ཀླུ་སྨྱོན།
ཕ་ཡུལ་ནི་ཉལ་སར་ལྷུང་བའི་ནད་པ་འཆི་མེད་ཅིག
ཕ་ཡུལ་ནི་ཚོས་གཞི་མི་གསལ་བའི་དར་ལྕོག་རྙིང་ཟད་ཅིག
ཕ་ཡུལ་ནི་ཞིག་རལ་དུ་གྱུར་པའི་བླ་མཁར་སྨུག་པོ་ཞིག
ཕ་ཡུལ་ནི་ཐལ་རྡུལ་བབས་པའི་ལྡེབས་རིས་ཆེན་པོ་ཞིག
ཕ་ཡུལ་ནི་ས་ལ་འགྱེལ་བའི་འབྲོང་རྒོད་རྨས་མ་ཞིག
ཕ་ཡུལ་ནི་ཡིག་དྲུག་བརྐོས་པའི་འབྲོང་མགོ་སྐམ་པོ་ཞིག
ཕ་ཡུལ་ནི་བཙན་གྱིས་བསྐྱིལ་བའི་གཙང་པོའི་བཞུར་རྒྱུན་ཞིག
ཕ་ཡུལ་ནི་ལོ་ཟླས་བརྐོས་པའི་རྒས་གཉེར་བརྩེགས་མ་ཞིག
ཕ་ཡུལ་ནི་བསླེབས་རྒྱུ་མེད་པའི་སྨིག་རྒྱུའི་གྲོང་ཁྱེར་ཞིག
ཕ་ཡུལ་ནི་སད་རྒྱུ་མེད་པའི་རྨི་ལམ་རིང་མོ་ཞིག
ཕ་ཡུལ་ནི་རྫོགས་རྒྱུ་མེད་པའི་ལོ་རྒྱུས་དེབ་རྒན་ཞིག
ཕ་ཡུལ་ནི་ཆད་པ་མེད་པའི་མིག་ཆུའི་ཕྲེང་ཐག་ཅིག
ཕ་ཡུལ་ནི་གཟི་བྱིན་འབར་བའི་མུ་ཏིག་དཀར་པོ་ཞིག
ཕ་ཡུལ་ནི་ཁ་ཐག་རིང་བའི་སྐར་མ་འོད་ཆེན་ཞིག
ཕ་ཡུལ་ནི་རྒྱུད་སྐུད་ཆད་པའི་པི་ཝང་རྙིང་གོག་ཅིག
ཕ་ཡུལ་ནི་བདག་པོས་བོར་བའི་ཁྱི་རྒན་ལྡོམ་པོ་ཞིག
ཕ་ཡུལ་ནི་གངས་ཐང་ཉུལ་བའི་རི་སྤྱང་འཁྱམ་པོ་ཞིགSee
ཕ་ཡུལ་ནི་ཁྲག་རྒྱུད་འཆད་པ་མེད་པའི་འཐབ་འཛིང་རྒོད་པོ་ཞིག།
ཕ་ཡུལ་ནི་ཡོད་ཚད་ལུས་གཏོང་ཐུབ་པའི་ཆོད་སེམས་བརྟན་པོ་ཤིག།
ཕ་ཡུལ་ནི་བདག་འཛིན་རྒྱ་ལ་ཐེབས་པའི་བརྩེ་བ་གསོན་པོ་ཞིག།
ཕ་ཡུལ་ནི་དགྲ་དཔུང་རུས་བ་གཅོག་པའི་ཐབས་ཇུས་ཕར་རྒོལ་ཞིག།