གཞུང་པ་ཚེ་དབང་བསོད་ནམས་།
ཀ་ཁ་ཕ་མེས་སྐད་ཡིག་བོད་མིའི་སྣང་ཆུང་མ་གནང་དང་།།
ཁ་སྐད་བོད་སྐད་གཙང་མ་བོད་མིའི་བེད་སྤྱོད་གནང་དང་།།
ག་པར་བསྡད་ཀྱང་རང་གིས་སྐད་ཡིག་མ་བརྗེད་གནང་དང་།།
ང་ཚོ་བོད་པ་ཡིན་པའི་ངོ་སྤྲོད་སྐད་ཡིག་རིག་གཞུང་ཙམ།།
ཅ་ཅོ་མ་མང་ཕ་མེས་སྐད་ཡིག་རིག་གཞུང་ཤེས་པ་བགྱིས།།
ཆ་ལག་ཚང་བའི་སྐད་ཡིག་འཛམ་གླིང་འདི་རུ་བོད་ཡིག་ཙམ།།
ཇ་ལན་ཆུ་འཇལ་མ་བྱེད་ཕ་མེས་སྐད་ཡིག་སྲུང་དང་།།
ཉ་རྒྱས་ཟླ་བ་བཞིན་དུ་རང་གིས་སྐད་ཡིག་སྦྱོངས་དང་།།
ཏ་ལའི་བླ་མས་ལམ་སྟོན་བོད་ཀྱི་སྐད་ཡིག་རིག་གཞུང་།།
ཐ་ན་མི་ཡུལ་རྒྱར་ཡང་བོད་མིའི་སྒྲིག་འཛུགས་བཙུགས་ཡོད།།
ད་ནས་ང་ཚོ་ཚང་མས་རང་དོན་རང་གཅེས་བྱས་ནས།།
ན་རོ་འགྲེང་བུ་ཞབས་ཀྱུ་གི་གུ་དབྱངས་བཞི་སྲུང་དང་།།
པ་ཕ་ཨ་མས་ཕྲུ་གུར་བོད་སྐད་གཙང་མ་གསུང་རོགས།།
ཕ་ཡུལ་ཤོར་ཀྱང་རང་གིས་ཕ་སྐད་མ་བརྗེད་གནང་དང་།།
བུ་ཕྲུག་བློ་གསར་ན་གཞོན་ཡབ་མེས་སྐད་ཡིག་མ་བརྗེད།།
མི་མང་རྒྱལ་ཞེན་ཅན་ཚོ་སོ་སོའི་སྐད་ཡིག་སྲུང་དང་།།
ཙ་སྟེང་ཟིལ་པ་ཙམ་ཡང་སྐད་གཉིས་མ་འདྲེས་གནང་དང་།།
ཚ་ཁའི་ཁྱི་རོ་ཡིན་ཡང་མཐའ་མ་ཚ་ལ་འགྱུར་འགྲོ།།
ཛ་དྲག་ཇི་ཙམ་ཆེ་ཡང་ཕ་མེས་སྐད་ཡིག་མ་བརྗེད།།
ཝ་ལེར་གསོན་དང་དུས་རབས་ཉེར་གཅིག་བོད་ཕྲུག་ཚོ།།
ཞང་ཞུང་དམར་ཡིག་ལ་སོགས་ཀ་ཁའི་ཨ་ཞང་ངོ་དྲུང་།
ཟ་སྐད་ཐུང་སྐད་མིན་པ་ཆོས་སྐད་ཀ་མད་སུམ་ཅུའི་འགན་།
འར་འུར་འོག་ཏུ་ཨིན་སྐད་རྒྱ་སྐད་ལྟོ་གོས་ཚོལ་བའི་ཐབས་།
ཡ་རབས་བཟང་སྤྱོད་བོད་མིའི་སྲོལ་རྒྱུན་དོར་མི་ཉན་།
རང་ཁ་གསོ་བའི་ཨིན་སྐད་ཆག་ཀྱོག་བོདཀྱི་སྐད་ཡིག་ཉམས།།
ལ་ལུང་ས་མཐའ་སླེབས་ཀྱང་ཕ་མེས་སྐད་ཡིག་སྲུང་དང་།།
ཤ་ཚ་ཡོད་ན་ཕ་མེས་སྐད་ཡིག་རིག་གཞུང་སྲུང་རོགས།།
ས་ཕྱོགས་འདི་རུ་བོད་ཀྱི་སྐད་ཡིག་སྐུ་ཚེ་བརྟན་པ་ཤོག།
ཧ་ཅང་ཛ་དྲག་ཆེ་བའི་བོད་ཀྱི་སྐད་ཡིག་རིག་གཞུང་།།
ཨོ་ཙམ་མིན་འགྲོ་བསམ་ནས་ནམ་ཡང་སྣང་མེད་མ་གཏོང་།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༣ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།