིས“གོང་ས་མཆོག་བོད་ལ་གདན་འདྲེན་རྒྱུ་ཡིན”ཞེས་བསྒྲགས་མ་ཐག་ཏག་ཏག་གྲིབ་བསིལ་གང་དེའི་འོག་ན་འཚོ་བའི་མི་རྣམས་ཀྱི་ལུས་གསེང་དུ་རྩ་འགུལ་གསར་པ་ཞིག་ཁྱབ་ཏུ་བཅུག ཇི་ལྟར་ཞེ་ན། མི་ལོ་གསུམ་བཞིའི་ནང་ལ“གོང་ས་མཆོག་བོད་དུ་ཕེབས་ཐུབ་ཚེ”ཁོ་ཚོས་གྲིབ་བསིལ་མེད་པའི་ཤུལ་དེ་ནས་ཚ་གདུང་མྱང་དགོས་མི་འདུག་ཅེས་པའི་འཁྲུལ་སྣང་ཞིག་སྐྱེས་པས་རེད། དེ་མུར་བློ་སེང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སྔར་རྒྱ་གར་ནས་ལྷ་སར་གདན་དྲངས་པའི་ལོ་རྒྱུས་ཤིག་ཟུར་གྱིས་གླེང་ཙ་ན། དབུ་མའི་ལམ་ལ་རེ་ཐག་ཆད་པའི་མི་བུ་རྣམས་བློ་སེང་ལ་ཡིད་ཆེས་དང་དོ་སྣང་བྱས་ཏེ་མཐར་བློ་སེང་ལ་བཀའ་ཁྲིའི་འོས་འགྲན་གྱི་རྒྱལ་ཁ་ཐོབ། ཁོ་སྲིད་སྟེགས་སུ་བཞེངས་པ་ནས་བཟུང་བོད་མི་རྣམས་ཀྱིས་ཁྲིམས་རིག་ཁྱད་མཁས་པ་ཡིན་ཟེར་བ་དེ་ལྷ་རུ་བསྒྱུར་ཅིང་། ཁོང་གིས་ཀྱང་ཟ་དང་ཟུར་ནས་ཡིན་མདོག་གི་རྣམ་འགྱུར་བསྟན།
བྱ་དངོས་གང་ཞིག་ཡིན་ཀྱང་ཉེ་སར་བཅར་ན་རྒྱང་ནས་མཐོང་བའི་མདོག་དེ་ཡེ་ནས་མིན་པས། བློ་སེང་ཨ་རི་ནས་རྡ་སར་གནས་སྤར་རྗེས། ཁོང་གི་ཁ་མདོག་ངོ་མ་དེ་ཇེ་གསལ་ནས་ཇེ་གསལ་དུ་གྱུར། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ལོ་རྒྱུས་གླེང་བའི་གཏམ་དེ་ཡང་ཆུ་ཕྲན་ཟེགས་མར་འཐིམ་པ་བཞིན་རིམ་གྱིས་ཡལ་ཏེ། དབུ་མ་ཚོགས་པའི་ལངས་ཕྱོགས་བརྟན་པོ་ཡིན་དགོས་པའི་དྲིལ་སྒྲོག་གི་བྱ་འགུལ་བོད་མིའི་གཞིས་ཁུལ་དུ་ཡང་ཡང་སྤེལ། ཁོང་གིས་གསར་འགོད་པའི་བཅར་འདྲི་དྭང་ལེན་བྱེད་པའི་སྐབས་སུ་ཡིད་སྐྱོ་བའི་དྲིས་ལན་སྣ་མང་བཏབ་ཅིང་། དེ་དང་བསྟུན། ལྡོག་ཕྱོགས་ཀྱི་དཔྱད་བརྗོད་མང་པོ་བྱུང་། སྣང་ཚུལ་དེ་དག་གི་ཁྲོད་ནས་ཁོང་གིས་ཨ་རིའི་དམངས་གཙོ་ལུང་པ་ནས་རང་དབང་དང་དམངས་གཙོའི་མཁའ་དབུགས་རྔུབ་ཡོད་ཀྱང་། ཁོང་གིས་རུས་རྐང་ལ་དཔལ་ཡོན་ལྡན་པའི་ཤེས་རིག་དེ་ཟུགས་ཐུབ་མེད་པ་རིམ་གྱིས་མངོན། ལྡོག་སྟེ་གང་དེའི་ཁོར་ཡུག་ཏུ་ཡུན་གྱིས་ཁྱབ་ཡོད་པའི་བོད་ཀྱི་སྐུ་དྲག་ལམ་ལུགས་ཀྱི་དྲན་ཤེས་དེས་ཁོང་ལ་གསོས་བཏབ་ནས་ཁོང་གི་བག་ཆགས་ཀྱང་གཏིང་རིམ་ནས་མངོན། ཁོང་གིས་དྲ་ཐོག་ནས་ཁོང་གི་ཉེས་སྐྱོན་ལ་དགག་པ་བཏང་བའི་རྩོམ་འབྲི་མཁན་དག་ལ་ཟུར་ཟ་དང་སྐོར་ཚིག་གི་རྒྱུག་པ་ཞིག་གིས་ལེབ་ཀྱིས་བརྡུངས། བོད་ཀྱི་ལོ་རྒྱུས་སྨྲ་པ་འཇམ་དབྱངས་ནོར་བུས་ཁོང་ལ་ལོ་རྒྱུས་ཀྱི་ངོས་ནས་དང་བདེན་པའི་ངོས་ནས་ཚ་འདེད་གང་མང་བྱས། ཁོང་གིས་དེའི་གནད་མ་ཐེག་པར་གོང་ས་མཆོག་ལག་ཆ་རུ་བཟུང་། གོང་ས་མཆོག་གིས་ཀྱང་སྲིད་དོན་ལ་ཁ་ཡ་མི་བྱེད་ཅེས་གསུང་ཡོད་རུང་། གཞོམ་མི་ཐུབ་པའི་ནད་རོ་ཞིག་གིས་སྔར་གྱི་དམ་བཅའ་བརྗེད་པར་བཏང་ནས་ཁོང་ཉིད་ཡར་བསླངས། ཁོང་གིས་དམིགས་བསལ་གྱི་འདུ་ཚོགས་ཆེན་མོའི་སྟེང་ཐེངས་གཉིས་ཙམ་ལ་དབུ་མའི་ལམ་གྱི་དགེ་མཚན་དང་དེའི་ཕན་ཐོགས་དམིགས་ཀྱིས་གླེང་སྟེ། གཞོན་ནུ་ཚོགས་པའི་མི་རེ་འགས་ཐུགས་ཕམ་བཟོས་ཚུལ་ཁོང་གི་ཞལ་ནས་གསུང་། ཏག་ཏག་ཁོང་གི་གྲིབ་བསིལ་འོག་ན་སྡོད་པའི་བོད་མི་རྣམས་ཀྱིས་གཞོན་ནུ་ཚོགས་པ་དེ་ཧ་ལམ་དོལ་རྒྱལ་ཚོགས་པ་དང་གཅིག་མཚུངས་ཀྱི་ལྟ་ཚུལ་བཟུང་། དེའི་རྐྱེན་གྱིས་གཞོན་ནུ་ཚོགས་པའི་ཚོགས་ཆེན་སྔར་སྣུར་གྱིས་ཚོགས་གཙོ་གཞོན་དྲུང་ཆེ་རྒྱུན་ལས་དང་བཅས་པ་བརྗེ་སྤོར་རྒྱག་པའི་འདུ་ཚོགས་བསྡུས་ཤིང་། ཚོགས་འདུ་དེའི་སྟེང་གཞོན་ནུ་ཚོགས་པའི་ལངས་ཕྱོགས་དབུ་མ་ཚོགས་པར་བསྒྱུར་དགོས་པའི་ལྟ་ཚུལ་མི་མཐུན་པ་བྱུང་ནས་རྒྱུན་ལས་གསར་འདེམས་ལ་དཀའ་ངལ་བྱུང་། ཟམ་གདོང་བླ་མ་འདུ་ཚོགས་དེའི་སྟེང་གདན་དྲངས། ཟམ་གདོང་གིས་གཞོན་ནུ་ཚོགས་པའི་མི་རེ་འགས་དབུ་མ་ཚོགས་པ་མགོ་རྟིང་སློག་པའི་གྲབས་བྱས་ཏེ་གོང་ས་མཆོག་གི་མཛད་རྗེས་ལ་གོང་བཀུར་བྱས་མི་འདུག་ཚུལ་གླེང་སྟེ་གེ་སར་སྒྲུང་དུ་འཁོད་པའི་ཁྲོ་ཐུང་གི་ཚོགས་གཏམ་གྱི་གླུ་ལྟ་བུ་ཞིག་འགྱིང་ཉམས་གྱིས་བཏང་། སྐབས་དེར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་གྲོངས་རྗེས་ཀྱི་གནས་སྟངས་ལྟ་བུའི་ཚིག་རྩོད་ཀྱི་ཁ་འཚུབ་སྟེ། དེ་དག་གི་བྱེད་གཏེ་གཙོ་བོ་འཇམ་ནོར་ཡིན་པའི་ཚིག་མདའ་འཕངས། དྲ་ཐོག་ནས་འཇམ་ནོར་ལ་ཚིག་གི་མཚོན་བཏབ་ཅིང་དམོད་ཀྱི་མཆུ་མ་འཕངས། གཞན། དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་པའི་གཏམ་ཡིག་གཉིས་ཀ་བསྒྲགས། ཁོ་ཚོས་དེའི་དཔང་རྟགས་སུ་དོལ་རྒྱལ་བསྟེན་མཁན་བདེ་ཆེན་སྤྲུལ་སྐུའི་མཉམ་དུ་པར་བླངས་ཡོད་པའི་འཇམ་ནོར་གྱི་པར་དེ་དྲ་ཐོག་ཏུ་བཞག
