སྨུག་པ་ནས།
(དཔལ་ལྡན་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་གིས་ས་གནས་གང་སར་རང་གི་བྱས་རྗེས་ཀྱི་གྲས་སུ་མ་ཎི་བགྲང་བགྲང་བྱེད་པ་གཅིག་ནི་པོ་ཏ་ལ་གཞུང་ལམ་འདི་ཡིན།)
ཕྱི་ལོ་༡༨༥༠ ལོའི་ཟླ་གསུམ་པའི་ནང་ཨིན་ཇིའི་སྲིད་གཞུང་གིས་ཆ་སྙོམས་མཐོ་ཚད་མི་ཊེར་༢༠༨༢ ཡོད་པའི་དྷོ་ལ་དྷར་རི་རྒྱུད་དུ་ཆགས་པའི་གནས་འདི་བདག་ཏུ་བཟུང་སྟེ་དུས་རབས་གཅིག་དང་ལོ་རབས་གཅིག་(ལོ་༡༡༠) ཏག་ཏག་འདས་རྗེས། ཕྱི་ལོ་༡༩༦༠ ཟླ་༤ ཚེས་༣༠ ཉིན་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དང་མང་ཚོགས་མི་ཉུང་བ་ཞིག་མེག་ལོར་གྷན་ཇི་ལ་ཡུལ་སྤོས་ཏེ་གནས་སྡོད་བྱ་འགོ་ཚུགས་ཤིང་། དེ་ནས་བཟུང་མི་རྣམས་ཀྱིས་ཡུལ་འདིའི་མིང་ལ་ལྷ་ས་ཆུང་ཆུང་ཞེས་ཀྱང་འབོད་སྲོལ་ཡོད། རིམ་བཞིན་མི་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་མཚམས་ཏེ་ཕྱི་ལོ་༢༠༡༥ ལོར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐབས། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཀེ་ལོ་མི་ཊར་བདུན་གྱིས་ཆོད་པའི་མེག་ལོར་གྷན་ཇི་དང་དྷ་རམ་ས་ལའི་བར་དུ་མཐུད་ཚད་ལ་ཨིན་ཅི་དགུ་ཡོད་པའི་ཨར་འདམ་གྱི་གཞུང་ལམ་ཞིག་གསར་བསྐྲུན་བྱས་ཤིང་། གཞུང་ལམ་གྱི་མིང་ལ་པོ་ཏ་ལ་ཞེས་བཏགས། (པོ་ཏ་ལ་ཞེས་པའི་གཞུང་ལམ་དེའི་མིང་བྱང་འོག་ཏུ་ ” པོ་ཏ་ལ་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གནས་རི་རྩ་ཆེན་ཞིག་གི་མིང་ཡིན་ལ། དེའི་དོན་ནི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་ཞེས་པའི་དོན་ཡིན” ཚུལ་ཨིན་ཡིག་ཐོག་འགྲེལ་བཤད་ཟུར་འགོད་བྱས་ཡོད།)
དཔལ་ལྡན་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་གིས་ས་གནས་གང་སར་རང་གི་བྱས་རྗེས་ཀྱི་གྲས་སུ་མ་ཎི་བགྲང་བགྲང་བྱེད་པ་གཅིག་ནི་པོ་ཏ་ལ་གཞུང་ལམ་འདི་ཡིན། ཁོང་གིས་གསུང་ཚུལ་ལ་གཞིགས་ན། ཉིན་ཞིག་ལྷ་སའི་ཨ་ཅག་ལགས་ཤིག་ཁོང་སར་ཡོང་སྟེ། དྷ་ས་ནས་མེག་ལོར་བར་གྱི་གཞུང་ལམ་ལེགས་པོ་མེད་པའི་ཐོག་༧གོང་ས་མཆོག་ཕེབས་དགོས་པ་དེ་ཡིད་ཕམ་དགོས་པ་ཞིག་ཡིན་ཚུལ་བརྗོད་པ་ལ་བརྟེན་ནས། བསམ་ཚུལ་དེ་གལ་ཆེན་དོན་ཆེན་ལ་བརྩིས་ནས་གཞུང་ལམ་འདི་ཆེད་དུ་བསྐྲུན་པར་འབད་པ་བྱས་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་ཞིག་བྱུང་བ་ཡིན་ཚུལ་དང་།
