བར་ཞི་ཕུན་ཚོགས།
ཆུང་འདྲིས་བྱམས་པ་མི་རེད།
མི་དེའི་མཛེས་གཟུགས་ཤིང་རེད།
ཤིང་བརྐོས་མཁས་པ་ཡོད་ན།
རི་མོ་སྣ་ཚོགས་བརྐོ་ཆོག
ཕོ་གཞོན་དར་མ་རྟ་རེད།
རྟ་མཆོག་རྒྱུག་ཡུལ་ཐང་རེད།
ཐང་དེ་བདེ་མོ་ཡོད་ན།
གཞོན་ནུའི་ལང་ཚོ་རྩལ་རེད།
སྤྱི་ཚོགས་འཁྲུག་པོ་ཆུ་རེད།
ང་རྒྱལ་ཆེན་པོ་མར་རེད།
བརྩེ་ཞེན་མེ་ལྕེ་དམར་པོས།
བཞུས་ན་མར་གྱི་གྱོང་རེད།
དཔལ་འབྱོར་ཡོད་ན་མི་རེད།
སྤྲང་པོ་ཆགས་དུས་ཁྱི་རེད།
མི་ཡང་ཁྱི་རུ་བསམ་མཁན།
འདོད་རྔམས་ཅན་དེ་འདྲེ་རེད།
སྤུན་མཆེད་བརྩེ་བ་དངུལ་རེད།
མེ་ལ་བསྒྲོན་པ་མ་གནང་།
བཙོས་ནས་ཐལ་བར་གྱུར་དུས།
ངུས་པས་ཕན་པ་ཨེ་ཡོད།
ཨ་མ་བྱམས་པས་བགྲེས་སོང་།
ཨ་ཕ་བརྩེ་བས་རྒས་སོང་།
ལ་ཁའི་ཉི་མ་འདྲ་བ།
དྲིན་ཅན་ཕ་མ་གསེར་རེད།