འཇམ་ནོར་ལ་མཚོན་ན། ཆོས་དད་རང་དབང་ཟེར་བ་ནི་ཡང་དག་པའི་ཆོས་ལུགས་གཅིག་ལ་དད་པ་བྱ་བ་ལས་མི་ལེགས་པ་རེད་ཟེར་བའི་ཆོས་ལུགས་དེ་ལ་དད་པ་བྱེད་མི་ཆོག་པ་ཞིག་ལ་ངོས་འཛིན་གྱིན་མེད། གང་ལ་ཞེ་ན། ཆོས་ལུགས་ཀྱི་ཁྲོད་ན་འདི་ཡང་དག་པ་དང་གན་ཡང་དག་མིན་པའི་རང་བཞིན་ཞིག་གྲུབ་མེད་དེ། ཆོས་ལུགས་མཐའ་དག་མིའི་རྣམ་རྟོག་གི་གསོས་བཏབ་པའི་བག་ཆགས་ཀྱི་མྱོང་རྟོག་ལས་སྐྱེས་པ་གཅིག་པ་ཡིན་པས། རང་དབང་རིང་ལུགས་པ་ཞིག་ལ་མཚོན་ན། ཆོས་ལུགས་ལ་ལེགས་འབྱེད་མི་བྱེད། དེར་བརྟེན། འཇམ་ནོར་གྱིས་བོད་མི་ཞིག་ཡིན་ཕྱིན་དགྲ་རུ་བལྟ་དགོས་དོན་མེད་པའི་རང་དབང་རིང་ལུགས་པའི་ལྟ་བ་ཉམས་སུ་བླངས་ཡོད་པ་རེད། ཡང་གཅིག་བཤད་ན། མ་གཞི་ནས་ཆོས་ལུགས་ཁྲོད་ཀྱི་བདེ་བ་ཞེས་པ་དེ་རྣམ་རྟོག་གི་སྟོང་གསེང་་ཁྲོད་ནས་ཡར་མངོན་རྒྱུ་ཞིག་དང་སྡུག་བསྔལ་ཞེས་པ་དེ་ཡང་རྣམ་རྟོག་གི་སྟོང་གསེང་་ཁྲོད་མར་འཐིམ་རྒྱུ་ཞིག་རེད་པས། མདོེར་ན། བདེ་སྡུག་གང་ཡིན་ཀྱང་རྣམ་རྟོག་གི་མྱོང་ཚོར་ཞིག་ཡིན། དེ་ཡང་ཇི་སྐད་དུ། གསལ་སྟོང་ཟུང་འཇུག་དང་། བརྗོད་བྲལ་འཛིན་མེད་ནི་གནས་ལུགས་མཐར་ཐུག་ཡིན། གང་ལྟར། རྗེས་སུ་དབུ་མ་ཚོགས་པའི་ངོས་ནས་ལྟ་གྲུབ་གཅིག་མིན་དེ་ཆོས་དད་གཅིག་མིན་གྱི་སྟེང་ལ་བབས་སོང་བ་རེད། དེ་བས། སུ་ཞིག་དབུ་མ་ཚོགས་པའི་དད་པ་དང་འགལ་ཡོད་ན་དེ་ནི་གྲལ་གྱི་མཐར་འདེད་པ་རེད། ཁོ་ཚོས་བརྗོད་ཀྱིན་པའི་དམ་ཚིག་གཙང་མ་ཟེར་བ་དེས་དད་པ་གཙང་མ་ཟེར་གྱིན་ཡོད་པ་རེད། དད་པ་གཙང་མ་དེ་མེད་ན་གྲིབ་བསིལ་ཅན་གྱི་སྡོང་རྒན་དེ་ལོག་འགྲོ་བས་འུ་ཅག་བོད་མི་རྣམས་ཀྱིས་ཚ་གདུང་གི་སྡུག་བསྔལ་མྱང་ངེས་ཀྱི་སྨྱོ་གཏམ་བཤད། དེར་བརྟེན། གཅིག་ནས་གྲིབ་བསིལ་ཅན་གྱི་སྡོང་རྒན་དེ་བསྐལ་བརྒྱར་བརྟན་ཕྱིར་དང་། གཉིས་ནས་པེ་ཅིན་དབུས་གཞུང་གི་དྭོགས་པ་སེལ་སླད་དུ་དད་པ་མི་གཅིག་པ་དང་ལྟ་གྲུབ་མི་གཅིག་པ་རྣམས་གཙང་བཟོ་བྱེད་དགོས་པའི་ལྟ་བ་བཏོན། གཙང་བཟོ་དེ་བྱེད་དགོས་ན། དྲ་ཚིགས་དང་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་སྟེང་ནས་དབུ་མ་ཚོགས་པའི་ལྟ་བ་ལ་དགག་པ་སུན་འབྱིན་བྱེད་མཁན་མཐའ་དག་གཙང་བཟོ་བྱེད་དགོས་པར་འདོད་ནས་ཐོག་མར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ང་ཕོད་འཇིགས་མེད་ལས་ཀ་དེ་ནས་གནས་དབྱུང་བཏང་། དེའི་དོན་དུ་བློ་སེང་དང་དེ་གའི་མགོོ་གཙོ་རྒྱ་མོ་དེ་གཉིས་ཡོ་རོབ་ནས་ཐེངས་གཉིས་ལ་ཐུག་འཕྲད་མཛད། ཡིན་ཀྱང་། བློ་སེང་གིས་དེ་ཉིད་གཏན་ནས་ཁས་བླངས་མྱོང་མེད། སྤྱིར་ཁོང་གིས་རང་གི་བྱས་ཉེས་ངོས་ལེན་ག་ནས་བྱེད་ལ་དགོངས་དག་ཀྱང་མི་ཞུ། དེ་ནི་ཁོང་གི་རང་གཤིས་ཤིག་ཡིན་པ་འདྲ། དེའི་རྗེས། རིམ་གྱིས་གཞོན་ནུ་ཚོགས་པ་ནི་མིང་ཙམ་སྟེ་དོན་གྱིས་གང་དེའི་ལངས་ཕྱོགས་བསྒྱུར། ཏཱ་ལའི་བླ་མས་ཀྱང“ཉེ་སྔོན་གཞོན་ནུ་ཚོགས་པ་དང་ངོས་གཉིས་འགྲན་བསྡུར་བྱས་ནས་ངོས་ལ་རྒྱལ་ཁ་ཐོབ”ཚུལ་བསྒྲགས། ངེད་ནི་ཁོང་གི་སྐད་ཆ་འདི་གོ་དུས་སེམས་ནས་གད་མོ་ཞིག་ཁོང་ནས་ཤོར། གང་ལ་ཞེ་ན། གླང་ཆེན་དང་གྲོག་མ་གཉིས་ཀྱི་དབར་ལ་འགྲན་བསྡུར་གྱི་གཞི་རྣམ་གྲུབ་པ་ནི་ཡིན་པ་མི་སྲིད་པའི་ཤེས་བྱ་ཞིག་ཡིན་པས་རེད། རིམ་གྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཟེར་བ་དེའི་ལངས་ཕྱོགས་ཀྱང་བསྒྱུར། ཁོ་ཚོས་བསྒྲགས་དོན་ནི་མང་མོས་ཀྱིས་ཐག་བཅད་པ་ཡིན་ཟེར། ཁོ་ཚོའི་མང་མོས་ཟེར་བ་དེ་ལ་ཧ་ལས་དགོས་དོན་མེད། གང་དེ་ནི་དད་པའི་མང་མོས་ལས་དཔྱོད་ཤེས་ཀྱི་མང་མོས་དེ་མིན་ཏེ། ཁོ་ཚོས་བགྲང་བའི་གནས་ལུགས་ནི་འདི་ལྟ་སྟེ“གོང་ས་མཆོག་གིས‘ངོས་ལ་དབུ་མའི་ལམ་གྱིས་བོད་རྒྱའི་གནད་དོན་སེལ་ཐུབ་པར་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད’གསུངས་པས། ད་དུང་སྔར་བཞིན་བསྡད་ན་ཁོང་ལ་ཡིད་ཆེས་མེད་པ་མཚོན་ལ་དེ་ཡང་མདོར་དྲིལ་ན་དད་པ་མེད་པའི་རྟགས་མཚན་ཞིག་མངོན་འོང”ཞེས་པ་དེའོ།།
རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ཡང་དེ་སྔོན་སྲིད་སྟེགས་སུ་མ་བུད་པའི་སྔོན་ལ་མང་མང་གིས་རེ་བ་ཆེན་པོར་བཟུང་། ཏཱ་ལའི་བླ་མ་དང་ཁོང་གི་ཕ་གཉིས་ཀ་འདྲིས་པོ་ཡོད་ཚུལ་དང་ཞིས་ཅིན་ཕིན་གྱི་ཆུང་མ་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་ཚུལ་དང་ཁོང་གི་ཕ་གསར་བརྗེའི་དམག་ཁུངས་ནས་ཕུད་པས་ཐུན་མོང་ཐོན་སྐྱེད་ཚོགས་པར་དགའ་མོས་མེད་ཚུལ། ཞིས་ཅིན་ཕིན་ནི་ཨུ་རུ་སུའི་དམངས་གཙོའི་སྒོ་འབྱེད་པ་ཀུར་པ་ཆོར་ཧྥི་དང་འདྲ་བར་རྒྱ་ནག་དམངས་གཙོའི་ལམ་དུ་འཁྲིད་རྒྱུ་དང་། ཏཱ་ལའི་བླ་མས་པེ་ཅིན་ནས་དུས་འཁོར་དབང་ཆེན་གསུང་བཏུབ་རྒྱུ་སོགས་ཀྱི་རྨི་ལམ་སྐྱིད་པོ་རྨི་མཁན་གྱི་རྒྱ་ནག་ཉམས་ཞིབ་པ་སྐོར་ཞིག་