ཡང་གཞུང་ལམ་འདིར་མིང་འདོགས་སྟངས་ཐད་ཁོང་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་ཅིག་ལ་ཀུ་རེའི་ཚུལ་དུ་གཞུང་ལམ་འདིའི་མིང་ལ་ལོ་རྒྱུས་ཀྱི་རིང་བཞིན་ལྡན་པའི་བོད་མིང་ཞིག་འདོགས་དགོས་ཚུལ་ཞུས་སྐབས། ཚང་མས་ཡོང་གི་མ་རེད་ཟེར་བས། ངས་ཆེད་དུ་ཡོང་ཐབས་བྱས་པ་ཞིག་ཡིན་ལ། མིང་དེ་འདོགས་པར་ཆོག་མཆན་རག་སྟངས་ཐད་ཧི་མ་ཅལ་མངའ་སྡེའི་བློན་ཆེན་དང་ཧི་མ་ཅལ་ཡུལ་སྐོར་ལྗོངས་རྒྱུའི་བློན་ཆེན་སོགས་འབྲེལ་ཡོད་ཁག་ཅིག་ལ་བྱིས་པར་མགོ་སྐོར་གཏོང་བ་ལྟ་བུའི་སྲིད་དོན་རྩེད་མོ་ཆུང་ཆུང་ཞིག་བརྩིས་ཏེ་རྒྱལ་བར་བྱས་ནས་གྲུབ་འབྲས་སོན་པ་ཡིན་ཚུལ་སོགས་སུ་ལ་བཤད་ཀྱང་ཡིད་མི་ཆེས་པ་དང་སྔ་བར་ཕྱི་གསུམ་ལ་འདང་མི་རྒྱག་པའི་གླེན་པ་ཞིག་གི་བྱ་སྤྱོད་ལྷང་ལ་ཕུད་ཡོད།
པོ་ཏ་ལ་གཞུང་ལམ་དུ་འབོད་པའི་གནད་དོན་འདིའི་ཐད་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་དང་ཟླ་༩ ཚེས་༤ ཉིན་བཅས་སུ་བསྟུད་མར་Wall Streat Journal ཞེས་པའི་གསར་ཤོག་སྟེང་དུས་རྒྱུན་ནེའུ་ཡོག་དུས་བབ་ཐོག་རྩོམ་ཡིག་སྤེལ་མཁན་རྩོམ་པ་པོ་ཇེ་སེ་ པ་ས་ཊ་Jesse Pesta ཟེར་བས་རྩོམ་ཡིག་གཉིས་སྤེལ་ཡོད་པ་དང་། དེའི་གནད་དོན་དང་། ནང་དོན། གླེང་སྟངས་བཅས་ཕྱོགས་གསུམ་ནས་བལྟས་ཚེ། འོས་བསྡུའི་འགྲན་རྩོད་ཁྲོད་དུ་སྲིད་སྐྱོང་རང་ཉིད་ཀྱིས་རང་ཉིད་ཀྱི་བྱས་རྗེས་བླ་ནས་བླ་རུ་བསྟོད་སྟངས་འདི། <<ལེགས་པར་བཤད་པ་ཆུའི་བསྟན་བཅོས།>> ནང་ ” སྐྱེ་བོ་ངན་པ་བཅོས་ན་ཡང་།། རྐྱེན་དང་འཕྲད་ན་རང་མཚང་སྟོན།། ” གསུངས་པ་ལྟར། དུས་རྒྱུན་ཡག་པོ་ཡོད་མདོག་གི་རྣམ་འགྱུར་ཕྱི་ལ་སྟོན་ནའང་། ཐོབ་དང་གོ་སའམ། མཚན་དང་སྙན་གྲགས་རྩོད་པའི་སྐབས་དང་འཕྲད་ཚེ་ཚད་ལས་བརྒལ་བའི་སྣང་བརྙན་གསལ་པོར་མངོན་གྱི་འདུག
