ཨེ་ཝྃ་རིག་པ།
པོ་ཏ་ལ་ཁྱེད་ནི་འཛམ་གླིང་གི་མཛེས་རྒྱན་ཡིན་ལ། ལོ་རྒྱུས་ཀྱི་རྡོ་རིང་ཡིན། པོ་ཏ་ལ་ཁྱེད་ནི་མེས་པོ་ཡི་ཕ་མཁར་ཡིན་ལ། ཤུལ་བཞག་གི་ནོར་བུ་ཡང་ཡིན། པོ་ཏ་ལ་ཁྱེད་ནི་རང་བྱུང་གི་ཕོ་བྲང་ཡིན་ལ། གངས་ཅན་པའི་དད་རྟེན་ཡིན། ཀྱེ་མ་དེང་དུས་ཅི་ཡང་མི་ཤེས་པའི་མི་བུ་འགའ་རེས། ཕོ་བྲང་པོ་ཏ་ལའི་འདྲ་པར་ལྷམ་གྱི་ཕྱི་འགྲམ་བྱས་ན། གནས་ལུགས་དང་མཐུན་ནམ། གདོང་དམར་བའི་དད་རྟེན་ཕོ་བྲང་དཀར་དམར་འདི། གཞན་གྱི་ཁང་བརྩེགས་མཐོན་པོ་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད། དང་པོ་ཕོ་བྲང་གི་ཆེ་བ། དེང་དུས་རྫས་བཟོ་ཨར་འདམ་ལས་གྲུབ་པ་མ་ཡིན་ལ།རྫས་འགྱུར་གྱིས་མ་སླད་པའི་རང་བྱུང་གི་ས་རྡོ་ལས་གྲུབ་པ་ཡིན།
གཉིས་པ་བཞེངས་མཁན་གྱི་ཆེ་བ། མ་རིག་ཉོན་མོངས་བྲན་གཡོག་ཏུ་ཚུད་པའི་རྒྱ་རྒན་དུད་འཐེན་འགའ་ཞིག་གིས་སྡུག་སྩོལ་དང་གཏན་ནས་མི་འདྲ་ལ། སྤྲུལ་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་བཅས་བྱང་སེམས་མི་ཡི་རྣམ་རོལ་གྱིས་སྩོལ་མེད་དུ་བཞེངས་པའི་སྤྲུལ་བའི་ལྷ་ཁང་ཡིན།
གསུམ་པ། བྱིན་རླབས་ཀྱི་ཆེ་བ་ཡང་མི་འདྲ་ལ། དེང་དུས་རྒྱ་ཡུལ་གྱི་ཁང་བརྩེགས་ཚོ། ཕྱི་རྫིགས་ནང་སྟོང་ལས། ཐ་ན་ནང་ཆོས་ཡིག་འབྲུ་གཅིག་ཀྱང་ཕལ་ཆེར་མེད་པ་ཡིན་ན། ཕོ་བྲང་པོ་ཏ་ལའི་ནང་རྟེན་འདི་ལ་བསམ་ན་སྐུ་གསུང་ཐུགས་རྟེན་བསམ་མི་ཁྱབ་པའི་ཁྱད་ཆོས་ལ་སོམ་དང་། དུག་ལྔ་དུག་གསུམ་གྱི་བྲན་གཡོག་ཏུ་གྱུར་པའི་སོ་སྐྱེ་ཐ་མལ་པ་འགའ་ཞིག་གི་རྡོག་ཞབས་སུ་འགྲེམ་སྤེལ་བྱས་པ་འདི་ནི། དད་ལྡན་མི་རིགས་ཤིག་གི་ཆོས་ལུགས་ལ་རྡོག་རྫིས་བྱས་པ་ཡིན་ནམ། ཡང་ན་ཆོས་ལུགས་ལ་དགག་པ་རྒྱབ་པ་ཡིན་ནམ།
ཤར་མར་བྲིས་པ་ཡིན་པས་ཡིག་ནོར་ཡོད་ན་དགོངས་དག ཨེ་ཝྃ་རིག་པ་གང་དེས་བྲིས་པའོ།།
བསྟན་དྲ་རྒྱ་དམར་རྒྱ་འདྲེ་འདི་མཚོ་བློ་ཁོག་ཡོད་ན་ཁ་ཆེའི་རྩ་ཆེ་ལྷ་ཁང་ཞིག་དེ་འདྲ་བཟོ་དང་ཧ་གོ་གི་རེད་།
ད་ཡིན་ན་་་པོ་ཏ་ལ་རྟགས་ཅན་གྱི་ལྷམ་ཞིག་ཉོ་དགོས་འདུག་་་་