གིས་རྡ་སའི་གཞུང་དང་པེ་ཅིན་གཉིས་ཀྱི་ཞི་འགྲིག་དེ་མདོར་ན་ཁྱིམ་ཚང་གཉིས་ཀྱི་དད་པའི་ངོས་ནས་ཐག་གཅོད་ཐུབ་ཚུལ་གྱི་དཔྱད་བརྗོད་དགོད་བྲོ་བ་རེ་བྲིས་མྱོང་པ་འུ་ཅག་ཀུན་ལ་གསལ་ནི་རེད། བློ་བཟང་སེང་གེ་ཟེར་བ་དེས་ཀྱང་བོད་རྒྱ་ཞི་མོལ་གྱི་འཐུས་ཚབ་མི་སྣ་དེ་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་དང་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་སུ་ཡིན་མིན་ལ་བལྟས་ནས་བསྐོ་བཞག་བྱ་རྒྱུ་ཡིན་ཟེར། དེ་ཡང་མ་ཟད། ཁོང་གིས་ང་ཚོས་རྒྱ་ནག་དམངས་གཙོར་བསྒྱུར་བའི་ལས་ཀ་བྱེད་ཀྱིན་མེད་དེ་ཁོ་ཚོ་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབང་སྒྱུར་འོག་ཏུ་འདུག་རྒྱུ་ཡིན་ཞེས་ཀྱང་བཤད། སྐད་ཆ་དེེར་བརྟགས་ན། ཁོ་ཅག་ནི་སྡོང་རྒན་དེ་ལོག་རྒྱུ་རེད་འདོད་ནས་ཞེད་ཀྱིན་ཡོད་པ་ཤེས་ཐུབ་ལ། ཐུན་མོང་ཐོན་སྐྱེད་ཚོགས་པས་དམིགས་ཡུལ་དེ་ཤེས་ནས་བསམ་གཟས་ཏེ་དུས་ཚོད་ནར་འགྱངས་བྱེད་ཀྱིན་ཡོད་པའང་རྟོགས་ནུས། ལིས་ཀྲིན་ཧྲིན་གྱིས་བློ་སེང་ལ་ལན་ཚ་པོ་ཞིག་བཏབ་ཡོད་སྟེ། ཁོ་བླ་བྲང་དུ་ཕྱིན་ནས་དབུ་མའི་ལམ་ཞེས་ཚིག་ཟིན་གྱིས་བཟུང་སྟེ་དེ་ནི་ཀྲུང་གོའི་རྩ་ཁྲིམས་དང་མི་མཐུན་པའི་ལྟ་ཚུལ་ཞིག་རེད་པས་མཐའ་གཅིག་ཏུ་ཀྲུང་དབྱང་གིས་ངོ་རྒོལ་ཡོད་ཅེས་བསྒྲགས།
ཞིས་ཅིན་ཕིན་གྱིས་རྙོག་འཛིང་གི་གོ་རིམ་མང་པོ་བརྒྱུད་ནས་མཐར་སྲིད་འཛིན་གྱི་གོ་གནས་ཐོབ་ཅིང་། ཁོང་གི་སྲིད་འཛིན་གྱི་ལས་འཁུར་གྱི་བསྒྲགས་གཏམ་ལ་ཀུན་གྱིས་དོ་སྣང་བྱས། ཁོང་གིས་དེའི་ཉིན་ཐུན་མོང་ཐོན་སྐྱེད་ཚོགས་པའི་ཇ་མཆོད་བཏོན་མི་འདུག་སྟེ་ཐད་ཀར་གྱིས་རྒྱ་ནག་གི་རྨི་ལམ་ཞེས་བསྒྲགས་པས་དཔྱད་བརྗོད་པ་མང་པོ་ཞིག་ཐེ་ཚམ་གྱི་དྲ་རུ་ལྷུང་དུ་བཅུག ཁོང་གིས་ཀྲུང་གོ་བསྐྱར་དར་དང་ཀྲུང་གོའི་རྨི་ལམ་གཉིས་མནན་གྱིས་བསྒྲགས་པའི་སྒང་ལ་རུལ་སུངས་ཚར་གཅོད་རྒྱུ་དང་དཔོན་པོ་དག་གི་རྒྱས་བཟའ་རྒྱས་འཐུང་ཁྲིམས་ལྟར་ཐག་གཅོད་རྒྱུ་སོགས་བསྒྲགས་པས། མང་པོ་མང་པོ་ཞིག་གི་སེམས་པ་དགའ་ལྷིང་ལྷིང་དུ་གྱུར། དེ་ནས་གང་དེས་རིམ་གྱིས་གཙང་ཕྱགས་ཆེན་མོའི་ཕྱགས་མ་རིང་པོ་དེ། རྒྱ་ནག་གི་སྟག་ཏུ་གྲགས་པའི་ཀྲིག་ཡུང་ཁཱང་གི་སྒོ་འགྲམ་དུ་གཡུག་མགོ་བརྩམས། ཀྲིག་ཡུང་ཁཱང་གཙོས་པའི་དཔོན་པོ་སུམ་བརྒྱ་ལྷག་གོང་དུ་བསྙད་པའི“སྲིད་འགྱུར་དུས་ཟིང”ནང་ཚུད་ཡོད་སྟབས། རུལ་སུངས་ལ་བསྙད་བཏགས་ནས་ཚར་གཅོད་པའི་ལས་ཀ་མགོ་ཚུགས་ཡོད། ཀློག་མཁན་རྣམ་པ་ལགས། གལ་སྲིད། ཞིས་ཅིན་ཕིན་གྱིས་དོན་དམ་པས་སྤྱི་ཚོགས་འདི་དྲང་ལམ་དུ་བསྒྱུར་སླད་རུལ་སུངས་རྩ་འགོག་བྱེད་རྒྱུ་ཡིན་ཕྱིན། ལས་སླ་མོ་ཞིག་སྟེ། རང་དབང་ཅན་གྱི་ཁྲིམས་ར་དང་རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་གྱི་སྒོ་ཕྱེས་བཞག་ན་སུ་ཞིག་རུལ་སུངས་ཡིན་པའི་གནད་ངོས་ཟིན་ནས་ཁྲིམས་ཀྱི་ངོས་ནས་ཐག་བཅད་ན་ཆོག་པས། ཁོང་གིས་དེ་ལྟར་མི་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། དེ་བཞིན་བློ་སེང་གིས་ཀྱང་དོན་དམ་པར་གོང་ས་མཆོག་བོད་ལ་གདན་འདྲེན་རྒྱུ་ཡིན་ཕྱིན། ལས་སླ་མོ་ཞིག་སྟེ། འཇམ་ནོར་གྱིས་བཤད་པ་བཞིན་ཁོང་གཙོས་པའི་དབུ་མ་ཚོགས་པའི་རྒྱུན་ལས་རྣམས་ཀྲུང་དབྱང་འཐུས་མི་ཚོགས་ཆེན་དུ་ཞུགས་ནས་གང་དེའི་འཐུས་མི་བཅོས་བཞག་ན་འཐུས་པ་རེད་མོད། ཁོང་གིས་དེ་ལྟར་བྱེད་མ་ཕོད་པའི་རྒྱུ་མཚན་ག་རེ་ཡིན་ནམ། གོང་ནས་བཤད་པ་བཞིན་ཡིན་ཏེ། རུལ་སུངས་རྩ་རྫོགས་བྱེད་རྒྱུ་ཡིན་ཟེར་པ་དང་གོང་ས་མཆོག་བོད་ལ་གདན་འདྲེན་རྒྱུ་ཡིན་ཟེར་བ་ལྟ་བུ་ནི་དོན་གྱིས་དེ་དག་ཁ་ལ་འཁྱེར་ནས་རང་ཕྱོགས་ཀྱི་དབང་ཆ་སྲ་བརྟན་དུ་བཏང་ནས་དབུ་མ་ཚོགས་པའི་ལོ་རྒྱུས་དང་ཐུན་མོང་ཐོན་སྐྱེད་ཚོགས་པའི་ལོ་རྒྱུས་ནང་འགྱུར་དུ་མེད་པའི་རྡོ་རིང་ཞིག་བསླང་འདོད་པ་དེ་ལས་གཞན་ཡིན་ནི་མ་རེད་དོ།། དེ་བས་ཚོགས་པ་འདི་གཉིས་ཀྱིས་མི་བུ་སྒེར་ཡལ་བར་དོར་ནས་ཐུན་མོང་གཙོ་བོར་འཛིན་པས་ལྟ་བ་ཧ་ཅང་འདྲ། ཡིན་ཀྱང་། དེ་གཉིས་ཚོགས་པ་ཞིག་ཡིན་པའི་ངོས་ནས་མུ་རུ་གནས་ཆོག་ལ་གནས་རུང་བའི་ཐོབ་ཐང་ཡང་ཡོད་པ་རེད་མོད། འོན་ཀྱང་། ཚོགས་པ་དེ་གཉིས་ཀྱི་ཁོར་ཡུག་ནས་མི་བུ་སྒེར་གྱི་ཁེར་ཚུགས་ཀྱི་ལྟ་ཚུལ་ཡང་རང་སོར་གནས་སུ་འཇུག་དགོས་པ་ཡིན།
རྩོམ་འདི་ནི2013ལོའི་ཁོ་བོའི་ཆེས་མཐའ་མཇུག་གི་སྲིད་དོན་དཔྱད་བརྗོད་ཅིག་ཡིན་པས་རྩོམ་འདིས་བལྟོས་བཅས་ཀྱིས་ཅུང་རང་དབང་ཡིན་པའི་ཟི་ལིང་གི་ཤེས་ཡོན་ཅན་གྱི་ལོ2013འདི་སྐྱེལ་མ་བྱེད་རྒྱུ་ཡིན། སང་ལོར་ཡང་ཟི་ལིང་དུ་རང་དབང་གི་མཁའ་དབུགས་འདི་ལས་གཙང་བའི་འཚོལ་སྙེག་བྱེད་རྒྱུ་ཡིན་པས། བཅའ་ཁྲིམས་ཀྱི་ངོས་ནས་ངེད་ལ་ལྟ་མཁན་གྱི་མི་དག་ལ་བཀའ་དྲིན་ཆེ་ཞུ།