Wall Streat Journal ཞེས་པའི་གསར་ཤོག་དེའི་ཐོག་དྷ་རམ་ས་ལ་ནི་དེང་སྐབས་འཛམ་གླིང་ས་ཕྱོགས་ཡུལ་གྲུ་ཀུན་ནས་སྤྲོ་འཆམ་པ་དང་གནས་སྐོར་བ་སོགས་ཧ་ཅང་མང་པོ་འདུ་འཛོམས་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ནའང་། དེར་གཞུང་ལམ་གྱི་མཐུན་རྐྱེན་དང་འགྲིམ་འགྲུལ་གྱི་ལམ་ལུགས་ཚགས་ཚུད་མེད་སྟབས། ༧གོང་ས་མཆོག་བཞུགས་གནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་བྷག་སུ་རྦབ་ཆུ་ཡོད་སའི་བར་དུའང་ཆུ་ཚོད་མང་པོ་འགོར་དགོས་པའི་གནད་དོན་གླེང་ཡོད་ལ།
གཞན་ཡང་གསར་ཤོག་དེའི་ནང་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་ལྗོངས་རྒྱུའི་འགན་འཁུར་བ་སྐུ་ཞབས་ཝི་ཇེ སེན་ མན་ཀོ་ཤི་ཡ་ Vijay Singh Mankotia མཆོག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་སྐབས་ཀྱི་གནས་ཚུལ་ནང་། ཁོང་༧གོང་ས་མཆོག་གི་གམ་དུ་བཅར་ནས་གླེང་མོལ་གནང་བ་དང་བསྟུན་གཞུང་ལམ་གྱི་གནས་སྟངས་ཞན་པོ་ཡོད་པར་དགོངས་སེལ་ཞུས་སྐབས། ༧གོང་ས་མཆོག་གིས་ཁོང་ལ་དྷ་སའི་འགྲིམ་འགྲུལ་ལམ་ལུགས་ཚགས་ཚུད་མེད་པའི་གནས་ཚུལ་འཁོད་པའི་Wall Streat Journal གསར་ཤོག་ཞིག་གནང་ཚུལ་དང་། ཁོང་ལ་དེར་ལན་འདེབས་རྒྱུ་མེད་པར་གྱུར་ནས་ཕྱིས་སུ་ཧི་ཅལ་མངའ་སྡེའི་བློན་ཆེན་ལ་༧གོང་ས་མཆོག་གིས་གནང་བའི་གསར་ཤོག་དེ་བསྟན་པ་ཡིན་ཚུལ། དེ་བཞིན་ད་སྐབས་གཞུང་ལམ་དེ་བཟོ་སྐྲུན་གྱི་ལས་འགོ་དངོས་སུ་བརྩམས་ནས་༧གོང་ས་མཆོག་གི་བཞུགས་གནས་བར་སླེབས་པར་ཟླ་ངོ་གཅིག་ཙམ་ལས་འགོར་དགོས་མེད་ཚུལ་གསལ་བཤད་གནང་འདུག་པའི་འདྲེན་ཐག་འདིར་བཀོད་ཡོད་པ་བཞིན་ཡིན།
འབྲེལ་ཐག་དང་པོ། 28, July 2014
http://www.wsj.com/articles/in-home-of-dalai-lama-traffic-jams-stress-spiritually-minded-monks-1406601002
འབྲེལ་ཐག་གཉིས་པ། 4 sep 2014
http://www.wsj.com/articles/in-home-of-dalai-lama-traffic-jams-stress-spiritually-minded-monks-1406601002
