ལྷ་རྩེའི་ཁུ་བྱུག
དོ་ནུབ་བྱང་རླུང་འུར་ཞིང་། སྤྲིན་རུབ་པ་ལ་བལྟས་ན་ཆར་པ་འབབ་བཟོ་འདུག སྤྱིལ་པོའི་ནང་དུ་གུས་པས་ཐར་མདོ་ཀློག་གིན་འོ་ཇ་འཐུང་བ་ཡིན། ནམ་རྒྱུན་ཐར་མདོ་ལག་བྲིས་མ་འདི་མཐོང་ཐེངས་རེར་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་རློན་པ་ཞིག་གིས་ལུས་སེམས་མང་པོ་བརླན་མྱོང་ལ། དེ་དང་ལྷན་དུ་ང་རང་གི་ཕ་འདས་པོའི་ཞལ་རས་དང་། གུས་པ་ཆུང་དུས་ཀྱི་འཚོ་བ་རྣམས་རས་ཡོལ་ངོས་སུ་གློག་བརྙན་བཞིན་ཤར་ཡོང་བ་འདུག
ང་རང་ལོ་ཆུང་དུས་དགོང་མོ་ཞིག་ཏུ་ཕ་དྲིན་ཆེན་གྱིས་ཐར་མདོ་བྲིས་རྙིང་པོད་ཅིག་ཁུར་ནས་ཁྱིམ་ལ་བསླེབས་སོང་། ཁོང་འཛུམ་པའི་མདངས་བཅས་ཐར་མདོ་པོད་འདི་དེ་སྔོན་ང་ཚོའི་ཉེ་འབྲེལ་བཟང་ས་ཞིག་ལ་ཡོད། ཨེ་ཁུག་མང་དུ་བསམ་ཡང་ཁྱིམ་ཚང་དབུལ་པོ་དབུལ་ནག་ཡིན་དུས་མ་ཁུག་ལ། ཁུག་ཀྱང་ཁོས་བཙོང་ལ་ཕངས་མོད། དེ་རིང་ཐར་མདོ་འདི་ཐར་མདོ་རྡོ་བརྐོའི་ཡོན་དུ་བླངས་པ་ཡིན་ཟེར། ངོ་མ་ཡིན་ན་འདིའི་ཚབ་ཏུ་དངུལ་བླངས་ན་བཟའ་ཉོབ་ལ་དགའ་མོད། ཁྱོད་ཀྱིས་ཡི་གེ་ཞིག་ཨེ་ཤེས་ལ་རེ་བ་དང་། ཕྱག་འཚལ་སའི་དད་རྟེན་འདི་ཟོངས་ལ་བླངས་པ་ཡིན་ཟེར་བ་དྲན། དེ་དུས་ལྡེབ་ཁ་ཤས་ཚང་མི་འདུག་འོས་སྡེ་བན་རྒན་གྱིས་ཁ་སབ་བྱས་པ་རེད།
སྤྱིར་ཐར་མདོ་འདི་པོད་སྣ་རིང་ཐུང་རན་ཞིང་། ཡིག་གཟུགས་བྲིས་མ་ཚུགས་ཆེན་ཞིག་ཡོད་ལ་འབྲུ་མགོ་ལ་ལ་མཚལ་བྲིས་བྱས་པའི་གནའ་མིའི་ལག་བྲིས་དཔེ་མེད་ཅིག་འདུག རིག་གསར་སྐབས་ཕྱིང་པས་གཡོགས་ཡོད་འདུག་ཀྱང་ཤོག་སྣེ་འབུ་ཡིས་ཅུང་ཟོས་པ་ཞིག་རེད།
ང་དེ་དུས་ལོ་ཆུང་བས་ཡི་གེ་འབྲུ་དེད་ཐར་ཐོར་ལས་མི་ཤེས། ཕ་དྲིན་ཆེན་གྱིས་བཤད་ན་ཁྱོད་ཀྱི་ཡི་གེ་བྱང་ས་ཡིན་ལ། ཁྱིམ་འདིའི་རྟེན་བསྐལ་ཡང་ཡིན་ཟེར། ད་ལྟའི་དུས་དང་ཁྱོན་ནས་མི་མཚུངས་པས་ང་ཚོའི་འབྲོག་པ་གོག་པོ་དག་ཏུ་ཡི་གེ་ཧ་ཅང་གི་དཀོན་པོ་ཡོད།