(དགུ་རོང་སྤུན་གྲོལ་ནི་རང་གྲོལ་སྨྱུག་གསར་དྲ་བའི་རྩོམ་སྒྲིག་པ་ཡིན།)
ཧ་ཧ། རྩོམ་འདིའི་ཁ་ཕོ་མཐོ་གི གུང་ཁྲན་ཏང་ལ་ཐུན་མོང་ཐོན་སྐྱེད་ཚོགས་པ་ཞེས་བསྒྱུར་འདུག དངོས་གནས་གྲུབ་ཆེན་རེད། གུང་ཁྲན་གྱི་གཞུང་ལུགས་ཆེན་མོ་མ་རྩ་བརྗོད་པ་ཞེས་པ་དེའི་གོ་བ་མ་ལོན་པའི་ལེ་ལན་གྱིས་རྩོམ་ཉོག་འདི་འདྲ་བྲིས་པ་རེད། གཞུང་ལུགས་ཀྱི་ཆ་ནས་རྩོམ་འདིར་བལྟ་རན་ཅི་ཡང་མི་འདུག དེ་མིན་ཚགས་ཤོག་གི་གསར་འགྱུར་གྱི་ཤེས་བྱ་ཉི་ཚེ་བ་དེ་བེད་སྤྱད་ནས་རྒྱ་གཞུང་གི་འགྲོ་སྟངས་འདུག་སྟངས་ལ་དཔྱད་པ་གཏོང་བ་ནི་ལོང་བས་གླིང་ཆེན་དཔག་པའི་དཔེ་རུ་སོང་ཡོད། ཁ་ཕོ་མཐོ་བར་གྲགས་པའི་བོང་རྫིའི་དགེ་ཕྲུག་ཞིག་ཡིན་རྒྱུ་རེད། དེ་མིན་སྲིད་སྐྱོང་བློ་བཟང་སེང་དང་དཔལ་ལྡན་བཀའ་ཤག་ལ་སྒྲོ་སྐུར་གྱི་འཆལ་གཏམ་འདི་རིགས་ཀྱིས་བོད་དོན་ལ་ཕན་པ་ཡོད་རེ་སྐན།
ཧཧཧཧཧ་དངོས་གནས་རྒྱ་གདོན་གྱིས་སྨྱོས་པ་རང་རེད། མི་རིགས་ཀྱི་ལ་རྒྱ་ཡོད་པའི་བོད་མི་ཞིག་གིས་བརྩམས་པའི་བོད་འབྱོར་རྩོམ་ཡིག་ཡིན་མིན་ནི་དྭོགས་པ་ཧ་ཅང་ཆེ། གང་ཡིན་ཟེར་ན་བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ནས་ཡེ་རྡོ་ཟེར་བའི་མིང་ཁུར་གྱི་རྩོམ་ཡིག་དག་ལས་མ་འདས། རྩོམ་རྙོག་འདི་ལ་ཚིག་རིས་རེ་རེ་ནས་བདེན་དོན་གྱི་ལན་འདེབས་ཤིག་བྱེད་དགོས་མ་མཐོང་། རྩོམ་ཡིག་འདི་ལ་མིག་ཉུལ་ཐེངས་ཤིག་བྱས་པས་དོན་བསྡུ་ན་ཆུ་བོ་དཀྲུག་འདོད་མ་ཡིན་པ་ཉ་མོ་བཟུང་འདོད་ཡིན་པ་ནི་བྱིས་པ་ལོ་བརྒྱད་ཙམ་ཞིག་ཡིན་ཡང་ཤེས་ནུས་པས་དེ་ཙམ་གྱི་དགོས་པ་ཆེ་བ་མ་མཐོང་།
བོད་རེ་བས་ཕོངས། གཏམ་འདི་ཤིན་ཏུ་མད། པེ་ཅིང་གི་གཙང་ཕྱགས་ལ་རེ་བ་བྱེད་མཁན་ཤིན་ཏུ་མང་མོད། དེ་ནི་ཆབ་སྲིད་ཀྱི་གར་ཁྲབས་སྟངས་ཞིག་ལས་གཟི་རྩའི་ལམ་ཕྱོགས་ལ་འགྱུར་བ་ཆེར་སོང་མེད། རྒྱ་ནག་གི་དཔོན་རིགས་སུ་ཡིན་ཀྱང་ཧྭ་ཞ་མི་རིགས་ཀྱི་འདུ་ཤེས་ཤུགས་དྲག་མེད་པ་ཕལ་ཆེར་དཀོན། དེ་ཡོད་ན་དམངས་གཙོ་ཚད་ལྡན་ཞིག་ནམ་ཡང་མི་ཡོང་། ཕྱོགས་ཁག་གཞན་ཞིག་རྩ་རྫོགས་དགོས་ན་གནའ་སྐྱོན་རྙིང་པའི་རྩ་བ་རྔོགས་ཐུབ་དགོས་ལ། མི་མངས་དགའ་ཕྱོགས་སྤྱད་དེ་འཐབ་རྩོད་བྱེད་ཤེས་དགོས། ད་ལྟའི་ཆར་རྒྱ་ནག་མི་མང་བརྒྱ་ཆའི་དྲུག་ཅུ་བརྒལ་བ་ལྐོག་ཟ་རུང་སྲུང་ལ་ཞེན་པ་ལོག་ནས་ཡོད། དེ་བཞིན་ངོ་རྒོལ་བྱེད་འདོད་ཀྱི་དྲོད་ཁོལ་ནས་ཡོད། དེ་བེད་སྤྱོད་ཤེས་ན་ཆབ་སྲིད་མཁན་པོའི་དོན་བདེ་བླགས་ཏུ་འགྲུབ་པར་སོམ་ཉི་མི་དགོས་པས། ཉི་ཧོང་ལ་ས་རྩོད་བྱས་ཏེ་མི་རིགས་ཀྱི་འདུ་ཤེས་འབར་བཅུག་པ་དང་། ལྐོག་ཟ་མཁན་པོར་ཁྲིམས་ཆད་བཅད་དེ་མི་མང་གི་འཁོན་འཛིན་ཞི་བཅུག་པ་དང་། མོའུ་ཙེ་ཏུང་སོགས་ལ་སྐྱོན་བརྗོད་ཕྲན་བུ་རེ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་གཤོག་པར་རྡོ་མནན་ཅིང་རེ་བས་ཕོངས་བཅུག་པ་རེད། དེ་ལྟ་བུའི་གནས་ཚུལ་འདི་རྒྱ་ནག་མི་རིགས་ཀྱི་ལོ་རྒྱུས་ནང་དུ་རྟག་ཏུ་བྱུང་ཞིང་། སུན་ཙིའི་དམག་འཐབ་ལམ་ལུགས་སུ་༼ཤར་གླེང་ནས་ནུབ་ཏུ་དམག་རྒྱགས༽ཅེས་དང་། ༼རི་རྒལ་ཇུས་ཆེན༽ཟེར་བ་སོགས་ལག་ལེན་ཏུ་བཏབ་པ་ཞིག་གོ། །བོད་པ་རྣམས་རང་ལ་ཡིད་ཆཻས་དགོས་ཀྱང་རེ་བས་མི་པོངས་པ་ཞིག་བྱུང་ན་ཅི་མ་རུང་། །
གཤིབ་སྡུར་འདི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཞིག་རེད།
མི་རིགས་ཀྱི་འདུ་ཤེས་ཆེ་བས་དམངས་གཙོ་མི་ཡོང་ན། བོད་པ་ཡང་དེ་བཞིན་ནོ།
རྩོམ་ཧ་ཅང་གི་གནད་ལ་འཁེལ་བ་ཞིག་བྲིས་འདུག རྡ་ས་དང་པེ་ཅིན་གཤིབས་བསྡུར་གྱིས་སྐྱུག་བྲོ་བའི་བྱ་སྤྱོད་ཐེར་འདོན་གནང་འདུག དེ་མིན་རྒྱལ་བ་རིན་པོ་ཆེ་ལའང་ངེས་པར་དུ་བསམ་བློ་གཏོང་དགོས་པའི་བརྡ་བརྒྱབ་འདུག་སྟེ། སྲིད་འགན་རྩིས་སྤྲད་རྗེས། སྲིད་དོན་ལ་ལག་པ་མ་འཆིང་ན་ཡག་པོ་ཡོད་པ་བསྟན་འདུག
མདོར་བསྡུས་ན། རྩོམ་ཡིག་འདིས་བསྟན་པའི་ནང་དོན་མཐའ་དག་བོད་ནང་ཤུགས་ཆེན་གྱིས་ཁྱབ་ཀྱིན་པའི་གནས་ཚུལ་དག་ཡིན་པར་མ་ཟད། བོད་མིའི་ཁྲོད་ཀྱི་གླེང་གཞི་ཆེས་ཤོས་དེ་རེད་ལ། མེ་བསྲེག་ལས་འགུལ་དང་བསྟུན་ནས་བོད་ཕྱི་ནང་བར་འགལ་བ་ཆེན་པོ་བྱུང་རྒྱུ་ཡིན་པའང་གསལ་བོ་རེད། དེ་བས། བཙན་བྱོལ་བ་ཀུན་གྱིས་མ་ཐོས་མ་གོ་བ་གནང་ནས་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད།