སྲིད་སྐྱོང་གིས་འོས་ཤོག་ཐོབ་ཆེད་བོད་མི་འདུས་སྡོད་ཀྱི་ས་ཁུལ་གང་སར་མཐུག་ཚད་ལ་ཨིན་ཅི་དགུ་ཡོད་པའི་ཨར་འདམ་གྱི་གཞུང་ལམ་དེ་བཟོ་བར་ཁོ་རང་གིས་བསམ་བློ་འཁོར་ཚུལ་དང་། དཀའ་ལས་བརྒྱབ་ཚུལ། གྲུབ་འབྲས་བྱུང་ཚུལ་སོགས་བརྗོད་པ་དང་གོང་གི་ནང་དོན་དེ་གཉིས་བར་གནམ་དང་ས་ལྟ་བུའི་ཧེ་བག་ཤོར་འདུག་པ་འདིས་ཅི་ཞིག་མཚོན་ནམ། འདི་ནི་རང་ཉིད་ཀྱི་འགོ་ཁྲིད་རང་ཉིད་ཀྱིས་སྐོ་བའི་མང་གཙོའི་འོས་བསྡུའི་ཁྲོད་མི་མང་གིས་ངེས་པར་ཤེས་དགོས་པ་དང་དཔྱད་པ་གཏོང་དགོས་པའི་གནད་དོན་རིགས་ཆགས་ཀྱི་ཡོད།
གཞན་ཡང་བསམ་དགོས་པ་ཞིག་ནི། ཁོང་གིས་འགན་མི་འཁུར་བར་གང་སར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གཙོའི་གནད་ཡོད་མི་སྣ་ཁག་ཅིག་ལ་མགོ་བསྐོར་བཏང་སྟེ་གཞུང་ལམ་གྱི་མིང་ལ་པོ་ཏ་ལ་འདོགས་པར་ཆོག་མཆན་ཐོབ་ཐབས་བྱས་སྐོར་བརྗོད་པ་འདི། རིམ་བཞིན་ཤེས་རྟོགས་བྱུང་ཚེ་གནད་ཡོད་མི་སྣ་ཚོར་དོ་ཕོག་འབྱུང་སྲིད་ལ་མ་འོངས་པའི་འབྲེལ་ལམ་ལ་འགོག་རྐྱེན་འཕྲད་སྲིད་མོད། ཁོང་གིས་གནད་དོན་ཆེ་ཁག་ལ་བསམ་བློ་མི་གཏོང་བར། འོས་ཤོག་ཐོབ་ཐབས་ཁོ་ན་དང་སྲིད་སྐྱོང་གི་མཚན་གནས་དེ་ད་དུང་ལོ་ལྔར་རང་ཉིན་ལ་ཐོབ་ཐབས་མ་གཏོགས། བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་འཕྲད་ཕུགས་རྒྱང་གསུམ་གྱི་གནད་དོན་མང་པོ་ཞིག་ལ་བློས་དཔྱོད་མ་ཤེས་པའམ་དཔྱོད་ཀྱི་མེད་པའི་རྣམ་པ་ཇེ་གསལ་དུ་འགྲོ་བ་འདི་བློ་ཕམ་སྐྱེ་དགོས་པའི་གནས་ལས་མ་འདས་སྙམ།
ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༥ ཉིན་བྲིས།
འགྲེལ་བཤད་རིང་དྲགས་ཏེ་ཀློག་མཁན་དཀོན། གཞན་ཞིག་གིས་སྙིང་བརྡུས་ཤིག་འབྲི་མཁན་ཡོད་ན་དགའ་བ་ལ།
སྲིད་སྐྱོང་གི་རྫུན་གྱིས་འཁོར་ལོ་བསྐོར། མི་མང་ཀླད་མེད་འགའ་དེའི་རྗེས་སུ་རྒྱུགས།
ཁུངས་ལུང་ཡོད་པའི་རྩོམ་ཡིག་ལ། ནམ་ཡང་དགའ་བསུ་ཡོད། ད་ང་ཚོའི་སྲིད་སྐྱོང་གིས། རྫུན་གཅིག་རྗེས་གཉིས་མཐུད་བཤད་ནས། མི་མང་མགོ་སྐོར་ཙང་། ཐ་ན་བཀའ་བློན་ལས་རོགས་ཀྱང་། མ་བཟོད་པར་དགོངས་ཞུ་བྱ་དགོས་པ་བྱུང་སོང་། སེང་གེའི་བཀའ་ཤག་དེ་དེང་སང་། ཁྱད་མཚར་གཅིག་ཆགས་ཡོང་གི་འདུག་ཀ གསར་འགོད་གསལ་བསྒྲགས་བྱེད་སྐབས། འགྲོ་ལུགས་ལྟར། ཕྱི་དྲིལ་ལས་ཁུངས་རྒྱུད་ནས་མ་ཕྱིན་པར། སྒེར་དྲུང་སྦལ་བ་སྐལ་བཟང་རྒྱལ་མཚན་རྒྱུད་ནས་བྱེད་ཀྱི་ཡོད་ཙང་། དེང་སང་གི་བཀའ་ཤག་དེ་སེང་གེའི་ཁྱིམ་ཚང་ཆགས་གྲབས་འདུག་ཀ ཨ་ཁ ད་རྐུབ་བཀྱག་ནས་མར་ཕབ་ན། དེ་བས་ལེགས་པ་ཅི་ཡོད།
