མྱི་ལྟིག
གཅིག
མི་དེ་ཚོས་ཁྱོད་ལ་སེམས་གསོ་ཏན་ཏན་བྱེད་ངེས
དེ་ནི”ཆོས་ཉིད་ལ་ལྡོག་ཐབས་མེད”ཅེས་པ་ཡིན
སེམས་གསོ་མཁན་ཕལ་ཆེ་བར་ཕ་མ་ཡོད
ཕ་མ་མེད་པའི་མི་ཚོས་ཁྱོད་ལ་ཅི་ཡང་མི་ཤོད
འོན་ཏང ཁོ་ཚོས་ཁྱོད་ལ་མིག་ཆུ་གཏོང་རོགས་བྱེད
ཁོང་ཚོའི་རོ་ཁ་བའི་མིག་ཆུའི་ཐིགས་པ་དག་གིས
ཕ་མ་མེད་པའི་འཇིག་རྟེན་གྱི་སྡུག་བསྔལ་འགྲེལ
གཉིས།
ཆེས་ཐོག་མར་ང་ཚོ་ཁུ་བའི་ཐིག་ལེ་ཞིག་དང
ཁྲག་གི་ཐིགས་པ་ཞིག་ཡིན་ཏེ
ཨ་ཕས་ས་བོན་བཏབ་ཅིང ཨ་མས་ས་བོན་བཟུང
དུས་དེ་ནས་བཟུང་སྟེ་དར་བབས་ཀྱི་ལང་ཚོའི་འགོ་བརྩམས
དེ་དུས་ང་ཚོར་ཅི་ཡང་མེད་དེ་གཅེར་བའི་མི་ཆུང་ཆུང་ཞིག
རིམ་བཞིན་ངུ་སྐད་དང་དགོད་སྒྲ་ནས་བརྩམས་ཏེ
ཤེས་མི་དགོས་ཤིང་སྒྲུབ་མི་མཁོ་བའི་མང་དག་ཅིག་རྟོག
ང་ཚོས་ཐོག་མར་ཕ་མ་ཟུང་ངོ་ཤེས་པས
མཐའ་མར་ཡང་ཕ་མ་ཟུང་ཅི་ལ་མི་མཁོ་ཨང
གསུམ།
ང་ཚོའི་ཕ་མེས་ཡང་མེས་ཞེས་ངུ་རྐྱངས་དེ་ཙམ་མ་གནང
ང་ཚོས་འཚར་ལོངས་ཀྱི་སྐས་རིམ་ནས་མི་མང་པོ་ཞིག་རྙེད
བླ་མ དཔོན་པོ གཡོག་པོ མཛེས་མ གྲོགས་པོ
ཁོ་ཚོས་ཀྱང་ཁྱོད་ལ་ཆོས་དང་ཟང་ཟིང
འཛུམ་མདངས་དང་བསླུ་བྲིད་མང་དུ་བསྩལ་མོད
ཁྱོད་ཀྱི་དྲན་འཛིན་དང་མགྲིན་པར་འབྱར་བ་ནི
སུ་དང་གང་གིས་མཚོན་པར་མི་ནུས་པའི
ཚིག་འབྲུ་གཉིས་སམ”ཕ་མ”ཞེས་པའི་ཡིག་རྡོག་གཉིས་རེད
བཞི།
ཕ་མ་ཟུང་ནི་རྩེད་རོགས་འཆམ་པོ་ཞིག་དང་འདྲ་སྟེ
ཁྱོད་རང་ཐང་མ་ཆད་བར་དུ་རྩེད་མཚམས་མི་འཇོག
ཕ་མ་ཟུང་ནི་ཡིད་འགུག་པའི་རྩེད་ཆས་ཤིག་དང་འདྲ་སྟེ
ཁྱོད་མ་སུན་བར་དུ་ཚུར་སུན་གྱི་འདུག་མི་ཟེར
ང་ཚོས་ཕ་མ་རྟ་ལ་བྱས་ཏེ་རྒྱབ་ཏུ་བཞོན་མྱོང
ང་ཚོས་ཕ་མ་གདན་ལ་བྱས་ཏེ་སྟེང་དུ་ཉལ་མྱོང
འོན་ཏང ང་ཚོ་སུས་ཀྱང་ལྷ་རུ་བྱས་ཏེ་ཕྱག་འཚལ་མ་མྱོང
ལྔ།
ང་གངས་རི་ལ་ཧ་ཅང་དགའ
གངས་དཀར་རི་བོས་ཚ་གདུག་གི་ཉི་འོད་མ་ཐུབ
ང་མཚོ་མོ་ལ་ཧ་ཅང་དུངས
སྔོ་ལྗང་གི་མཚོ་མོས་དགུན་འཁྱག་གི་ཙག་རླུང་མ་ཐུབ
ང་ཕ་མ་ལ་ཧ་ཅང་དགའ
ཡ་མེད་ཀྱི་ཕ་མས་འཇིག་རྟེན་གྱི་ཆོས་ཉིད་མ་ཐུབ
ཆོས་ཉིད་ཅེས་པའི་གཤེད་མ་འདི་ཕུང་འདྲེ་ཞིག་རེད་ཨང
ང་ལ་ངའི་ཕ་མ་ཕྱིར་སྤྲོད་ཅིག་གུ
༢༠༡༤།༡༢།༢༣ཉིན་སྟོད་རྒྱུད་གྲྭ་ཚང་དུ།