རླངས་ཚང་བུ། མདོ་སྨད།
འབྲི་དྲུག་ནས་ཀྱི་སྙེ་མ་ཁྱིམ་ལ་བསྡུས།།
དཀར་གཙང་ཤིང་གི་མེ་ལྕེ་དགུང་ལ་མཆེད།།
སྔོན་མོ་ནས་འབྲུ་ཁྲ་ཆུང་ཡོས་ལ་བསྒྱུར།།
རྫ་ཆུ་ཡུར་ལ་དྲངས་ནས་རྩམ་པ་འཐག།
དྲི་བྲལ་ཅ་ནེ་འབྲུ་མོའི་འོ་མས་བསྟམས།།
ཇ་ཁར་འབྲི་མར་སེར་བོས་རྒྱན་ཞིག་བཏང་།།
སྦྲང་དཀར་རྩམ་པས་དཀར་ཁ་བཀང་བར་བྱས།།
མཛུབ་རྩེའི་ལྡེམ་མྱུར་བར་ནས་དྲི་གསུང་མཆེད།།
རྩམ་པས་ལུས་སྟོབས་ཉམས་པ་གསོ་བར་བྱེད།།
རྩམ་པས་སྣ་ཚོགས་ནད་བརྒྱའི་སྔོན་འགོག་བྱེད།།
རྩམ་པས་ལྷ་ཡི་ཐུགས་དམ་དབྱིངས་ནས་སྐོང་།།
རྩམ་པ་ལྷ་མི་ཀུན་གྱི་ཟས་མཆོག་ཅིག།
རྩམ་དྲིས་དབུགས་ཀྱི་རྒྱུ་བ་སྙོམས་པར་བྱེད།
རྩམ་པས་གསོས་པའི་མཁས་ཆེན་གྲངས་མེད་ཡོད།།
རྩམ་པས་གསོས་པའི་བུ་ལོར་བོད་གཤིས་ཡོད།།
རྩམ་པས་གཉོར་བའི་བུ་མོར་སྒེག་ཉམས་ལྡན།།
རྩམ་པ་ལན་གཅིག་ཟས་ཚེ་བརྗེད་མི་ཐུབ།།
རྩམ་དྲི་སྣ་ལ་སོན་ཚེ་དུག་ཀུན་སེལ།།
རྩམ་གཟན་བོད་པ་ཡམས་ཀྱིས་འཆི་མྱོང་མེད།།
རྩམ་པ་རང་བྱུང་ཁམས་ཀྱི་སྨན་མཆོག་ཅིག།
རྩམ་པ་གནའ་ནས་དར་བའི་བོད་ཟས་ཡིན།།
རྩམ་པ་སུ་ཡིས་ཟས་ཚེ་མངར་ཞིག་དགོས།།
རྩམ་པ་བཟའ་འདོད་བུ་ལོར་དོན་ཞིག་དགོས།།
རྩམ་པའི་རླུང་རྟ་ཡར་ནས་ཡར་དར་ཤོག།
༢༠༠༧ལོའི་ཟླ་༧ཚེས་༡༣ཉིན་མགོ་ལོག་གཡང་འབྲུ་མོའི་སྤྲི་ཆུར་བཟོ་གྲྭ་ནས།
ཨེ་མ་ཧོཿ
སྣང་སྟོང་ཟུང་འཇུག་ཆོས་དབྱིངས་ནམ་མཁའ་ནས། །
བདེ་སྟོང་ཟུང་འཇུག་མཁྱེན་རབ་ཉི་མ་གསལ། །
རིག་སྟོང་ཟུང་འཇུག་གསུང་རབ་ཟླ་བ་ཚེས། །
ཆོས་སྲིད་ཟུང་འཇུག་དགའ་རབ་སྐར་ཚོགས་བཞད། །
དགའ་བདེ་ཟུང་འཇུག་གཞིས་བྱེས་བོད་རིགས་ཀུན། །
ཀུན་འདུས་སྨོན་ལམ་ཟབ་རྒྱས་བཏབ་པ་ཀུན། །
ཀུན་བཟང་རྟེན་འབྲེལ་ཟབ་མོས་བདེན་མཐུ་ཀུན། །
ཀུན་མཁྱེན་རྒྱལ་བ་དགྱེས་པའི་དཔལ་དུ་གྱུར། །
མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དཔལ་དམ་པ། །
རྒྱལ་བསྟན་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
སྤྱན་རས་གཟིགས་དངོས་བསྟན་འཛིན་རྒྱ་མཚོ་མཆོག །
བཞེད་དོན་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །
ཅེས་༧ མགོན་པོ་གང་གི་འཁྲུངས་སྐར་དུ་དཔལ་དགྱེས་པ་རྡོ་རྗེས་སྨོན་པའོ། །
ལྷག་ཀོག་གིས་བརྩམས། །
སེམས་ལྗོངས་དཀྲིགས་པའི་མགུར།
ཕྱི་མིག་ལང་ལིང་གི་དྲན་ཤིང་བསྐྱུར་ནས།།
སྐྲ་དཀར་ཚོམ་བུ་ཞིག་ཐོད་ལ་བཟུང་སྟེ།།
ང་ཡི་ཨ་མ་ཁྱོད་ཕེབས་པའི་ཉིན་མོར།།
ཕ་ཁྱིམ་གྲུ་གཞི་འདི་སྐྱོ་བས་ཁེངས་ཡོད།།
རྒྱུས་མེད་རྒྱལ་ཁམས་ཀུན་ཞབས་ཀྱིས་བཅགས་ཏེ།།
སྐད་སྙན་ལྷང་ལྷང་གིས་ཕ་ཡུལ་འབོད་དུས།།
བུ་ངའི་སྨྲ་སྒོ་འདི་སྐྱོ་བས་འདར་ཡང༌།།
ཨ་ལེན་དྲོན་མོ་ཞིག་སྟེར་ཁ་དཀའ་གི།
ནང་གི་དུངས་པ་འདི་སྐྱོགས་ལ་བཅུས་ནས།།
ཕུ་ནུ་མིང་སྲིང་ཚོས་ཁྱོད་ལ་བསྐུར་ན།།
བྱམས་པའི་མིག་ཟུང་ལ་མཆི་མ་འཁོར་ནས།།
ཕྱག་གི་ཕྲེང་བ་ལ་བཏང་ལྷོད་ཤོར་ངེས།།
སང་ལོ་ཕྱི་ལོ་ཡི་འཕྲིན་པར་བསྒུགས་ནས།།
ཨམ་འབྱོག་ལེབ་མོ་འདི་ཉལ་རྒྱུ་མ་བྱུང༌།།
རེ་བའི་ཉི་ཟེར་ལ་སེམས་གཏམ་བཀལ་ཏེ།།
ཉིན་མཚན་དུས་དྲུག་ལ་ཨམ་ཚུགས་བསྡམས་ཡོད།།
ལྷ་ལྡན་ཇོ་བོ་ཡི་གསེར་ཞལ་མདུན་དུ།།
ལུས་པོ་པུས་བཙུགས་ཀྱི་འདུག་སྟངས་བྱས་ཏེ།།
ངག་སྒོ་འདར་འདར་གྱི་གསོལ་འདེབས་ཀློང་ནས།།
སྐུ་ཚེ་བསྐལ་བརྒྱར་གྱི་སྨོན་ལམ་བཏབ་ཡོད།།
ཚེ་རབས་ལས་འཕྲོ་འདིར་སྙིང་རྗེ་མེད་པས།།
ང་ཡི་ཨ་མ་ལ་ཐུག་ཐབས་དཀའ་གི།
དྲན་གདུང་ཤུགས་དྲག་གིས་ཡར་ཡར་དེད་ནས།།
རི་གསུམ་རྩེ་མོ་ནས་ཐེངས་འགར་ངུས་ཡ།།
བརྩེ་བའི་མ་ལོ་ཁྱོད་མིག་གིས་མཐོང་ཞིང༌།།
སྙན་མོའི་ལེགས་བཤད་དེ་རྣ་བས་ཐོས་ན།།
བུ་ངའི་ཚེ་སྲོག་གི་འགྱུ་བ་ཕྲ་མོ།།
གཞི་མེད་ནམ་མཁའ་རུ་བཏང་ཡང་ཆོག་གོ།།
སྐྱོ་བ་དང་བཅས་བྲིས་པ་འོ།།