སྲིད་སྐྱོང་བློ་བཟང་སེང་གེ་ལ་མཚོན་ན། ལོ་བཞི་དང་ཕྱེད་ཀའི་རིང་གི་གྲུབ་འབྲས་ཆེ་ཤོས་ལྷིང་འཇགས་ཡིན་ཞེས་ག་ཚད་ལབ་ནའང་། མང་ཚོགས་ཀྱིས་གྲུབ་འབྲས་ཤིག་ལ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། དེ་ནས་ཐབས་ཤེས་གཞན་ཞིག་རྙེད་པ་ནི། པོ་ཏ་ལ་གཞུང་ལམ་ཁོ་རང་གི་བྱས་རྗེས་ཡིན་ལབ་པ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་ཁོ་རང་གི་གསར་བཏོད་ཡིན་ལབ་པ་སོགས་རེད། དདགོང་མོར། དྲ་ཚིགས་དང་སྐད་འཕྲིན་སོགས་ཀྱི་སྒོ་བརྒྱབ་ནས། དཔེ་ཀློག་་ཚོས་ཀྱང་ཁུངས་འཁྱོལ་མ་སོང་། རྫུན་བཤད་ནས་མང་ཚོགས་ལ་མགོ་སྐོར་གཏོང་སྟངས་འདི། ཁོ་རང་གིས་ཁོ་རང་ལ་མནར་གཅོད་གཏོང་སྟངས་ཤིག་རེད། ཨ་ཁ་རང་རེད།
ད་འོས་བསྡུ་སླེབས་ལ་ཉེ་བས་མང་པོ་དཀྲུགས་མ་དོད་བདེན་དཔང་ཡོད་ན་ཁྲིམས་ལ་གཏུག་དང་ཕོ་ཁྱོ་ག་རེད་དེ་མིང་རྫུན་འོག་ཏུ་ཇི་ཙམ་སྨྱོ་ལབ་རྒྱབ་ཀྱང་ཕན་ལེ་མ་རེད་དོ་།
པོ་ཏཱ་ལ་གཞུང་ལམ་སྐོར་ནས་སྲིད་སྐྱོང་གིས་ཁུངས་འཁྱོལ་བ་ཞིག་བཤད་ཡོད་བསམ་བསྡད་ཡོད་དེ། ད་ནི་དེ་ཡང་ཁུངས་འཁྱོལ་མ་སོང་། ད་ནི་བཤད་ཁག་པོ་འདྲ་ཞིག་རེས། སྲིད་སྐྱོང་གིས་རང་གི་གྲུབ་འབྲས་སུ་བསྒྲགས་པ་དེ་ཚོས་ཉི་མ་ཁ་ཤས་ལས་ཁུངས་འཁྱོལ་གྱི་མི་འདུག སུ་ཞིག་དགའ་ན་འདྲ། མ་དགའ་ན་འདྲ། སྲིད་སྐྱོང་གིས་ལོ་བཞིའི་ནང་གྲུབ་འབྲས་གང་ཐོན་ཡོད་པ་སྲིད་སྐྱོང་རང་གིས་ཀྱང་ཤེས་ཀྱི་མེད་པ་འདྲ།
གང་ལྟར་ཡང་། བློ་སེང་སྐབས་ལ་པོ་ཏ་ལའི་ལམ་ཆེན་བཟོས་པ་ནི། སྲིད་སྐྱོང་བློ་སེང་གིས། དབང་ཐང་རེད། དེ་ལ་ཡང་དགའ་བསུ་ཞུ་འོས་སོ།།
གཞུང་ལམ་འདི་སུ་ཞིག་གིས་བཟོ་ཡང་ཆོག་འདི་ལ་རྩོད་རྒྱག་དགོས་དོན་མེད་ཁུ་ལམ་འདི་ང་ཚོ་ལ་ཁ་ཚ་དགོས་གཏུགས་རང་རེད་འདུག
སྲིན་པོ་རྫ་རྒན་ལགས་ཀྱིས་སྐྱིད་པོ་འདྲ་བཤད་འདུག ཧ་ཧ་ཧ། གནས་ཚུལ་དངོས་གང་ཡིན་ཁུངས་བདེན་དང་བཅས་ཏེ་བཏང་བ་ནི། ཡག་པོ་རེད། ཡག་ཉེས་གང་ཡིན་རུང་གོ་སྟེ་ཤེས་ན་བཟང་ས་མང་གི།