ཆབ་བྲག་པ་སོགས་རེ་བས་པོངས་པའི་བོད་རྒན་རྣམས་ལ་ཞུ་བ། གོང་དུ་བདག་གིས་བྲིས་པའི་མི་རིགས་ཀྱི་འདུ་ཤེས་ཟེར་བ་རིགས་རུས་གཅིག་པ་ཁོ་ན་ཡག་པོ། གཙང་མ། རྒྱལ་དགོས་པ་ལ་གོ། གྲངས་ཉུང་མི་རིགས་གཞན་གྱི་ཆེ་མཐོང་བརྩི་བཀུར་བཏང་སྙོམས་སུ་བཞག་ནས་འདྲ་མཉམ་ཡོང་ཐུབ་ཐབས་མེད། དེ་མ་ཡོང་ན་དམངས་གཙོ་ག་ལ་ཡོངས། ཉིད་ཀྱི་དམངས་གཙོ་མི་གྲངས་ལས་ཐོབ་ཐང་འདྲ་མཉམ་མི་ཡོང་པ་ཞིག་གིས་ཆོག་ན་དེ་ཐོབ་ནས་ཡོད་པས་གླེང་དགོས་པ་མེད་དོ། །རྒྱ་ནག་གི་གཞུང་དམངས་དང་ཤེས་ཡོན་ཅན་གྱི་སྡེ་ཚན་སོགས་ལ་འབྲེལ་འདྲིས་དང་གླེང་མོ་མ་མྱོང་བར་རང་གི་ཚོར་བ་དང་མི་རེ་གཉིས་ཀྱི་གཏམ་གཙོ་བོར་བཟུང་ནས་ཐག་གཅོད་ལ་དགྱེས་པས་དོན་མི་འགྲུབ་པར་མ་ཟད།རེ་བས་ཕོངས་བར་ངེས་སོ། །ཕྲན་ནི་བོད་ཀྱི་ཁྲག་རྒྱུན་ཅུང་ཟད་ཡོད་པའི་མི་ཞིག་དང་བོད་ཀྱི་རིག་གཞུང་ལ་དགའ་མཁན་ཞིག་ལས་བོད་རིགས་གཙང་མའི་གྲྭལ་དུ་མི་སླེབས་ལ། བོད་པ་བྱས་ན་ངོ་གནོང་དགོས་པ་ཞིག་ཡིན། དེ་བཞིན་ཆབ་སྲིད་པ་མིན་ལ། མཁས་པ་མིན། དམངས་གཙོ་རྩོད་ལེན་པའང་མིན། གཞུང་གཉིས་ཀའི་ཞབས་འདེགས་པ་སྔར་ཡང་མ་ནུས་ལ་ཕྱིས་སུ་ཡང་མི་ནུས། འདོད་པ་ཡང་གཏན་ནས་མེད། བོད་དང་རྒྱ་ནག་གི་མི་སེར་ལ་དགའ་བ་དོ་མཉམ། བོད་རྒྱ་གཉིས་ལ་བདེ་སྐྱིད་ལྡན་ན་འདོད་པ་ཁོ་ན་ལས་གཅིག་ཤོས་རྒྱལ་བའི་བསམ་བློ་ཡང་མེད། འོན་ཀྱང་རྒྱ་ནག་གི་དཔོན་རིགས་རྣམས་ཀྱི་མི་རེ་རེའི་རྒྱབ་ལྗོངས་དང་ཕྱོགས་ཁག་གང་དུ་གཏོགས་རྒྱུགས་འཕྲོད་ཙམ་ཡོད། ད་བར་རྒྱ་ནག་གི་ཕྱི་འབྲེལ་དང་ལས་ཀ་བྱེད་ཚུལ་ནི་ངས་གང་བཤད་པ་ལུང་བསྟན་ལྟར་ཐོག་ཏུ་ཁེལ་འགྲོ། དེ་མངོན་ཤེས་ཡོད་པ་མིན་ཀྱང་འདྲིས་ཆེ་ན་བཟང་ཡང་རྒྱུས་ལོན་ན་ངན་ཟེར་བའི་ཉམས་མྱོང་ཉག་གཅིག་གོ། ཅུང་ཟད་བཤད་ཤོར་བར་ཐུགས་འགལ་འགྲོ་བའི་གནས་ཡོད་ན་ཀློགས་མཁན་རྣམས་ལ་བཤགས་སོ། །རང་ཉིད་སྤྲང་པོ་མཁོས་ཆུང་གིས་མི་ཚེ་སྐྱེལ་བ་ལས་ཆབ་སྲིད་ལ་ཞུགས་འདོད་དང་དེའི་སྐོར་ལ་གླེང་མོ་བྱེད་འདོད་མེད་ཀྱང་འཕྲལ་གྱི་ཚོར་བ་གང་དྲན་དུ་བརྗོད་ཤོར་བར་དགོངས་འགལ་མེད་པར་ཞུ།
༡༽ཀློག་མཁན་རྣམ་པ་ལགས། གལ་སྲིད། ཞིས་ཅིན་ཕིན་གྱིས་དོན་དམ་པས་སྤྱི་ཚོགས་འདི་དྲང་ལམ་དུ་བསྒྱུར་སླད་རུལ་སུངས་རྩ་འགོག་བྱེད་རྒྱུ་ཡིན་ཕྱིན། ལས་སླ་མོ་ཞིག་སྟེ། རང་དབང་ཅན་གྱི་ཁྲིམས་ར་དང་རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་གྱི་སྒོ་ཕྱེས་བཞག་ན་སུ་ཞིག་རུལ་སུངས་ཡིན་པའི་གནད་ངོས་ཟིན་ནས་ཁྲིམས་ཀྱི་ངོས་ནས་ཐག་བཅད་ན་ཆོག་པས། ཁོང་གིས་དེ་ལྟར་མི་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ནམ།
༢༽དེ་བཞིན་བློ་སེང་གིས་ཀྱང་དོན་དམ་པར་གོང་ས་མཆོག་བོད་ལ་གདན་འདྲེན་རྒྱུ་ཡིན་ཕྱིན། ལས་སླ་མོ་ཞིག་སྟེ། འཇམ་ནོར་གྱིས་བཤད་པ་བཞིན་ཁོང་གཙོས་པའི་དབུ་མ་ཚོགས་པའི་རྒྱུན་ལས་རྣམས་ཀྲུང་དབྱང་འཐུས་མི་ཚོགས་ཆེན་དུ་ཞུགས་ནས་གང་དེའི་འཐུས་མི་བཅོས་བཞག་ན་འཐུས་པ་རེད་མོད། ཁོང་གིས་དེ་ལྟར་བྱེད་མ་ཕོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཁ་བརྡ་རྩོམ་སྒྲིག་པ་ནས་དགོངས་པ་ཞུས་རབ་ལབ་མ་རེད་ཝེ། ད་བོད་ནང་གི་འདི་མོ་འདི་འདིར་ཁྱེར་ཡོང་ནས་ག་རེ་བྱེད་ག རྒྱུ་མཚན་ཞིག་ཡོད་ན་དང་པོར་སོ་སོས་འགྲེལ་བཤད་གནང་དཔྱད་པ་བྱས་ན་ལེགས་མོད། འདིར་ལེབ་འགོད་བྱས་ན་ས་མིག་འཕྲོ་བརླག་རེད་ལ། འདིའི་ནང་གི་དོན་དག་མང་པོ་ཞིག་ནི་མགོ་འཚོས་མ་འཚོས་པར་ནས་བྲིས་བཞག་པ་གསལ་བོ་མ་རེད་དམ། ཁྱེད་ལ་བོད་ནང་གི་ཡིག་ཉོག་འདི་འདིར་ཁྱེར་ཡོང་དགོས་པའི་རྒྱུ་མཚན་ཡང་དག་ཅིག་ཡོད་ན་ངེད་གཉིས་ནས་དྲ་ངོས་འདིར་ཚུལ་མཐུན་གྱིས་བགྲོ་གླེང་བྱས་ཆོག དེ་མིན་ཅིག་མི་ཤེས་ན་ཤེས་མདོག་ཁ་པོ་བྱེད་ཀྱི་མ་འདུག ཨོ་ཁེ།
ཁྲག་དཀྲུག་གི་ཐུར་མ། རས་ནག་གི་སྲུབ་གཟན་མྱི་འདི་དག་གི་ཐན་སྐད་ལ་ཉན་འདོད་མེད།
་་་་་ རྒྱ་ནག་དབུས་གཞུང་གི་དབང་འཛིན་པ་ཕལ་ཆེར་རུལ་པའི་མི་རུ་གྱུར་ཡོད་ལ་རྡ་སའི་དབུས་གཞུང་གི་དབང་འཛིན་པ་ཕལ་ཆེར་ཡང་རུལ་བའི་མི་རུ་གྱུར་ཡོད། ་་་་་་
་་་་ པེ་ཅིན་གྱི་ས་ངོས་སུ་རུལ་སུངས་ཀྱི་སྙུགས་རོ་སྤུངས་ཡོད་པ་བཞིན་རྡ་སའི་རི་ངོགས་སུའང་རུལ་སུངས་ཀྱི་སྙུགས་རོ་སྤུངས་ཡོད། ་་་་་་
་་་་་་ དེ་ལྟ་ནའང་། ཞིས་ཅིན་ཕིན་སྲིད་སྟེགས་སྟེང་དངོས་སུ་བུད་པའི་སྔ་གཞུག་དེར་ཀྲུག་ཡུང་ཁཱང་གིས་ཐེངས་གཉིས་ཙམ་ལ་ཞིས་ཅིན་ཕིན་ལྐོག་གསོད་ཀྱི་འཆར་འགོད་བྱས་འདུག ་་་་་་
་་་་་་་ དེ་བཞིན་བློ་སེང་གིས་ཀྱང་དོན་དམ་པར་གོང་ས་མཆོག་བོད་ལ་གདན་འདྲེན་རྒྱུ་ཡིན་ཕྱིན། ལས་སླ་མོ་ཞིག་སྟེ། འཇམ་ནོར་གྱིས་བཤད་པ་བཞིན་ཁོང་གཙོས་པའི་དབུ་མ་ཚོགས་པའི་རྒྱུན་ལས་རྣམས་ཀྲུང་དབྱང་འཐུས་མི་ཚོགས་ཆེན་དུ་ཞུགས་ནས་གང་དེའི་འཐུས་མི་བཅོས་བཞག་ན་འཐུས་པ་རེད་མོད། ཁོང་གིས་དེ་ལྟར་བྱེད་མ་ཕོད་པའི་རྒྱུ་མཚན་ག་རེ་ཡིན་ནམ། ་་་་་་་་
དགུ་རོང་སྤུན་གྲོལ་འདི་ལོ་རྒྱུས་མཁས་ཀྱང་ཆབ་སྲིད་ལ་གླེན་རྟགས་འདུག་སྙམ་ལགས།
