ཡར་ཆབ་སྔོན་མོ།
དུས་རབས་བདུན་པར་བོད་རྗེ་སྲོང་བཙན་གྱི།།
གྲགས་པའི་བཙུན་མོ་བལ་བཟའ་ཁྲི་བཙུན་དེས།
བཟོ་བོ་མཁས་པ་དུ་མར་བཀའ་ཕབ་ནས།།
བཞེངས་པའི་ཕོ་བྲང་དམར་པོ་པོ་ཏ་ལ།།
དེ་ནས་བོད་ཀྱི་རྒྱལ་པོའི་མངའ་ཐང་ནི།།
མཐོ་བ་སྔོ་བསངས་གནམ་གྱི་ཉི་ཟླ་དང་།།
དམའ་བ་ས་གཞིའི་ངོས་ཀྱི་རྒྱ་མཚོ་བཞིན།།
ཕྱོགས་བཞིར་བཀྱེད་ཅིང་སྙན་པའི་གྲགས་པ་འབར།།
གཟི་བརྗིད་དཔལ་གྱིས་མཛེས་པའི་ཕ་མཁར་དེས།།
ད་ལྟའི་དུས་སུ་སྔོན་བྱོན་བཙན་པོ་ཡི།།
བླ་མེད་སྙིང་སྟོབས་གོ་ཆ་བརྟན་པ་དང་།།
གངས་ལྗོངས་ཡུལ་གྱི་རིན་ཆེན་ནོར་བུ་མཚོན།།
མེས་པོས་བཞག་པའི་འགྲན་བྲལ་དངོས་པོ་ནི།།
ངོམས་སུ་ཆོག་པའི་གྲུ་འཛིན་དམར་པོ་དང་།།
ས་ཡ་དྲུག་གི་སྙིང་ཁོང་རུས་པའི་གཏིང་།།
ནམ་ཡང་ཟུབ་མེད་རང་རེའི་སྐད་ཡིག་ཉིད།།
དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་ནས།།
ཕེབས་པའི་སྐུ་མགྲོན་འཚང་ཁ་ཤིག་ཤིག་གིས།།
སྔོན་མའི་བོད་ཀྱི་རིག་གནས་ཤུལ་བཞག་དེར།།
ཀུན་གྱིས་བསྔགས་ཅིང་བསྟོད་པའི་མེ་ཏོག་གཏོར།།
གཟི་བརྗིད་སྟོང་གིས་བརྒྱན་པའི་ཕོ་བྲང་དེ།།
བཟོ་བཀོད་ཕུན་སུམ་ཚོགས་ཤིང་འགྱིང་ངེར་གནས།།
མི་ཡི་དབང་པོ་སྲོང་བཙན་བཞུགས་པའི་རྗེས།།
རིམ་པས་བོད་རྗེ་རྣམ་པའི་གནས་ཀྱི་གཙོ།།
མི་འཇིགས་སེང་གེ་གནམ་མཆོངས་འདྲ་བ་ཡི།།
བརྗིད་ཆགས་ཕོ་བྲང་དམར་པོ་གངས་ཅན་རྒྱན།།
བྷོ་ཊའི་ལྗོངས་ཀྱི་དཔའ་བོ་དཔའ་མོ་ཡི།།
མགྲིན་པ་གཟེངས་སུ་བཏེགས་པའི་དཔའ་ངར་མཚོན།།
རྒྱང་ནས་བལྟས་ན་མིག་ལ་མཆི་ཞག་འཁོར།།
ཉེ་ནས་མཐོང་ན་སྙིང་ལ་ན་ཟུག་སྟེར།།
རྒྱལ་བའི་བཞུགས་གནས་ཕོ་བྲང་དམར་པོ་དེ།།
བོད་མི་ས་ཡ་དྲུག་གི་སྲོག་རྩ་ཡིན།།
དེ་རིང་རྒྱང་རིང་ས་མཐར་གནས་པ་ཡི།།
ཤེས་རྨོངས་བདག་གི་སྣང་བའི་ཡུལ་ལམ་ན།།
འཆར་བའི་ཕོ་བྲང་དམར་པོའི་མཛེས་ཉམས་དེ།།
སྒྲོ་འདོགས་མེད་པར་ཇི་བཞིན་འབྲི་བར་ཐལ།།
༢༠༡༣།༦།༡ དགེའོ།
བཙུན་མོ་བལ་བཟའ་ཁྲི་བཙུན་དེས།
བཟོ་བོ་མཁས་པ་དུ་མར་བཀའ་ཕབ་ནས།།
བཞེངས་པའི་ཕོ་བྲང་དམར་པོ་པོ་ཏ་ལ།།
་་་་་་་་་་་་་་་་་་་ལོ་རྒྱུས་སྨྲ་བ་རང་རེད་འདུག