རེབ་ཐོག་མདའ།
རྒྱུས་མེད་མྱི་དག་འདུ་བའི་རང་ཡུལ་གྱི་གྲུ་ན།།
དམ་ཆོས་བདུད་རྩི་འབབ་པའི་རྟེན་འབྲེལ་ལ་གཞིགས་ན།།
ལས་འབྲས་མིག་ལྟར་སྲུང་བའི་ཆོས་ལྡན་གྱི་བོད་པ།།
བླ་མར་དད་འདུན་ཟབ་པའི་ངང་ཚུལ་ཞིག་མཆིས་ཀྱང་།།
གསེར་ཁྲི་མཐོན་པོར་བཞུགས་པའི་བླ་མ་ཡི་གསུང་ན།།
འདི་ཕྱིའི་ཚེ་ལ་ཕན་པའི་གདམས་ངག་ཅིག་མཆིས་ཀྱང་།།
སྡུག་གི་རྗེས་སུ་འདུར་བའི་འཁོར་འདུས་ཀྱི་མི་དག །
བྱིན་རླབས་ཁོ་ནས་ཚིམས་པའི་ངང་ཚུལ་འདི་སྐྱོ་བ།།
ལྷ་ཁང་གསེར་ཁང་བཞེངས་པའི་དགེ་བ་འདི་བསམ་ན།།
སངས་རྒྱས་བསྟན་པ་འཕེལ་བའི་རྟགས་མཚན་ཞིག་མཆིས་ཀྱང་།།
གླེགས་བམ་རྡུལ་གྱིས་མནན་པའི་ལས་དབང་ལ་གཞིགས་ན།།
ཁ་བ་བོད་པ་ད་དུང་རྨོངས་དད་ཀྱིས་བཟི་འདུག །
དབང་ལུང་མན་ངག་ཞུ་བའི་གྲངས་འབོར་ལ་བསམ་ན།།
དཔྱོད་ཤེས་མིག་ཟུང་དབེན་པའི་སྔ་ལྟས་ཤིག་མཆིས་ཀྱང་།།
ཕྱག་སྐོར་སྔགས་ཀྱི་གྲངས་ཁ་གཙོ་བཟུང་གི་གཤིས་འདིས།།
བཀའ་བསྟན་གཞུང་ལ་མཇལ་བའི་མིག་ཟུང་འདི་བོར་འདུག །
ཐལ་མོ་ཟུང་ཏུ་སྦྱར་བའི་ངང་ཚུལ་ལ་གཞིགས་ན།།
ཅི་གསུང་སྙིང་ལ་འཐུམ་པའི་ཉམས་སྣང་ཞིག་འདུག་མོད།།
ལུས་སེམས་གཞན་ལ་གཡེང་ནས་ཁ་བརྡ་རེ་གློད་པས།།
རང་ཅག་རྒན་རྒོན་ཚོ་ལ་དོགས་པ་རེ་སྐྱེས་སོང་།།
བློ་ཁ་ཆོས་ལ་ཕྱོགས་པའི་རྩམ་གཟན་གྱི་བོད་པ།།
ཆོས་དོན་ཉམས་ལེན་མེད་པ་དེང་དུས་ཀྱི་གཞོན་ནུ།།
རང་དོན་གཙོ་བོ་གཞན་དོན་ཕལ་བ་རུ་འཛིན་པས།།
དོན་གྱི་གནས་ལུགས་རྟོགས་པ་ག་ཚོད་ཅིག་ཡོད་ན།།
ནང་བསྟན་གཞུང་ལ་དད་པའི་སེམས་པ་རེ་མངའ་ན།།
རྒྱལ་བའི་བཀའ་བསྟན་འདུ་ཁང་དཔེ་སྒྲོམ་ནས་མ་འཇོག །
ས་དང་རྡུལ་གྱིས་ཟོས་པའི་གླེགས་བམ་དེའི་ངོས་ན།།
འཇིག་རྟེན་འདི་ཡི་བདེ་སྡུག་གནས་ལུགས་དག་འཆད་ཡོད།།
ནང་སེམས་རྒོད་ལ་ཤོར་བའི་འཁོར་བ་ཡི་གྲོང་ནས།།
དམ་པའི་གསུང་ལ་འཚང་བ་ཡག་ལྟོས་ཤིག་ཡིན་མོད།།
ཁ་དོན་གླུ་རུ་ལེན་པའི་དེང་རབས་ཀྱི་དུས་འདིར།།
ཆོས་ཀྱི་ཚོང་ལ་ཞུགས་པའི་སྐྱེ་བོ་དག་སྙིང་རྗེ།།
ཆོས་སྦྱིན་བླ་མས་གནང་བར་སྐལ་བ་འདི་བཟང་ཡང་།།
བྱིན་རླབས་སློབ་མར་ཐོབ་པའི་གདེང་ཚོད་ཅིག་མ་རྙེད།།
ནང་སེམས་གདོན་གྱིས་བསླུས་པའི་སྙིགས་དུས་ཀྱི་མི་རྣམས།།
དྲིན་ལྡན་བླ་མའི་གསུང་ལ་ལུས་སེམས་ཀུན་འཇུག་ཤོག །
༢༠༡༤ལོའི་ཟླ་༡༠ ཚེས་༡༡ ཉིན་རང་ཤག་ནས་བྲིས།
འདྲ་པོ་འདུག
ཞོགས་པར་ལངས་ཏེ་དམག་དུང་བུས་པ་ན།།
དུང་གི་དོང་ཁ་འཁོར་བ་འབུ་མ་ཎི།།
དམག་ཕོག་མེད་པར་དམག་མི་མི་འདུ་བའི།
གནས་ལུགས་ཕ་ལམ་བཏེགས་ནས་གཡུལ་ལ་ཆས།།
ཡིས་ཨར་ཡིས། གཅིག་་་་་་གཉིས་་་་་གཅིག