སྤུན་གྲོལ ཁྱེད་ཚོ་ཟི་ལང་ཤེས་ཡོན་པའི་མཐོང་རྒྱ་འདི་འདྲ་ཞིག་ཡིན་ན་སེམས་སྐྱོ་ནི་ཞིག་རེད བོད་ནང་གི་ཤེས་ཡོན་པས་འཛམ་གླིང་མཐོང་མི་འདུག གོ་རྟོགས་སད་མི་འདུག དོན་ངོ་མའི་ཁྱེད་ཚོའི་ལས་འགན་གང་ཡིན་པ་དེ་རང་ངོས་ཟིན་པར་བྱས་ནས་རང་གི་འགན་འཁྲི་སྒྲུབ་ཐུབ་ན་བཟང་གི ཁྱེད་ཀྱིས་པེ་ཅེན་དང་ངྷ་སའི་དབར་ལ་སྙོབ་ཐབས་མེད་པ་འདྲ དེ་སྐྱོན་ཆེན་པོ་མ་རེད ང་ཕྱི་སྡོད་འཁྱམ་པོ་ཞིག་ཡིན མང་པོ་བཤད་པོ་བཤད་ཁོམ་མེད་ཀི ནམ་ཡིན་རུང་སྐད་ཆ་དྲང་པོ་བཤད་ཀི་ཡོད བོད་ནང་གི་ཤེས་་ཡོན་ཁྱེད་ཚོས་རྩོམ་གཅིག་པོ་བྲིས་ནས་མ་འདུག ཁ་ཡོད་ལག་ཡོད་ཀྱིས་མི་དམངས་ལ་ཕན་པའི་ལས་རེ་བཅའ་ཨེ་ཐུབ་ལྟོས དཔེར་ན བོད་པ་ཚོས་འཚོ་བར་རོལ་སྟངས་སྟབས་བདེ་དང་སྒོར་མོ་བེད་སྤྱོད་གཏོང་སྟངས་ཚུལ་མཐུན ཐ་མ་གོན་པ་གྱོན་སྟངས་མི་རིགས་གཞན་དང་བསྟུན་ཐབས་སོགས་ཀྱི་ཐད་ནས་མགོ་འཐོམས་ཡོད་པ་ལྟ་བུའི་རྣམ་པ་ཟུར་བལྟས་ལེབ་མཐོང་རེད རེ་རེ་བཞིན་འགྲེལ་ལོང་མི་འདུག
བོད་པའི་ཁྱིམ་ཚང་མང་ཆེ་བར་གསང་སྤྱོད་ཚད་ལྡན་ཞིག་ཀྱང་མེད་ཚོད གལ་ཆེན་པོ་རེད གལ་སྲིད་ཕྱི་རྒྱལ་བ་ཞིག་ལ་ས་དོང་དང་གད་ཕུག ཐང་སྟོང་ལ་བཙོག་པ་གཏོང་བཞིན་པའི་མི་ཞིག་གི་རི་མོ་བསྟན་ཚེ་དེ་བོད་པ་རེད་ཟེར་ངེས་རེད ད་རུང་བོད་པ་ཟེར་བ་འདི་འདྲ་རྫོར་པོ་ཡོད་ཙང་རྒྱ་མིས་བོད་ལ་ཙང་ཙོས་ཟེར་གི་རེད་ཞེས་བཤད་ཆོག་ཆོག་རེད གནས་ཚད་འདི་འདྲ་རེད མ་དགའ་བ་མིན མ་བཟོད་ནས་ཡིན བདེ་མོ སེམས་བཟང་ཁ་བརྡ་ཡིན་་་་
དོན་གྲུབ་མཚོ་མོས། ངོ་མ་མཚང་ཐོག་འབབ་པའི་ཁ་བརྡ་བྱས་འདུག་ག ཡར་རྒྱས་་་་ཡར་རྒྱས་་་ཉི་མ་རེ་རེའི་འཚོ་བ་ལེགས་བཅོས་ནི་དོན་གྱི་ཡར་རྒྱས་སོ།
དམངས་གཙོའི་རྩ་དོན་ནི་མི་སོ་སོ་དང་མི་རིགས་སོ་སོ་རང་དབང་དང་ཐོབ་ཐང་འདྲ་མཉམ་ཡོད་པ་གཞིར་བཟུང་ནས་སྐད་ཆ་བཤད་དགོས། འོས་འཕེན་དགོས། དེ་བས་དམངས་གཙོར་འགྱུར་རྒྱུར་རེ་བ་ཡོད། རེ་བ་ཅི་ཡང་མེད་ན་ང་ཚོའི་ལས་ཀ་ཚང་མ་དོན་སྟོང་ངོ། ངལ་བ་འབྲས་མེད་དོ། དེས་ན་དེ་ལས་ལྷག་པའི་བླུན་རྟགས་ཤིག་གང་ན་ཡོད། བྱ་བ་གང་དང་གང་ཡིན་ཡང་རེ་བ་ཞིག་ཡོད་པའི་ཐོག་ནས་སྒྲུབ་དགོས། ནམ་ཞིག་རེ་བ་མེད་པར་གྱུར་ན་དེ་ནས་བཟུང་ནས་ངས་འཐབ་རྩོད་འདི་མི་བྱེད་ཁོ་ཐག་ཡིན།
ཆབ་བྲག་ལགས་ཀྱིས། བྱ་བ་གང་དང་གང་ཡིན་ཡང་རེ་བ་ཞིག་ཡོད་པའི་ཐོག་ནས་སྒྲུབ་དགོས། ཟེས་གསུངས་པར་དགའ་བསུ་ཞུ། རེ་བས་མི་ཕོངས་པའི་སྨོན་ལམ་འདེབས། ང་ལ་ཐོབ་ཐང་ཞིག་མེད་པ་རེད་མ་གཏོགས་ཆབ་བྲག་པ་ཁྱོད་སྲིད་སྐྱོང་ལ་འདམ་ཐག་ཆོད་ཡིན། ཆབ་སྲིད་ཀྱི་གཟིགས་རྒྱ། ལྷག་བསམ། སྙིང་སྟོབས། མཐུན་ལམ། བཟོད་སྒོམ། ཞིབ་འཇུག བརྟན་རླིང་། ཆོད་སེམས་སོགས་ཆ་ཚང་བ་འཛོམས་ཡོད་པ་ཁྱོད་ལྟ་བུ་དཀོན་པོ་ཞིག་རེད། མདོ་སྨད་ཀྱི་ཆབ་སྲིད་པའི་ནང་དུ་ཡོན་ཏན་སྣ་རེ་ལ་ཁྱོད་ལས་ལྷག་པ་ཡོད་མོད་ཆ་ཚང་བ་ཁྱོད་ཉག་གཅིག་རེད་སྙམ། དེ་བཞིན་དཔྱད་བརྗོད་ཀྱང་གནད་དུ་འབྱོར་མིན་མ་འཚལ་ཡང་བསམ་གཞིག་བྱས་པའི་གྲུབ་འབྲས་རེད་སྙམ།རང་གི་ཆབ་སྲིད་སྡེ་ཚན་གྱི་རུས་ཞེན་དང་། ཕ་རོལ་པོ་ལ་ཡིད་ཆེས་ཆེ་དྲགས་ཡོད་མིན་བརྗོད་གཞིར་ལྷག ཕྲན་ལ་ཆབ་སྲིད་གོ་རྟོགས་མེད་ཀྱང་ཆབ་བྲག་པའི་དཔྱད་བརྗོད་ཅུང་ཟད་དགའ་བའི་ཕྱོགས་ཡིན་པས་དེ་ལྟར་སྨྲའོ། །
འདིས་ད་ང་བསད་སོང་ཡ། ངོ་མ་ཡིན། ཨ་ལ་ལ་ད་བར་དུ་བསྟོད་སྨད་བྱེད་མཁན་ཅི་རིགས་ཤིག་བྱུང་མོད། འདི་འདྲའི་ངོ་གནོང་གི་ཚོར་སྣང་ཞིག་མ་བྱུང། ཡ་ཡ་ད་ཅི་ཡིན་ན་ཡིན། གང་ལྟར་མ་ཤི་བར་དུ་རེ་བ་ཡང་མ་ཤི་ན་མདུན་ལ་སྐྱོད་རྒྱུ་རང་རེད།
རེད་རེད། རེ་བས་ཕོངས། དྭོགས་པས་ཕོངས། འདི་གཉིས་ནས་ཕོངས་བདེན་པ་སུ་ཡིན་ནམ།
དོན་གྲུབ་མཚོ་མོ་ཟེར་བ་ཅན་གྱིས་འཛམ་གླིང་མཐོང་ཡོད་ཚོད་མི་འདུག་ལ། རྒྱ་ནག་དེ་བས་ཀྱང་མཐོང་མི་འདུག རྡ་ས་དང་པེ་ཅིན་གྱི་གཤིབས་བསྡུར་རེད་མ་གཏོགས་འཛམ་གླིང་དང་རྡ་སའི་གཤིབས་བསྡུར་མ་རེད། དྲང་མོར་བཤད་ན། དེང་གི་བར་དུ་རྡ་ས་དང་འཛམ་གླིང་གི་གཤིབས་བསྡུར་སུ་ཞིག་གིས་འབྲི་མྱོང་ངམ།
ཁ་སྣོན་ཞིག་ཡོད། རྡ་ས་ནས་སློབ་མཐར་ཕྱིན་ཚད་ཀྱིས་ཕྱི་རྒྱལ་བར་སླིང་མོ་མ་གཏོགས་རྒྱག་མི་ཤེས་པར་ལྟ་སྐབས། བཙན་པོའི་གདུང་རྒྱུད་ནས་སློང་མོ་བའི་རིགས་སུ་གྱུར་བ་ནི་ངོ་ཚ་རེད་ལ། ཤིན་ཏུ་མ་འོས་པ་ཞིག་ཀྱང་རེད། དེ་ལས་བོད་ཀྱི་འབྲོག་ཁུལ་དུ་གསང་སྤྱོད་མེད་པ་ནི་ངོ་ཚ་ཞིག་མ་རེད། དེ་ནི་རང་བྱུང་ཁམས་དང་ཆེས་ཐག་ཉེ་བའི་བྱ་སྤྱོད་ཅིག་རེད། ཀུན་ཀྱིས་སྐད་ཆ་དྲང་མོར་བཤད་པའི་རེ་བ་ཡོད།
དེང་རབས་ཀྱི་བོད་པའི་བྱ་བཞག་ནི་ལྟོ་འཚོལ་ཞོར་དུ་གནས་སྐོར་བ་ཙམ་མིན་པར་གནས་ཀྱི་འཛུགས་བསྐྲུན་བྱ་བགྱི་དེ་ཡིན།
