གཡང་སྐྱབས་རྒྱལ་གྱིས།
ཉིན་ཁ་ཤས་གོང་གི་ཞོགས་ཀ་སྔ་མོ་ཞིག་ལ་ཕྲན་ལ་ཁ་པར་ཞིག་འབྱོར་ནས། རེབ་གོང་རོང་བོ་དགོན་གྱི་གྲྭ་འཇིགས་མེད་ཟླ་བ་འཛིན་བཟུང་བྱས་པ་རེད་ཟེར། ཁོང་དང་ལྷན་དུ་གྲྭ་བ་གཞན་འགའ་ཡང་འཇུས་པ་རེད་ཟེར། ད་ནངས་ཀྱང་ང་ལ་ཁ་པར་ཞིག་འབྱོར་ནས། ཁ་སང་དེ་རིང་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་སུམ་བཅུ་ཐམ་པ་གར་ཡོད་ཆ་མེད་(Missing)ཡིན་པ་དང་། གྲྭ་པ་གཅིག་དམར་གསོད་བཏང་བ་(Mudered)རེད་ཟེར།
འཛིན་བཟུང་དང་དམར་གསོད་ནི་ལོ་འདིའི་ཟླ་བ་གསུམ་པ་ཚུན་ནས་ང་ཚོ་བྱེས་སྡོད་བོད་མི་ཚོས་མཐོང་ཞིང་ཐོས་པའི་སྐད་ཆ་ཞིག་ཡིན་བརྟེན། ང་ལ་ཡང་བློ་འཚབ་འཕར་མ་ཞིག་མ་བྱུང་། འོན་ཀྱང་། ངས་ཁ་པར་ལ་ཉན་བཞིན་པའི་སྐབས་དེར་ངའི་སྙིང་རླུང་སྟོད་ལ་འཚངས་ཤིང་གཟུགས་པོར་འཚབ་ཤ་ལངས། དེ་ནི་ང་དང་ངའི་གྲོགས་པོ་ཁུ་བྱུག་༼མིང་ངོ་མ་མིན་༽གཉིས་ཀའི་ཕྱོགས་ནས་མི་གཞན་ཞིག་གིས་ཁ་པར་ལ་ཉན་བཞིན་ཡོད་པའི་བློ་དྭོགས་ཡོད་པའི་རྐྱེན་གྱིས་ཡིན། ང་ནི་ཨ་རི་ལ་སྡོད་མཁན་ཞིག་ཡིན་སྟབས་དམིགས་བསལ་གྱི་འཚབ་ཤ་ལངས་དགོས་དོན་ཞིག་གང་ན་ཡོད། ང་ཚོའི་ཁ་བརྡ་དེ་ཡང་རིམ་གྱིས་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུ་ཞིག་ལས་ཅི་ཡང་མ་ཡོང་།
དུས་རབས་ཉེར་གཅིག་པའི་ནང་གི་ང་ཚོའི་འབྲེལ་ལམ་ནི་ཁ་པར་དང་། མྱུར་འཕྲིན། གློག་འཕྲིན། དྲ་རྒྱ་སོགས་རྒྱ་ཆེ་བ་ཞིག་ཡོད། འོན་ཀྱང་དེ་ཚང་མ་ལ་ཡིད་ཆེས་ཐུབ་པ་གཅིག་ཀྱང་མེད། གྲྭ་པ་སུམ་བཅུ་གར་ཡོད་ཆ་མེད་ཡིན་པ་དེ་དུས་ཚོད་ནམ་ནས་རེད། གྲྭ་པ་ཚོ་ཐོག་མར་གང་ནས་བཟུང་། གྲྭ་པ་དེ་ཚོའི་མིང་དང་ལོ་རྒྱུས་གང་འདྲ་རེད། གྲྭ་པ་དེ་ཚོའི་འདྲ་པར་རེ་ཨེ་ཡོད། གྲྭ་པ་དེ་ཚོའི་ཕ་མ་སྤུན་མཆེད་ཚོས་ཅི་ཟེར། དགོན་པའི་ནང་གི་ཉིན་རེའི་འཚོ་བ་གང་འདྲ་ཡིན། འདི་འདྲའི་དྲི་བ་མང་པོ་ཞིག་ངས་རང་གི་མ་མགལ་ལ་སོས་མནན་ནས་ཁོག་ཏུ་འཇུག་དགོས་བྱུང་།
གྲོགས་པོ་ཚོ། གོང་གསལ་གྱི་སྐོར་ལ་གནས་ཚུལ་སོ་མ་རེ་ཐོས་ན། འདིར་གསུངས་རོགས་གནང་།
ད་སྨོན་ལམ་རྒྱབ་རྒྱུ་ལས་གཞན་ཅི། ང་ཚོ་ནང་ཁུལ་གྱི་བོད་པ་ལས་ཀ་ཞིག་ལས་དགོས་བསམ་ཀྱང་ལས་ཐུབ་ཀྱི་མིན་འདུག ཐ་ན་སྐད་ཆ་མི་འདྲ་ཚིག་གཅིག་གཉིས་བཤད་པ་ལ་ཡང་འཛིན་བཟུང་བྱེད་པ་དང་དེ་མིན་ལས་གནས་ནས་བུད་པ་སོགས་མང་པོ་བྱེད་ཀྱི་འདུག མི་སྒེར་ཞིག་གི་ངོས་ན་བཤད་ན་སྔོན་ལ་འཚོ་བ་བསྐྱལ་དགོས། གལ་ཏེ་ལས་ཀ་མི་འདྲ་རེ་གཉིས་བྱས་ན་འཚོ་བ་ཡང་བསྐྱལ་ཁག་པོ་རེད་འདུག་ལ་སློབ་ཕྲུག་ཡང་སློབ་གྲྭ་ནས་བུད་ངེས་རེད་འདུག དངོས་ནས་ཁག་པོ་འདུག དེར་བརྟེན་མི་མང་པོ་ཞིག་གིས་ཁ་རག་ལ་བསྡོད་པ་ལས་བྱ་སྤྱོད་གང་མང་སྤེལ་གྱི་མེད།
ཐ་ན་ཤེས་བྱ་ཡོན་ཏན་དང་ལྡན་པའི་མཁས་པ་དེ་ཚོས་ཀྱང་ཁ་རོག་ལ་བསྡད་ཀྱི་ཡོད། སྐབས་རེ་དངོས་ནས་ཁག་མིན་འདུག མི་སུ་ཡིན་ཡང་སྔོན་ལ་འཚོ་བ་བསྐྱོལ་དགོས། དེ་ནས་ལས་ཀ་གཞན་བྱེད། ཀྲུང་གོའི་ནང་ཡོད་པའི་ང་ཚོ་ཡང་དངོས་ནས་ཁག་པོ་ཞེ་དྲགས་འདུག །
རེད། མ་གཞི་ནས་དུས་སྐབས་འདི་ཁྱད་མཚར་ཞིག་ཏུ་འགྱུར་གྱིན་འདུག། དུས་ནི་མི་འགྱུར་མི་ནི་འགྱར་བ་ཡིན་ཟེར་བ་ཅི་མ་བདེན།
ངོ་མ་རེད། ཇི་སྐད་དུ་དུས་ནི་མི་འགྱུར་མི་ནི་འགྱུར་བ་རེད་ཟེར་བ་ཅི་མ་བདེན།