ཟླ་བ་གཞོན་ནུ།
བརྩེ་བ་འདི་ཟིལ་བ་བཞིན།།
རྩ་ལོ་ལ་འཁྲིལ་ནས་སྡོད།།
ཟིལ་བ་འདི་བརྩེ་བ་བཞིན།།
རྩེ་མོ་ནས་ཟག་ལ་ཁད།།
—
ཟླ་འོད་བསིལ་བསིལ་འབབ་པའི་དུས།།
སྐར་ཚོགས་ཆེམ་ཆེམ་འཕྲོ་བའི་ཚེ།།
ཐག་མི་རིང་བའི་ཐག་རིང་ནས།།
ཁྱེད་ཉིད་བདག་གི་སྙིང་ལ་སིམས།།
—
ཁྱེད་ཀྱི་འཛུམ་མདངས་མི་མངའ་བའི།།
རྒྱལ་སྲིད་འདི་ཡིས་ཅི་ཞིག་བྱ།།
ཁྱེད་ཀྱི་འདུག་རོགས་མ་ཡོད་པའི།།
རྒྱལ་ཁྲི་འདི་ལ་སྙིང་བོ་ཅི།།
—
འཇམ་མཉེན་གེ་སར་ཆར་གྱིས་སྦང་བ་སྦྲང་མའི་ཁྲོད་ཀྱི་པད་མ་འདར།།
རྒུམ་ཆང་དམར་མོའི་སྙིང་གཏམ་ལུད་པས་སེ་ན་གཙང་བོའི་རླབས་རིས་འགུལ།།
དུང་བའི་ངོགས་ན་དབེན་པས་གཅུད་པ་གྲོང་ཁྱེར་ཁང་བརྩེགས་སྨྲེང་བས་གཡོས།།
འཛུམ་གྱིས་བཞད་པའི་རྟག་བརྟན་མེ་ཏོག་གདུང་བ་འདེད་ཁྱོད་ལྷོད་ཀྱིས་མནོས།།
—
ཨ་ལ་ལ། སྙན་རྩོམ་འདིའི་བྲོ་བ་རྒུན་ཆང་དང་འདྲ། ཕ་རྒན་བདག་ནི་ར་རོས་པར་གྱུར།
མཛའ་མོ་ཡིས་རྨུ་ཞག་འཕེན་ནས་བརྩེ་དུང་དེ་འཆི་བདག་གིས་ཟིན་ཐལ། སྣུམ་བཞག་མེད་པའི་ལུས་སེམས་རྟེན་འདིར་གནས་ཀྱང་། གཤོག་ཟུང་མེད་པའི་བྱེའུ་ཐང་དུ་ལྷུང་འདྲ། འཆི་ལ་འཇིགས་པ་རྫོགས་ཀྱིན་རེ་སྟོང་ཟད་པའི་རྐང་ལམ་ཁྲོད་ནས་རྒྱང་རིང་ནུབ་ལ་མིག་གིས་ཅེར།