བོད་འདི་མི་སྤེལ་ཡུལ་ཡིན་ཙ་འགོག་རྒོལ་དང་ཆིག་སྒྲིལ་ལས་ལྷག་པའི་མི་སྒེར་གླེང་རིན་མེད། གལ་ཏེ་སྒེར་གྱི་རང་དབང་གླེང་དགོས་ན་ནི་དེ་ནི་མེ་མདའི་བཙན་དབང་འོག་ཤོར་བའི་སྒེར་བ་དང་བཙིར་གནོན་ཡང་མེ་མདའི་བཙིར་གནོན་ཡིན་དགོས། འགག་འདི་ལས་གྲོལ་རྗེས་ང་ཚོས་ནོར་གྱི་བཙིར་གནོན་དང་དད་པའི་བཙིར་གནོན་སོགས་གླེང་ཆོག་གི་རེད།
དབང་། རྒྱུ་ནོར། དད་པའི་གནོན་ཤུགས་བཅས་ཀྱི་མི་སྒེར་གྱི་རང་དབང་རང་ལུགས་ལ་འབུར་འཇོམས་ཡོང་གི་ཡོད། ཡིན་ནའང་གོ་རིམ་ཡོད། འབྲི་བ་པོར་ཁ་བཙུམ་རོགས་ཟེར་གིན་མེད་ཡར་རྒྱས་གཏོང་རོགས།
དེང་རབས་ཀྱི་བོད་པའི་དུས་བབ་ནི་ལྟོ་འཚོལ་ཞོར་དུ་གནས་སྐོར་བ་ཙམ་མིན་པར་གནས་འཛུགས་བསྐྲུན་བྱ་བགྱི་དེ་ཡིན།
བོད་འདི་མི་སེར་སྤེལ་ཡུལ་ཡིན་ཙ་འགོག་རྒོལ་དང་ཆིག་སྒྲིལ་ལས་ལྷག་པའི་མི་སྒེར་གླེང་རིན་མེད། གལ་ཏེ་སྒེར་གྱི་རང་དབང་གླེང་དགོས་ན་ནི་དེ་ནི་མེ་མདའི་བཙན་དབང་འོག་ཤོར་བའི་སྒེར་བ་དང་བཙིར་གནོན་ཡང་མེ་མདའི་བཙིར་གནོན་ཡིན་དགོས། འགག་འདི་ལས་གྲོལ་རྗེས་ང་ཚོས་ནོར་གྱི་བཙིར་གནོན་དང་དད་པའི་བཙིར་གནོན་སོགས་གླེང་ཆོག་གི་རེད།
དབང་། རྒྱུ་ནོར། དད་པའི་གནོན་ཤུགས་བཅས་ཀྱི་མི་སྒེར་གྱི་རང་དབང་རང་ལུགས་ལ་འབུར་འཇོམས་ཡོང་གི་ཡོད། ཡིན་ནའང་གོ་རིམ་ཡོད། འབྲི་བ་པོར་ཁ་བཙུམ་རོགས་ཟེར་གིན་མེད། ཡར་རྒྱས་གཏོང་རོགས།
ཡ་ཡ། དྲན་དཀར་དཔལ་ཡོན། དོན་གྲུབ་མཚོ་མོ། ད་དུང་མིང་གཞན་གང་ཡོད་དམ། གང་ལྟར་སྤྱི་ལ་རང་དབང་རེག་དགོས་ན། ངེས་པར་དུ་མི་སྒེར་བ་རེ་རེ་ཡི་རང་དབང་མངོན་འགྱུར་ཡོང་དགོས་ཀྱི་ཡོད། དེ་ལས་ལྡོག་པ་ཆ་ཚང་བཙན་པོ་དབང་ཡོད་ཀྱི་བཅའ་སྟངས་ལས་སྟངས་ཡིན་པས། དོན་ངོ་མར་མགོ་གཡོག་བསླུ་བྲིད་ཀྱི་ལས་འབའ་ཞིག་ཡིན། དཔེར་ན། རྡ་སའི་མང་གཙོ་ལྟ་བུ་རེད།
དེང་གི་ཆར། ད་ལྟའི་ཆར། བོད་པའི་དུས་བབ་ནི་ལྟོ་འཚོལ་ཞོར་དུ་གནས་སྐོར་བ་ཙམ་མིན་པར་གནས་འཛུགས་བསྐྲུན་བྱ་བགྱི་དེ་ཡིན།
བོད་འདི་མི་སེར་སྤེལ་ཡུལ་ཡིན་ཙ་འགོག་རྒོལ་དང་ཆིག་སྒྲིལ་ལས་ལྷག་པ་དེའི་གོང་དུ། མི་སྒེར་གླེང་རིན་མེད། གལ་ཏེ་མི་སྒེར་གྱི་རང་དབང་གླེང་དགོས་ན་ནི་དེ་ནི་མེ་མདའི་བཙན་དབང་འོག་ཤོར་བའི་སྒེར་བ་དང་བཙིར་གནོན་ཡང་མེ་མདའི་བཙིར་གནོན་ཡིན་དགོས། འགག་འདི་ལས་གྲོལ་རྗེས་ང་ཚོས་ནོར་གྱི་བཙིར་གནོན་དང་དད་པའི་བཙིར་གནོན་སོགས་གླེང་ཆོག་གི་རེད།
དབང་། རྒྱུ་ནོར། དད་པའི་གནོན་ཤུགས་བཅས་ཀྱི་མི་སྒེར་གྱི་རང་དབང་རང་ལུགས་ལ་འབུར་འཇོམས་ཡོང་གི་ཡོད། ཡིན་ནའང་གོ་རིམ་ཡོད། འབྲི་བ་པོར་ཁ་བཙུམ་རོགས་ཟེར་གིན་མེད། ཡར་རྒྱས་གཏོང་རོགས། རྒྱ་རྩོམ་དང་འདྲ་བའི་བོད་རྩོམ་བྲིས་འདུག་གྱང་། མི་སེར་སྤེལ་བ་པོ་དང་མི་སེར་སྤེལ་གྱི་གནས་སྟངས་མི་འདྲ། ཨ་བླ་མ་ཞར་མདོག་མ་བགྱིད།
མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་མཁན་ལ་རྒོལ་བའི་ལས་འགུལ་ལེགས་འགྲུབ་ཀྱི་འབྲས་བུ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་གཏན་འབེབས་དང་ལག་བསྟར་གནང་བ་དེ་རེད་ལ། འགྲོ་བ་མིའི་ཐོབ་ཐང་ཟེར་བའང་མི་སྒེར་བ་རེ་རེ་ཡི་ཐོབ་ཐང་ལ་བརྩི་བཀུར་གྱིས་སྲུང་བརྩི་བྱེད་ཐུབ་ཡོད་པར་གོ དེ་ལྟར་མི་རེ་རེ་ཡི་ཐོབ་ཐང་ལ་སྲུང་སྐྱོབ་རེག་པར་བརྟེན་ནས་སྤྱི་ཡི་ཆིག་སྒྲིལ་དང་མདུན་བསྐྱོད་ལ་བསྐུལ་འདེད་གཏོང་ཐུབ་ཡོད། དེ་མིན་ཆིག་སྒྲིལ་ཁ་ལ་ཁྱེར་བའི་མི་སྒེར་བའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་ནི་གུང་ཁྲན་ཏང་གི་བྱེད་སྟངས་ཡིན་པས། དེ་ལ་ལགས་སོ་ཟེར་མཁན་ནི་མང་ཚོགས་རྨོངས་བསྒྱུར་ལ་བྲེལ་བའི་གཏེ་བོའི་རིགས་ཡིན། ད་ཤེས་སོང་ངམ།
ང་བླ་མ་ཉོན་ཨ། མི་རིགས་ཀྱི་སྒང་ལ་མེ་འདའ་འཛུགས་པ་དང་མི་སྒེར་གྱི་སྒང་ལ་མེ་མདའ་འཛུགས་པ་ཁྱད་མེད་ཟེར་ན་མང་ཉུང་ཙམ་ལས་དེ་གས་འགྲིག་ག མི་རིགས་དང་མི་སྒེར་ལ་དད་པས་བཙིར་གནོན་འགོག་རྒོལ་གྱི་སྔོན་དུ་མེ་འདས་བཙིར་གནོན་འགོག་རྒོལ་བྱེད་དགོས་ངེས་རེད། གོ་སོང་ངམ། ཨ་མར་བཙན་གཡེམ་འགོག་རྒོལ་གྱི་སྔོན་དུ་སྔོན་དུ་ཨ་མའི་སྒང་གི་ཤིག་བཙལ་ནས་བསྡད་ཡ་མེད། རྒྱ་མི་ཚོས་ཤིག་བསྒྲིག་སར་བོད་མི་ཚོས་ཤིག་བསྒྲིག་གི་ཡོད་མདོག་བྱེད་བགྱི་མེད། བོད་ཀྱི་གནས་བབ་ནི་བཙན་གཡེམ་འགག་རྒོལ་རང་ཡིན། ལས་ཀ་གང་ཡིན་རང་དབང་གི་མིང་གང་ཡིན་རྒྱ་དང་མཉམ་ལས་བྱ་བགྱི་མེད། ཅི་འདྲ་འི་ཤེས་མེད། མགོ་མཇུག་མེད་དོ་འདི་འདྲ།