བོད་ཀྱི་མི་དང་རིག་གཞུང་གང་ཐད་ནས་་བརྙས་བཅོས་བྱེད་རྒྱུ་མང་དྲག་འདུག རྒྱུ་མཚན་ནི་ང་ཚོས་ནམ་ཡང་རྒོལ་ལན་གནད་དུ་སོང་པ་ཞིག་ལོ་ངོ་ལྔ་བཅུའི་རིང་སྤྲད་ཐུབ་མེད་པས་རྐྱེན་རེད།
ཡག་པོ་རེད་པོ་ཏལ་སྤྲུལ་པའི་ལྷ་ཁང་ཡིན་པ་དེ་སྨོང་དད་ཆེ་དྲག་པས་རེད་། ༡༩༥༩ ལོ་རྒྱ་རོའི་མེ་རྒྱོག་རྒྱབ་དུས་སྤྲུལ་པ་བསྟན་ཡག་ཡོད་མ་རེད། ༡༩༥༩ ལོའི་བོད་མིའི་སྨོང་དད་ལ་རྒྱ་མི་ཀླ་ལོ་བོདལ་་ཡོང་ཐབས་མེད་། གང་ཡིན་ཟེར་ན་བོད་ནི་སྦས་ལུང་སྤྱན་རས་གཟིགས་ཀྱི་ཞིང་ཁམས་དངོས་དང་། ལྷ་མོ་དང་ གནས་ཆུང་ མགོན་པོ་ ཆོས་རྒྱལ་སོགས་སྲུང་་མ་མཐུ་རྩལ་ཅན་ཚོས་གནས་ནས་ཕྱིར་ཕུད་གཏང་ངེས་རེད་བསམ་ནས་སྡད་པ་རེད། ཐ་ན་ག་འདྲ་ཞིག་བྱུང་སོང་རྒྱ་རོ་གནས་དབྱུང་གཏང་ཡག་ཕར་ཞོག་སྤྱན་རས་གཟིགས་བོད་ནས་གནས་དབྱུང་གཏང་བ་རེད། པོ་ཏ་ལ་བཟོ་སྐྲུན་ངོ་མཚར་ཅན་དང་བོད་མི་དམངས་ཀྱི་ཁྲག་དང་དངུལ་ཆུའི་བསགས་པའི་ནོར་རྫས་བླ་ན་མེད་ཞིག་རེད། ནང་རྟེན་ལ་ཡང་འཛམ་གླིང་མཛེས་རྒྱན་གྱི་སྐུ་གསུང་ཐུགས་རྟེདན་དང་། མི་མདའ་དང་མདའ་རྫས་། དེ་ག་ནང་བཞིན་རྒྱལ་པོ་རྭ་སྒྲེང་སོགས་བོད་མི་མང་པོ་དམར་གསོད་གཏང་ས་ཡང་རེད། ཅིག་བྱེད་ན་རྒྱལ་བ་གོང་མ་འགའ་ཤས་དུག་དཀྲོང་ས་ཡང་རེད་ལབ་ཆོག།
ཤར་པའི་རྨོངས་དད་དེ་མི་བདེན་རྒྱུ་མི་འདུག རྒྱ་མི་ལས་བོད་ཀྱི་པོ་ཏ་ལ་མིན་པར་ཤེས་དགོས་ས་རེད། སྤྱན་རས་གཟིགས་བྲོས་ཡོང་ས་དེ་རེད། མའོ་ཙེ་ཏང་འདུག་འདུག་ས་རེད། ཧ ཧ ཧ ད་བཤད་ཤེས་མ་སོང་།། དཔར་ཙམ་ལྷམ་བཟོས་ན་ལྟ་ཅི་མེད་ན་ཡག་ས་རེད་བཤད་ཀི་ཡོད་དམ།
ལྷམ་ངོར་སྦྱར་པའི་པོ་ཏ་ལ་དང་དེ་ལས་འཕྲོས་པ། གོང་གི་པར་རིས་དེ་དག་དྲ་ལམ་ཁག་ཏུ་ཁྱབ་རྗེས། དེ་ལས་འཕྲོས་པའི་བསམ་ཚུལ་དང་མྱོང་བ་གླེང་མཁན་མང་ཚད་ཅིག་བྱུང་ཞིང་། བརྒྱ་ལ། འདི་ཡིས་ཅི་ཡང་མི་མཚོན་རབས་དང་འདི་ནི་ཅི་ཡང་མིན་ཚུལ་སྐོར་གྱི་གཏམ་གྱི་ཤྭ་མོ་མང་དུ་བརྡོལ་ཡོང་། རེད་མོད། ང་ནས་དེ་ལྟར་མི་འདོད་ཀྱང་ལྷག་ཏུ་འདི་ནི་མི་རིགས་རིག་གཞུང་དང་རིན་ཐང་ལྟ་ཚུལ་ལ་ཁྱད་གསོད་དང་མཐོང་ཆུང་བྱས་པའི་བདེན་རྟགས་ཤ་སྟག་ཅིག་ཏུ་གྲུབ་འདུག་སྙམ།
