རེབ་ཐོག་མདའ།
ཞིང་པས་ཞིང་ས་སྒོར་ལ་བརྗེས་ནས་རླངས་འཁོར་གོང་ཆེན་སྒོ་ན་བཤམས།།
འབྲོག་པས་ཕྱུགས་ཟོག་རྒྱ་ལ་བཙོང་ནས་སྦྲ་ནག་སྨུག་པོའི་གཏམ་རྒྱུད་བོར།།
ཞིང་འབྲོག་གཉིས་ཀ་དུས་རབས་ཉི་ཤུའི་གྲོང་ཁྱེར་ཆེན་པོའི་ལྟོ་བ་ན།།
ཡབ་མེས་ཤིག་གིས་འུ་ཚོར་སྤྲད་པའི་གཤིས་ཀ་དེ་ཡང་བོར་བཞིན་འདུག།
འདུ་ཁང་ལྷ་ཁང་སྦུག་ན་ཚོགས་པའི་གྲྭ་པའི་གྲངས་ཀ་ཇེ་ཉུང་རེད།།
སློབ་ཆེན་མིང་གི་ཆོ་ལོ་ཐོབ་ཀྱང་དོན་གྱི་ཤེས་ལྡན་དཀོན་པོ་རེད།།
དུས་རབས་གཅིག་གི་གྲུ་ན་ལྷག་པའི་ཁ་བ་བོད་པའི་མྱི་ཡི་ཚོགས།།
ད་དུང་རྐང་ལམ་དོག་མོའི་གཞུང་ན་རྙིང་ཞེན་ཞྭ་མོ་ཕུད་མི་འདུག།
ཨ་ཕའི་སེམས་ཀྱི་རེ་བ་གསོན་པོ་བུ་ཆུང་ལག་ནས་མ་འགྲུབ་ཐལ།།
ཨ་མའི་སྙིང་གི་སྨོན་ལམ་ཟབ་མོ་བུ་མོའི་གཤིས་སུ་མ་འབྱར་ཐལ།།
ཚ་བོ་ཚ་མོའི་བསམ་བློའི་ནང་དུ་ལོ་རྒྱུས་རི་མོ་མ་བྲིས་པས།།
བོད་པ་ཚང་གི་མི་རབས་གསར་པའི་རང་ངོ་རང་གིས་མ་ཟིན་ཐལ།།
རྩམ་དྲི་བོར་བའི་ཚ་བོ་གཅིག་པོ་རྒྱ་ཁོག་ཞིག་ན་ལྡོམ་ནས་འདུག།
བོད་སྐད་མི་འཁྱོངས་ནུ་བོའི་རྗེས་ན་མགོ་སེར་བུ་མོ་འཛུམ་བཞིན་འདུག།
བོད་ལ་མི་མཁོ་བོད་སྐད་མི་དག་ས་མཐའི་གྲུ་ཡི་སྡེ་འདི་ཡང་།།
ཨ་རིས་སྒོར་མོའི་ངོ་སོའི་ཆེད་དུ་སྐྱ་སེར་གཉིས་ཀ་སྨྱོས་ནས་འདུག།
སྒར་གྱི་ཨ་ཁུའི་སེམས་པའི་གཏིང་ན་རེ་སྒུག་དད་པ་སྣུམ་པོ་ཞིག།
གྲོང་གི་རྒད་པོའི་གདོང་པའི་དཀྱིལ་ན་ཨ་ཐང་ཆད་པའི་ངང་ཚུལ་ཞིག།
བོད་པ་ཚང་གི་གཞིས་ཀ་རེ་ན་མདུན་ལམ་སྟོང་བའི་སྔ་ལྟས་རེ།།
བོད་པ་ཚང་གི་ཚོགས་སྤྱི་རེ་ན་འགྲན་སེམས་རྒོད་པའི་འཚང་ཁ་རེད།།
སྒོར་མོ་ཡོད་ན་ཆེ་ཆུང་མི་བལྟ་ཀུན་གྱིས་མགོ་བོ་སྒུར་སྒུར་བྱེད།།
སྒོར་མོ་མེད་ན་དྲང་བདེན་བྱས་ཀྱང་དེ་ལ་ངོ་སོ་ཉིན་སྐར་ཚུལ།།
སྒོར་གྱིས་བསླུས་པའི་ང་ཚོའི་ཡུལ་དེར་ད་ལྟ་སྨག་རུམ་འཐིབ་འདུག་ཀྱང་།།
སྒོར་གྱིས་བྲིས་པའི་ཕུ་ནུའི་སེམས་པ་ད་དུང་མ་སད་གཉིད་དེ་ཡོད།།