ངས་ཅི་ཞིག་མཐོང་མེད་ན་མེད། ཚང་མ་བླ་མ་ཁྱེད་ཚང་གིས་མཁྱེན་གི་རེད། ངོ་མ་བཤད་ན། བོད་པའི་ཤེས་ཡོན་པ་ཡིན་ཟེར་མཁན་དེ་ཚོས་སྤྱི་ཚོགས་ལ་འགན་ཁུར་ནས་ཁ་ཡོད་ལག་ཡོད་དང་ཕུགས་རྒྱང་རིང་བའི་ལས་ཀ་ཆུང་ཚགས་ནས་འགོ་བཙུགས་ཏེ་མི་དམངས་ལ་ཤ་ཚ་སྟངས་དང་བདག་པོ་རྒྱག་སྟངས་ཤེས་ན་བསམ་གི གཙོ་བོ་ས་གནས་དམགས་ཚོགས་ཀྱི་འཚོ་བ་ཡར་རྒྱས་འཛུགས་སྐྲུན་གཏོང་ཕྱོགས་ལ་འབད་ཧུར་ཐག་གིས་རང་གི་ས་ཆ་ལ་རང་གིས་བདག་པོ་བརྒྱབ་བེད་སྤྱོད་གཏོང་ཐུབ་ན། རང་དབང་དང་དམངས་གཙོ་རང་བཙན་ཟེར་ནས་བཤད་མི་ཆོག་པ་ཞིག་ཤེས་བཞིན་བཤད་ནས་བཙོན་ཁང་གིས་མཚོན་པའི་མནར་གཅོད་མྱོང་དགོས་དོན་མི་འདུག རྒྱ་རིགས་དེ་ཚོས་དཀའ་ངལ་གདོང་ལེན་བྱས་ནས་ཚོང་བརྒྱབ་སྒོར་མོ་བསགས་སྟངས་ལ་མིག་དཔེ་བལྟས་ཏེ་བོད་རིགས་ཚོས་ཀྱང་ཕ་མ་ལ་བསྟེན་མི་འདུག་པར་རང་གིས་དཀའ་ལས་བརྒྱབ་ལས་ཀ་བྱས་ནས་རང་གི་རྐང་པའི་འགོར་བླངས་ཐུབ་དགོས་པའི་དམིགས་ཡུལ་ཡོད་པའི་ལས་རིགས་གཉེར་རྒྱུ་འདི་ཚོ་ནི་བོད་ཀྱི་རྩ་བའམ་རྨང་གཞི་གལ་ཆེ་ཤོས་རེད། དེ་ཙམ་ཡིན། དུས་ཚོད་ཀྱི་དབང་གིས་་་་་་
རང་དབང་དང་ཐོབ་ཐང་གི་ངོས་ཤིག་ནས་གླེང་འདུག་ལ་གནད་འགག་འདུག བོད་ནང་ལ་དམར་ཤོག་གི་སྟག་གི་མཆེ་བའི་འོག་ནས་སྟག་གི་མིག་ལ་མཛུབ་མོ་བཙུགས་པ་དེར་ངོ་མ་བློ་སྟོབས་རེད།
བཙན་བྱོལ་ནང་ལ་ཀླད་པ་དང་སྙིང་དང་གློ་བ་ཚང་མ་དགྱིག་ལ་གྱུར་བའི་རྩོམ་པ་པོ་དང་བསྡུར་ན་ས་དང་གནམ་གྱི་ཁྱད་པར་འདུག
རྡ་རམ་ས་ལའི་སྤོ་དང་རྨོ་རྨོ་དེ་ཚོའི་མ་ནི་འདོན་ཤོར་གྱི་ཁ་ཡང་ལ་འཇིགས་འགྲོ་མཁན་གྱི་མཆན་པོ་ཚོས་དགུ་རུང་ལ་ཁ་གཏོང་བའི་འོས་བབ་ཀུན་ནས་མིན་འདུག
སྐྱོན་ཆ་ལ་ཉན་བཤེར་དང་བསམ་གཞིགས་བྱེད་མ་ཐུབ་པའི་བཀའ་བཤག་དེ་དམངས་གཙོའི་རིན་ཐང་ཀུན་ནས་མེད་དང་མཚུངས།
རྒྱ་ནག་ཀྱང་དེ་ག་རང་རེད། སྔོན་མ་ཨ་རིའི་གྲོས་ཚོགས་ཀྱི་ཐུས་མི་ཞིག་གིས་བོད་གཞུང་གི་སྐུ་ཚབ་ལ་འདྲི་བ་ནན་མོ་ཞིག་བཏོན་པར་ཚོགས་གཙོ་སེམས་འཁྲུགས་ནས་འདར་གྱི་འདུག ལྟས་ངན་བློ་སྤོབས་འདི་ཙམ་ལས་མེད་ན་བོད་མིའི་ཞབས་འདྲེན་རེད།
བོད་གཞུང་ལ་སྐྱོན་བརྗོད་སར་མི་འགྲོ་བའི་གནད་དོན་འདི་དགུ་རོང་གིས་ཟིན་འདུག དེ་ཡོངས་སུ་བདེན་པ་རེད།
སྐྱོན་འདོན་སར་མི་འགྲོ་བའི་དཔོན་པོ་ཚོའི་ཐོ།
གཟམ་གདོང་རིན་པོ་ཆེ། སྐྱོན་འདོན་ན་གྲོགས་འགྲིགས་ཐབས་མེད།
བློ་བཟང་སེང་གེ། སྐྱོན་འདོན་ན་ལས་བྱེད་ནས་འབུད་ཀྱི་རེད།
སྤྱི་འཐུས་སྤེན་པ་ཚེ་རིང་། སྐྱོན་བརྗོད་བྱས་ན་ཆང་བཏུང་ནས་ར་གཟི་ཤོད་པར་ཡོང་གི་རེད།
སྐྱོན་བརྗོད་བྱས་ན་བསམ་གཞིགས་བྱེད་མཁན་གྱི་བོད་གཞུང་དཔོན་པོ་དང་ཁ་བརྡའི་མཆན་པོ་འགའ།
རྒྱ་ལོ་དོན་གྲུབ། རྒྱུ་མཚན་དང་དཔང་རྟགས་ཤོད་ས་ཡོད།
བཀའ་ཟུར་འདས་པོ་བསོད་ནམས་སྟོབས་རྒྱལ། བདེན་པ་བཤད་ན་ཕོག་སྡུག་རྩ་བ་ནས་འགྲོ་གི་མ་རེད། ཚུར་བཙལ་བར་ཡོང་གི་རེད།
ཁ་བརྡའི་རྩོམ་སྒྲིག་པ་རྣམས། སྔོན་མ་ཁ་བརྡའི་བཟོ་བཀོད་གསར་པ་དེ་ལ་མང་ཚོགས་ཀྱི་མོས་པ་མིན་འདུག་ཟེར་དུས་ཀུན་གྱི་བསམ་ཚུལ་ལ་བརྩི་འཇོག་བྱས་སོང་། ཕོ་ཁྱོ་ཀ་རེད།
ཀླུ་སྨྱོན་ཧེ་རུ་ཀ། མི་དེ་གཞན་གྱི་ཁ་ཡང་ལ་ཇི་མི་སྙམ་པར་རང་གི་འདོད་པའི་ཐོག་ལ་འགྲོ་ཐུབ་པ་དེས་བླ་མའི་མིང་འཛིན་པ་མང་པོ་ངོ་ཚ་པོ་བཟོས་སོང་། ཀླུ་སྨྱོན་ལ་རྟག་ཏུ་ཁབརྡའི་ཐོག་ལ་རྙོག་ཁྲ་ཤོད་མཁན་ཚོས་ཀླུ་སྨྱོན་གྱི་ངོ་དེབ་ཐོག་ཕྱིན་ནས། ཨ་ཁུ་སྨྱོན་པ། ད་རྩོམ་མི་འབྲི་བར་ཁྱོད་ག་པར་མགོ་འཁོར་སོང་། ཟེར།
འདས་པོ་མགོན་པོ། ངོ་མ་དཀྱེལ་ཡངས་ཀྱི་གཟི་བརྗིད་ཡོད་མཁན་རེད།
སྟག་གི་འོག་ནས་ཤྭ་བ་གསོད་ཁུལ་བགྱིད་ཤོར་དུ། སྟག་གི་ཁོག་པ་འབུས་བཟོས་ཚུལ་འབྲི་ན་འདི་ལས་ལྷག་གཅིག་འབྲི་ས་མེད།
སྟག་གི་མདུན་ནས་འབྲི་གིན་ཡོད་ན་ནི་བུ་སྐྱག་གཟན་རེད་ཡ།
ལྟས་ངན་གོ་དགུའི་སྤུན་གྲོགས་ཀྱིསའཇམ་ནོར་རམ་འཇིགས་ནག་གི་ཐན་སྐད་ཁ་ཤས་ཁུངས་གཏུག་ཁུལ་གྱིས་༧གོ་ས་༧མཆོག་གི་གྲིབ་སིལ་འོག་ལ་ས་སྐམ་རྡོ་སྐམ་ཡིན་སྐད་བསྒྲགས། ཁོ་ཚོ་ད་བར་གུང་ཁྲན་གྱི་གྲིབ་སིལ་འོག་ལ་འགོ་བླ་དཔོན་ནས་འོག་ཡིག་གད་བར་ལ་ཁ་པོ་བསྒྲགས་རྒྱུ་བྱུང་བ་རེད་འདོད། དེ་མིན་ན¥¥¥¥¥¥¥¥¥¥¥¥
བྱིངས་འདི་ཚོས་བ་མོའི་གཉའ་མ་མ་ཚ་གོང་། གླང་གི་བརླིག་འབྲས་ཀྱི་མི་ལྕོགས་རབས་བྲིས་ནས་བསྡད་འདུག་ག
དོན་དངོས་རྩོམ་ཡིག་འདི་ནི་བཙན་བྱོལ་བོད་མི་ཞིག་གིས་སྒེར་ནད་མ་ཐེབས་པ་བྲིས་པ་དེ་ཤེས་བཞིན་ཡོད།
ད་དུང་ཚིག་གི་བེད་སྤྱོད་བྱེད་གཏང་དང་ཚིས་རིས་སོགས་ལས་ཀྱང་སུས་བྲིས་མིན་ནི་གསལ་བོ་གསལ་ཅང་རེད། ད་དངོས་གནས་བོད་མི་འགའ་ཞིག་གིས་སྤྱི་དོན་རས་སུ་བོར་སྒེར་དོན་གཙིགས་སུ་འཛིན། མི་གཤིས་དང་དྲང་བདེན་ཟེར་བ་ནི་ཉིན་མོ་སྐར་མ་ཙམ་ཞིག ཧཧཧ
བླུན་བཤད་མ་གནང་རོགས། བོད་ནང་གི་མི་རྣམས་ཕྱི་སྡོད་མཐོ་རིམ་མི་སྣ་དག་ལ་་ཡིད་ཆད་བསྡད་ཡོད་པ་རེད།