ཐོག་མར་ང་ཚོས་འདི་ལྟར་ཕྱོགས་གཉིས་ཀྱི་སྒོ་ནས་བསམ་གཞིག་བྱེད་པར་རིགས་ཏེ། གཅིག་ནི་གོང་གི་ལྷམ་རིགས་དེ་དག་གི་ངོས་སུ༼་པོ་ཏ་ལ༽འི་པར་རིས་ཤིག་སྦྱོར་དོན་༼པོ་ཏ་ལ་༽ཁྱབ་གདལ་ལམ་ཕྱོགས་སོ་སོར་བཀྲམས་འདོད་ཀྱི་ཡ་རབས་བཟང་བོའི་བློ་ཞིག་ཡིན་ནམ། གཉིས་ན་མི་ལོ་སྟོང་ཕྲག་ལྷག་ལ་ལོ་རྒྱུས་ཀྱི་ཆུ་ཀླུང་ཁྲོད་གཏན་ཚུགས་ཀྱིས་འགྲེང་ཞིང་འུ་ཚང་གི་མི་རབས་དཔའ་བོས་སྤོབས་སེམས་ཀྱིས་བཀྱགས་པའི་ཕོ་བྲང་གང་དེར་མ་རབས་བསམ་ནག་གི་སྦྱོར་བ་བརྩམས་པ་རེད། ཞིབ་ཏུ་བསམ་ཚེ། ལྷམ་ངོར་པོ་ཏ་ལ་སྦྱར་བའི་དགོས་པའམ་དམིགས་ས་འདི་གཉིས་ལས་འགོངས་མི་འདུག་ལ། འདི་གཉིས་གང་དུ་ཡང་མི་གཏོགས་པ་ཞིག་ལར་ནས་མ་རེད་འདོད། གལ་ཏེ། གོང་གི་དེ་བཞིན་ཡ་རབས་བཟང་བོའི་བློ་ཞིག་རེད་ཟེར་ན། ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་སྲིད་ན་འགྲན་ཟླ་བྲལ་བའི་ལོ་རྒྱུས་དཔང་རྟགས་དང་མི་རིགས་ཤིག་གི་མཚོན་བྱེད། གྲགས་པའི་རྒྱལ་མཚན་རླུང་ལྟར་གཡུགས་ཤིང་མེ་ལྟར་འབར་བའི་དབང་གིས། དེ་ནི་མི་ཡི་ལྷམ་ངོར་སྦྱར་ཏེ་སོ་སོར་བཀྲམས་པའི་དགོས་པ་ཡེ་ནས་མེད་ཀི་འདོད། ཡང་ན་རྗེས་ཀྱི་དེ་བཞིན་མ་རབས་བསམ་ནག་གི་སྦྱོར་བ་བརྩམས་ཏེ། མི་རིགས་རིག་གནས་དང་རིན་ཐང་ལྟ་ཚུལ་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་རྟགས་རེད་ཟེར་ན། དེ་ནི་བདེན་པར་སེམས་ཏེ། སྔོན་ཆད་ཀྱང་འུ་ཚང་བོད་ཀྱི་ཐང་ཀ་དང་ལྷའི་སྐུ་བརྙན་སོགས་ལྷམ་དང་སྨད་གཡོག་སོགས་སུ་གཙགས་ཏེ་འུ་ཚང་ལ་གཞི་ནས་དམའ་འབེབས་བྱེད་པའི་རྣམ་འགྱུར་རམ་ཚུགས་ཀ་བསྟན་པ་མ་ཡིན་ནམ། འདི་ཡང་དེ་ལས་འདས་པའི་ཡ་རབས་ཤིག་ཏུ་ཕྱོགས་འདུག་ཟེར་ན་ཁོ་བོ་ཡེ་ནས་ཡིད་ཆེས་མེད།
འོ་སྐོལ་བོད་རིགས་ཤིག་གི་ངོས་ནས་བཤད་ན། པོ་ཏ་ལ་ནི་བླ་སྲོག་གི་གདངས་དབྱངས་སམ་རྟག་བརྟན་གྱི་ཚེ་འབར་ཞིག་ལྟར་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་བློ་ཁོག་ནས་གཟིམས་མ་མྱོང་ལ། པོ་ཏ་ལ་ཟེར་དུས་སུ་ལ་འང་གནོན་དུ་མེད་པའི་ང་རྒྱལ་སྐྱེ་ཞིང་གཞན་ལ་ངོམ་སོར་རུང་བ་ཞིག་ཡིན་སྟབས། ད་ཐེངས་པོ་ཏ་ལ་ལྷམ་ངོར་སྦྱར་ཡོད་པ་དེས་བོད་རིགས་སོ་སོའི་ཁོག་ལ་བཟོད་མེད་ཀྱི་ཁོང་ཁྲོ་དང་ན་ཟུག་སྦྱིན་ཡོད་ཅིང་དེ་ནི་སྦྱིན་སྲིད་པ་ཞིག་ཀྱང་ཡིན་འདོད་དེ། མི་རིགས་སོ་སོར་རང་མཚན་པའི་མཛེས་རྟོག་ལྟ་ཚུལ་དང་གཤིས་སྤྱོད་གོམས་ལུགས་ཡོད་པ་བཞིན། འུ་ཚང་གིས༼རྐང་མགོའི་ལྷམ༽ལྟ་བུ་ནི་མ་རུངས་བའམ་ཐན་ལྟས་ཤིག་ཏུ་རྩི་ཞིང་༼མགོར་རྐང་བ་བཞག༽ལྟ་བུ་སོགས་འོས་མིན་དང་མཐོང་ཆུང་ཁོ་ནར་རྩི་བ་རེད། དེ་བས་འུ་ཅག་གི་དད་པའི་གཙུག་ན་འབར་ཞིང་སེམས་ཀྱི་མཐོངས་སུ་འདྲེས་པའི་ཕོ་བྲང༼པོ་ཏ་ལ༽མ་རུངས་རྐང་མགོའི་ལྷམ་ངོར་སྦྱར་ཚེ་སུ་ཞིག་འཐད་དམ།
ཡང་མང་ཤོས་ཀྱིས༼ཤོག་སྒོར༽ལྟ་བུ་དཔེར་བཞག་སྟེ། ལྷམ་ལས་ཤོག་སྒོར་མི་གཙང་རབས་དང་ཤོག་སྒོར་ངོར་ཡང༼པོ་ཏ་ལ་དང་བོད་ཡིག༽བཞག་འདུག་པས།དེ་ཡང་མ་རུངས་བ་ཞིག་ཏུ་འཛིན་ནམ་ཞེས་གནས་ལུགས་ཡོད་མདོག་སྟོན་མོད་ཀྱི། ༼ཤོག་སྒོར༽ལྟ་བུ་ཆབ་སྲིད་ཀྱི་དགོས་མཁོ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ནར་དམིགས་སྟབས། དེ་ལ་མཐོང་ཆུང་གི་ཞད་ཅུང་ཙམ་ཡང་མེད་ལ། དེ་ཡོད་ཟེར་ན་༼ཤོག་སྒོར༽ངོས་སུ་རྒྱ་ནག་གི་རླབས་ཆེན་གཙོ་འཛིན་ཁོང་གི་སྐུ་བརྙན་ཡང་ཆེས་ཆེར་བཞག་ཡོད་པ་མ་ཡིན་ནམ། དེ་བས་གཏམ་གླེང་འདི་འདྲ་ར་མགོ་ལུག་སྦྱོར་གྱི་གླེན་རྟགས་ཤིག་ཏུ་ སོང་མི་འདུག་གམ།
ཁོ་བོས་འདི་ལྟར་འདོད་དེ། ༼པོ་ཏ་ལ༽ལྷམ་ངོར་སྦྱར་བ་ནི་མཐོང་ཆུང་ངན་དམོད་ཀྱི་སྐྱོན་ཁོ་ན་ཞིག་ཏུ་འདོད་ཅིང་། བོད་པ་རེ་རེའི་ཡ་ཆུང་གངས་དཀར་ངོས་སུ་ན་ཟུག་གི་ཁབ་གཙགས་རེ་རེ་བྱས་པ་དང་གཉིས་སུ་མེད་པས། འུ་ཚོས་མཐའ་གཅིག་ཏུ་རིག་གནས་ཁྱད་གསོད་བྱེད་པའི་སྦྱོར་བ་འདིར་རྒོལ་བ་བྱ་དགོས་སོ།།
༢༠༡༤ལོའི་ཟླ༣པའི་ཚེས༩ཉིན་རྒྱ་ནག་གི་གྲོང་ཁྱེར་ཤང་ཡང་ནས།
སྤུན་ཟླ་ཡོངས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་གུས་པ་བདག་ནི་བརྡ་སྤྲོེད་སྙན་ངག་སོགས་ལ་མི་མཁས་ནའང་ཕན་ཚུན་བསམ་ཚུལ་བརྗེ་ལེན་ལ་སྤྲོ་བས་ན་འདི་ལྟའི་གོ་སྐབས་ལ་སྤྲོ་བས་འཇུག།