དེ་ནས་བཟུང་ཐར་མདོ་བྲིས་མ་འདི་ངས་འབྲི་འདེད་ནས་ཚེག་འདེད་བརྒྱུད་དེ་བཏོན་པ་ཡིན། དུས་རྒྱུན་ཁ་ལག་ཆུ་ལ་བཀྲུ་བའི་ལུགས་སྲོལ་དང་ཆ་རྐྱེན་གང་ཡང་མེད་མོད། ཐར་མདོ་འདི་ནམ་བཏོན་ལ་གཙང་སྦྲ་མེད་ན་འདོན་མི་རུང་བས་ཁ་ལག་ཆུ་ལ་ཁྲུས་ཞེས་ཕ་དམ་པས་གདམས་ཡོང་བས་རྗེས་སུ་རང་འགུལ་གྱིས་ཁ་ལག་ཆུ་ལ་བཀྲུས་ཏེ་ད་གཟོད་འདོན་པ་ཡིན། ང་རང་བྱིས་པ་ཡིན་དུས་ཡི་གེ་ངོས་སུ་རྟོག་བཟོ་མང་དུ་བྱེད་ཐབས་ཤིག་ཡོད། དེས་ཡི་གེ་འདོན་ཚེ་མི་སུན་པ་ལ་ཅུང་ཕན། རྗེས་མར་ཐར་མདོ་བཀླགས་ཚེ་བྱིས་དུས་ཀྱི་རྟོག་འཆར་དག་གསལ་སླང་ངེར་དྲན་ཡོང་བས། སྐབས་དེའི་རྣམ་པ་ཤར་ཡོང་གི་འདུག རྗེས་སུ་ཕ་འདས་པོས་བཤད་ན་ངས་འབྲི་ཚེག་བྱས་ཏེ་བཏོན་པ་ཐར་མདོ་ཚར་བརྒྱ་ལས་བརྒལ་ཡོད་འདུག
གཞན་ཡིན་ན་དེ་ཙམ་འདོན་མི་དགོས་མོད། ང་ནི་བྱིས་པ་ཆེས་རིག་རྟུལ་ཞིག་ཡིན། ད་ལྟ་ཡི་གེ་ལ་ཅུང་བྱང་པོ་བྱུང་བ་ཡང་ཕ་དྲིན་ཆེན་ཁོང་དང་། ཐར་མདོ་བྱིན་ཆེན་འདིའི་བཀའ་དྲིན་ཡིན། ཕ་འདས་པོས་ནམ་ཁོམ་ལ་མཆོད་མེ་སྒྲོན་ནས་གཙང་སྦྲ་དང་དད་གུས་ཆེན་པོས་ཐར་མདོ་འདི་ཀློག་པར་བྱེད། དེ་དུས་མགྲོན་པོ་སུ་བསླེབས་ན་ཐར་མདོའི་ཚིག་མཚམས་གང་ཁེལ་ལ་བརྟགས་པ་བྱེད་ཅིང་སངས་རྒྱས་དང་བྱང་སེམས་ཕྱག་འཚལ་དང་། སྐྱབས་གསུམ། སྟོང་ཉིད། སངས་རྒྱས་ཀྱི་མཚན་བཟང་། སྡིག་བཤགས། རྨི་ལམ་བརྟགས་པ། དམྱལ་བའི་ལས་དང་འབྲས་བུ། ཏིང་འཛིན་འཇུག་ལྡང་། སོགས་ལ་རྟེན་འབྲེལ་བརྟགས་པ་བྱེད་ཀྱི་ཡོད། ད་བསམ་ན་ཕ་འདས་པོ་ཁོང་ལ་ཆོས་ཀྱི་གོ་བ་ཡང་ཅུང་ཡག་པའི་ཚོར་སྣང་བྱུང་།
དེ་ནས་ཁོ་བོ་སྐྱོ་བྲག་དགོན་དུ་འཚོགས་ལ་ཞུགས་དུས་ཐར་མདོ་འདི་ཐར་ཆོག་སོགས་ལ་མང་དུ་བཏོན་མྱོང་། བན་དེ་བགྲེས་པ་དག་གིས་ངའི་ཐར་མདོ་འདི་ཐར་ཆོག་བཞག་སར་མང་པོ་གཡར་འགྲོ། ཤོག་གུ་སེར་ལ་སྨུག་ཅིང་ཡིག་འབྲུ་རྩིང་བ་བཅས་ཀྱིས་སྤྱན་ལ་མི་གནོད་པས་ཁོང་རྣམ་པ་ལ་དགོས་གསུངས་ཏེ་ཕ་འདས་པོའི་ལག་ནས་ཨེ་ལོན་མང་དུ་གཟིགས་ཀྱང་ངའི་ཁྱིམ་ཚང་གི་ཕྱི་རྒྱུ་ནང་ཟོག་རེད་ཅེས་སུ་ལའང་མ་ཕུལ་ཉར་བ་རེད། བར་ཞིག་ནས་ཁོ་བོ་སློབ་གཉེར་ཆེད་ས་མཐའ་བསྐོར་དུས་ཐར་མདོ་འདི་ཕ་དྲིན་ཆེན་གྱིས་ཕྱག་འཚལ་བའི་རྟེན་ལ་ཉར་ཞིང་བཏོན་པ་རེད། སྐྱེ་འགྲོ་ཀུན་ལ་མི་རྟག་པ་སླེབ་ཀྱིན་ཡོད་གཤིས་ང་དང་ཐར་མདོ་ལག་བྲིས་མ་གཉིས་མི་ཡུལ་དུ་ལུས་ཤིང་། 2009 ལོའི་དགུན་ཀ་ཕ་དྲིན་ཆེན་ལྔ་ལམ་དུ་བུད་སོང་།