སྒོར་གྱིས་ཉོས་པའི་ཕྱི་ནང་གཉིས་ཀ་དེང་རབས་ཁྲོམ་ན་རྗེས་ལུས་ཡིན།།
སྒོར་གྱིས་བྲིས་པའི་ཕ་ཡུལ་སྤང་ན་འཇག་མའི་ཤུགས་གླུ་གྱེར་བཞིན་ཡོད།།
སྒོར་གྱི་སེམས་པ་བཅོས་མ་ཞིག་གིས་ཕ་ཡུལ་ཕུ་ནུ་དཀྲུགས་བཞིན་འདུག།།
སྒོར་གྱི་སྣང་བ་མཐོན་པོའི་ཁྲོད་ན་བོད་པའི་གཤིས་ཀ་བརླག་བཞིག་འདུག།
ལོ་ངོ་བཅུ་ཡི་སྔ་རོལ་དེ་ལ་བདག་གི་ཕུ་ནུ་ཉམ་ཆུང་ཡིན།།
ལོ་ངོ་བཅུ་ཡི་ཡར་སྔོན་དེ་ལ་བདག་གི་ཕ་ཡུལ་ཞི་བདེ་ཡིན།།
ལོ་ངོ་བཅུ་ཡི་རྗེས་ཐོག་འདི་ནས་ཅི་ལྟར་བོར་བ་མི་ཤེས་ཀྱང་།།
བདག་གི་མཐོ་སྒང་ཕ་ཡུལ་གདོང་ན་སྒོར་གྱིས་བྲབ་པའི་རྨ་ཁ་ཞིག།
ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༢ ཉིན་ཕ་ཡུལ་གྱི་ཁ་ཡ་ན་ཟླ་འགའ་ཤས་ལ་ཁ་བརྡའི་རྗེས་ཀྱི་ཚོར་བ་ཚིག་ཏུ་བསྡེབས་པ་ཡིན།
ད་དུང་ཡིག་ནོར་ལ་ཅུང་ཙམ་གཟབ་དགོས་འདུག
སྙན་མོ་ཞེ་དྲག་འདུག་སྟེ་་་་་་་་ཞིང་བས་ཞིང་ས་སྒོར་ལ་བརྗེས་ཟེར་བ་འདིར་ལགས་སོ་ཟེར་མ་ཐུབ་ཐལ། རྒྱུན་མཚན་ཞིང་བ་ཚོར་ཞིང་ས་སྒོར་ལ་བརྗེ་རྒྱུའི་བདག་དབང་མེད་པ་མ་ཟེར་འབྲུ་རིགས་གང་འདོད་བཏབ་ཆོག་ནི་མ་རེད། ལོ་བཅུ་གྲངས་ཤིག་གི་ཡར་སྔོན་ནས་ཞིང་ས་ཕལ་ཆེར་བར་སྡོང་བོ་བཏབ་ནས་ཞིང་བ་ཚོར་འབྲུ་རིགས་གཏབ་སའི་ས་ཞིང་ཆུང་རེ་བཏང་ཚར་ཡོད་ནི་རེད་དོ།
བོད་ནང་གི
ཞིང་པས་ཞིང་ཚོང་འབྲུ་རིགས་ཆད་རྟགས་རེད། །
འབྲོག་པས་ཕྱུགས་ཚོང་ཕྱུགས་རིགས་ཆད་རྟགས་རེད། །
དགོན་པ་སྟོང་པ་གྲྭ་རྒྱུན་ཆད་རྟགས་རེད། །
སློབ་གྲྭ་ཕན་མེད་ཤེས་རིག་ཆད་རྟགས་རེད། །
བོད་མི་ཚོས།
ཞིང་པས་ཞིང་ས་མི་རབས་རྗེས་མར་སྤྲོད། །
འབྲོག་པས་ཕྱུགས་རིགས་སྔར་ལྷག་མང་དུ་སྤེལ། །
དགོན་པར་སྡོམ་གཙང་གྲྭ་རྒྱུན་ཉུང་ཡང་འགྲིགས། །
སློབ་གྲྭར་དགེ་རྒན་ཚད་ལྡན་འཚོ་སྐྱོང་གྱིས། །
ཡག་པོ་བྲིས་འདུག
དོན་གནད་ལ་ཁེལ་བ་ཞིག་བྲིས་གནང་འདུག ཚིག་སྦྱོར་གྱི་ཆ་ནས་ཞན་ཆ་ཅུང་འདུག དགོངས་དག་བསམ་ཚུལ་ཡིན།