དེ་དུས་ཐར་མདོ་འདི་དགོང་ཞག་ལ་མ་ཆད་པར་བཏོན་ཞིང་། མདོར་ན་ཕ་མ་འདས་པོའི་དགེ་རྩ་རུ་ཐར་མདོ་འདི་བཏོན་ཞིང་། དྲིན་ཆེན་ཡབ་ཡུམ་ཟུང་གི་རྣམ་ཤེས་བཅོལ་ས་ཡང་ཐར་མདོ་འདི་རང་ཡིན། དེ་ནས་བཟུང་སྔོན་མ་ལས་བརྩིས་འགང་ཆེ་བའི་ཐར་མདོ་འདི་གློ་ལ་ཡོད་ན་སེམས་བདེ་ཞིང་། གཞན་ལ་ལུས་ན་སེམས་པ་སྟོང་བའི་ཚད་ལ་ཐོན་ཡོད། འདི་ནི་རང་གའི་ཐར་མདོ་ཞིག་ག་ན་ཡིན་ཏེ། ཕ་དྲིན་ཆེན་གྱི་འདི་ཕྱི་གཏན་གྱི་རྣམ་ཤེས་རེ་ལྟོས་བཅོལ་སའི་མཆོག་གསུམ་ངོ་བོ་གཅིག་འདུས་ཀྱི་ཐར་པ་རིན་པོ་ཆེའི་མདོ་འདི་ཡིན་ལ། ང་རང་ཆུང་ནས་ད་བར་འདྲིས་ཤིང་འགྲོགས་པའི་སེམས་ཀྱི་ནོར་བུ་འགང་ཆེན་ཞིག་སྟེ། འདི་ནི་སློབ་དཔོན་ཞིག་གི་ཚབ་དང་། ཕ་དྲིན་པོ་ཆེའི་ཁ་མའང་ཡིན། ངས་ཕྱི་དྲན་འདི་འབྲི་དུས་མིག་ཆུ་དབང་མེད་དུ་འབྲུལ་ཞིང་། སྐྱོ་བའི་རླབས་འཕྲེང་དབྱིངས་སུ་འཕྱོ་སོང་།
གཅིག་བྱས་ན་ང་གླེན་པ་རེད། ངོ་མ་གླེན་པ་རེད། ཡིན་ནའང་ང་ཁོམ་དུས་ཐར་མདོ་ཁོང་བཀླགས་ཀྱི་ཡོད། ད་དུང་མ་འཆི་བར་དུ་བཀླགས་ཤིང་། དད་པའི་རྟེན་དུ་ཉར་དགོས། ཕ་འདས་པོའི་དཀའ་ལས་སྟོང་གིས་བསྐྲུན་པའི་ཕ་རྒྱུ་མ་ཟོག་འདི་ལས་ང་ལ་གཞན་ཅང་མེད། ཅང་མི་དགོས། ངའི་ཐར་མདོ་ལག་བྲིས་མ།
དོ་དགོང་སྟོན་ཟླ་འབྲིང་པོའི་གནམ་ངོ་ལས་ཆར་པ་མང་དུ་བབས་ཤིང་། ལྗོན་པ་ཆར་རླུང་གིས་གཡུག་པའི་སྒྲ་སྒེའུ་ཁུང་ལས་ཐོས་ཚེ་གཞི་ནས་འདས་དོན་ལས་ལངས་སྐབས་རང་ཉིད་བྱིས་དུས་ཀྱི་རྣམ་པ་འདུས་བྱས་ཀྱིས་བསྒྱུར་ཏེ་ན་ཚོད་ཡོལ་བའི་བན་དེ་ཁེར་འདུག་ཅིག་ཡིན་པ་ཤེས་སོང་།
སླར་ཡང་ཐར་མདོ་འཕྲོ་མཐུད་དེ་ཡོངས་སུ་བཀླགས་ཏེ་དགེ་བསྔོ་གང་ཤེས་གྲུབ་དུས་ནམ་གུང་དུས་ཚོད་བཅུ་གཉིས་ཏག་ཏག་རེད།
2014 10 11 འཕྲལ་དུ་ལྷ་རྩེའི་ཁུ་བྱུག་གིས།
ཕ་ཤུལ་བུ་འཛིན་མི་ཚེ་དོན་དང་ལྡན།།
ཕ་ཡི་ནོར་སྐལ་བུ་ཡིས་ལེན་པ་བཟང་།།
ཕ་མ་བཟང་པོའི་བུ་ལ་ལྷག་བསམ་ཡོད།།
ཕ་མེས་གཅེས་ནོར་དད་པ་རྩེ་གཅིག་ཡིན།།